Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
ཇོ་བོ་རྣམ་གསུམ་ཇི་ལྟར་བཞེངས་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཇོ་བོ་རྣམ་གསུམ་ཇི་ལྟར་བཞེངས་ཚུལ།next

ཇོ་བོ་རྣམ་གསུམ་ཇི་ལྟར་བཞེངས་ཚུལ།

༄༅། ཇོ་བོ་བཞེངས་ཚུལ་ནི། སྔོན་ཐུབ་པའི་དབང་པོ་རྒྱལ་བྱེད་ཀྱི་ཚལ་ན་འཁོར་རྣམ་པ་བཞིས་བསྐོར་ཏེ་བཞུགས་པའི་དུས་སུ། འཕགས་པ་འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་ད་ལྟའི་དུས་སུ་འགྲོ་བ་སེམས་ཅན་རྣམས་ཞལ་ཡང་ཁྱེད་ལ་ལྟ། མཆོད་པ་ཡང་ཁྱོད་ལ་འབུལ། བསོད་ནམས་ཀྱང་དེ་ལ་བརྟེན་ནས་བསོག་པ་ལ། ཁྱེད་དགོངས་པ་མྱ་ངན་ལས་འདས་ནས་སེམས་ཅན་རྣམས་ཚོགས་བསགས་པའི་རྟེན་ཞིག་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་དང་བཅས་པའི་སྒོ་ནས་འོད་ཟེར་རྣམ་པ་བཞི་འཕྲོས་ཏེ། གཅིག་ལྷ་ཆེན་པོ་ཚངས་པ་ལ་ཕོག གཅིག་གཟའ་ཆེན་པོ་ཁྱབ་འཇུག་ལ། གཅིག་ལྷའི་དབང་པོ་བརྒྱ་བྱིན་ལ་ཕོག གཅིག་བཟོ་བོ་བཱི་ཤྭོ་ཀརྨ་ལ་ཕོག་པས། ཁོང་རྣམས་སྤོབས་པ་བསྐྱེད་དེ་ལྷ་ཆེན་པོ་ཚངས་པས་ཐལ་མོ་སྦྱར་ཏེ་གསོལ་བ། ཡོན་ཏན་མཐའ་ཡས་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་འཇིག་རྟེན་མགོན་པོ་ཐུབ་པ་ཡི། །རིན་ཆེན་ལྔ་ལས་གྲུབ་པའི་ཆོས་ཀྱི་སྐུ། །དགེ་ལེགས་ཕྱོགས་བཅུར་རྒྱས་ཕྱིར་བདག་གིས་བཞེངས། །ཞེས་དང་། ཁྱབ་འཇུག་གིས། རྣམ་དག་སྐུ་མངའ་རྐང་གཉིས་གཙོ་བོ་ཡི། །རིན་ཆེན་ལས་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ། །གངས་ཅན་མཆོད་ཡུལ་འདོད་དགུ་འབྱུང་བའི་གཏེར། །སེམས་ཅན་དབུལ་བ་སེལ་ཕྱིར་བདག་གིས་བཞེངས། །ཞེས་དང་། བརྒྱ་བྱིན་གྱིས། ཐུབ་པའི་དབང་པོ་ལྷ་དབང་ལྷ་ཡི་ལྷ། །གསེར་གྱི་ལྷུན་པོ་མཚན་དཔེའི་རྒྱན་གྱིས་སྤྲས། །རིན་ཆེན་ལྔ་ལས་གྲུབ་པའི་་སྤྲུལ་པའི་སྐུ། །འགྲོ་ཀུན་བསོད་ནམས་གསོག་ཕྱིར་བདག་གིས་བཞེངས། །ཞེས་དང་། བི་ཤྭ་ཀརྨས། ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་ཡིས། །མ་འོངས་སེམས་ཅན་བསོད་ནམས་བསགས་པའི་ཕྱིར། །རིན་ཆེན་ལྔ་ལས་གྲུབ་པའི་ངོ་མཚར་ཅན། །སྐུ་གསུམ་བཞེངས་པའི་ལྷ་བཟོ་བདག་གིས་བགྱིད། ཅེས་ཞུས་སོ།། དེ་ནས་ལྷ་ཆེན་པོ་ཚངས་པས། རིན་པོ་ཆེ་ཨིནྟྲ་ནི་ལའི་ཕུང་པོ་ཆེན་པོ་གཅིག གསེར་ཞུན་མའི་ཕུང་པོ་ཆེན་པོ་གཅིག ཆུ་ཤེལ་ཞུན་མའི་ཕུང་པོ་ཆེན་པོ་གཅིག་རྣམས་བཟོ་བོ་བཱི་ཤྭ་ཀརྨའི་མདུན་དུ་སྤུངས་སོ། །བི་ཤྭ་ཀརྨས་ཀྱང་རིན་པོ་ཆེ་རྣམས་བཞུ་བཏུལ་ལུགས་སུ་བླུགས་ཏེ། བཅོམ་ལྡན་འདས་ཀྱི་ཆོས་སྐུའི་རྟེན་དབྱིབས་མཆོད་རྟེན། ཆེ་ཆུང་ཚངས་པའི་འདོམས་གང་། ཁ་ཏོག་དུ་བ་ལྟ་བུ་ཡོད་པ་གཅིག་བཞེངས། དེ་ལ་རབ་གནས་སངས་རྒྱས་ཉིད་ཀྱིས་མཛད་དེ་བྱིན་གྱིས་བརླབས་ཤིང་མེ་ཏོག་འཐོར་བར་མཛད་དོ།། དེ་ནས་མཆོད་རྟེན་དེ་ལྷའི་ཡུལ་དུ་གདན་དྲངས་ཏེ་བཞུགས་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གདན་དྲངས་ཏེ་ས་ལ་མ་བབས་པར་བར་སྣང་གི་ནམ་མཁའ་ལ་བཞུགས་སོ།། དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་གྲགས་སོ།། ལྷའི་ཡུལ་ནས་བྱོན་པས་ལྷ་ལས་བབས་པའི་མཆོད་རྟེན་ཞེས་ཀྱང་བྱ་ལ། ཁ་ཏོག་དུ་བ་ལྟར་ཡོད་པས་དུ་བ་ལྟ་བུའི་མཆོད་རྟེན་ཞེས་ཀྱང་བྱའོ།། དེ་ནས་ཁྱབ་འཇུག་གིས་རིན་པོ་ཨིནྟྲ་ནི་ལ། མརྒད་ཞུན་མ། ཆུ་ཤེལ་ཞུན་མ་རྣམས་ཀྱི་ཕུང་པོ་རེ་རེ་བཟོ་བོའི་མདུན་དུ་སྤུངས་སོ།། དེར་བི་ཤྭ་ཀརྨས་རིན་པོ་ཆེ་དེ་རྣམས་བཞུ་བཏུལ་ལུགས་སུ་བླུགས་ནས་ལོངས་སྐུའི་རྟེན་གངས་ཅན་མཚོ་རྒྱལ་ཆུ་ཞེང་གབ་པ་དཔག་ཚད་བརྒྱད་ཅུ་ཡོད་པ། ཕྱག་གཉིས་མཉམ་བཞག་མཛད་པ། སྐུ་མདོག་མཐིང་ཀ་དབུའི་སྤྱི་གཙུག་ན་ཆུ་ཤེལ་བུམ་པ་ཙམ་ཡོད་པ་ཞིག་བཞེངས་སོ།། བཞུགས་གནས་ཕྱིའི་རྒྱ་མཚོ་ཆེན་པོར་བཞུགས་ཤིང་། ལྟེ་བ་མན་ཆད་ཆུ་ནང་དུ་ནུབ་སྟེ། མཚོ་ནང་གི་སེམས་ཅན་གྱི་དོན་མཛད། ལྟེ་བ་ཡན་ཆད་སྟེང་ན་ཡོད་དེ་སྐམ་ན་ཡོད་པའི་སེམས་ཅན་གྱི་དོན་མཛད། བྱ་རྣམས་དབུ་ཐོག་དང་དཔུང་ཁར་བསྡད། བྱ་ཐལ་བརྡལ་བས་སྐུ་མདོག་མཐིང་ཀར་ཡོད་ཀྱང་དཀར་ཅོག་གེར་བཞུགས་སོ།། ཚེས་བཅོ་ལྔའི་ནུབ་མོ་དབུའི་ཆུ་ཤེལ་ལ་འོད་ཕོག་པས་ཆུ་མཚན་མ་མེད་པས་སྐུ་ཁྲུས་གསོལ་ལོ།། ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པའི་དེད་དཔོན་གྱིས་རྟེན་དེའི་གྲུ་མོ་ཁུག་གི་ནང་ལ་གཟིངས་བཅུག་སྟེ་མཆོད་པ་ཕུལ་བས་ཅི་འདོད་པའི་ནོར་བུ་ལོན་ནོ།། རྟེན་དེའི་རྒྱབ་མདུན་གཉིས་ལ་གྲོ་སྐད་རེ་རེ་ཡོད་དོ། དེ་ལ་ཡང་སངས་རྒྱས་ཀྱིས་རབ་གནས་མཛད་ཅིང་མེ་ཏོག་འཐོར་ཞིང་བྱིན་གྱིས་རླབས་པར་མཛད་དོ།། དེ་ནས་བརྒྱ་བྱིན་གྱིས་ལྷའི་རིན་པོ་ཆེ་ཨིནྟྲ་ནི་ལ། ཨིནྟྲ་གོ་བ། མཐོན་ཀ མཐོན་ཀ་ཆེན་པོ། བཀོད་མཛེས་དང་ལྔ། མིའི་རིན་པོ་ཆེ་རྣམ་པ་ལྔ་ནི། གསེར། དངུལ། མུ་ཏིག མུ་མེན། བྱི་རུ་དང་ལྔ་སྟེ་བཅུ། གཞན་ཡང་རིན་པོ་ཆེ་སྣ་ཚོགས་བསགས་ཏེ། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞེངས་བར་འདོད་པ་ལ། ཡུམ་སྐྱེ་དགུའི་བདག་མོ་ན་རེ། དགུང་ལོ་བརྒྱད་ལོན་དུས་ལུམ་བིའི་ཚལ་གྱི་ཁྲིའི་མཐོ་དམན་དང་། དགུང་ལོ་བཅུ་གཉིས་ལོན་དུས་མཉན་ཡོད་ཀྱི་སྒོ་མོ་ཆེའི་མ་ཐེམ་ལ་ཞབས་རེག་པས་ཡ་ཐེམ་ལ་དབུ་རེག་པ་ཡིན་ཞེས་ཚད་བསྟན་པས་དེར་བཟོ་བོས་རིན་པོ་རྣམས་ལུགས་སུ་བླུགས་ནས་སྤྲུལ་སྐུའི་རྟེན་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན་དང་མཉམ་བཞག་མཛད་པ། མཚན་དཔེས་སྤྲས་པ། ཞལ་མཐོང་བ་ཙམ་གྱིས་དུག་གསུམ་གྱི་ནད་ཞི་ནས་བཅོས་མིན་གྱི་ངེས་འབྱུང་དང་མོས་གུས་སྐྱེ་བ། མཐོང་ཐོས་དྲན་རེག་གི་ཡོན་ཏན་དུ་མ་དང་ལྡན་པ་སྟོན་པ་དངོས་དང་ཁྱད་པར་མ་མཆིས་པའི་རྟེན་མཆོག་ལྷ་མི་ཀུན་གྱི་དཔལ་དུ་བཞེངས་སོ།། དེར་ཡང་སངས་རྒྱས་ཀྱིས་རབ་གནས་མཛད་མེ་ཏོག་འཐོར་བྱིན་གྱིས་བརླབས་སོ།། དེ་ནས་རྟེན་དེ་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་ལྷ་ཡུལ་ལོ་བརྒྱར་བཞུགས། ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གདན་དྲངས། དེར་ལོ་བརྒྱར་བཞུགས། དེ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་བྱོན་ཏེ། རྒྱ་གར་རྡོ་རྗེ་གདན་དུ་ལོ་ལྔ་བརྒྱར་བཞུགས། དེ་ནས་ཡུལ་མ་ག་དྷ་ན་བྲམ་ཟེ་ཁྱིམ་བདག་མ་ཧཱ་བ་ལ་ཞེས་པ་དང་། དེའི་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གཉིས་ལ་བུ་གསུམ་ཡོད་པ་ལས། ཆེ་བ་གཉིས་ཕྱི་པ་དང་། ཆུང་བ་ནི་ནང་པ་དགའ་བས། གྲུབ་མཐའ་ལ་མ་འཆམ་པར་འཐབ་པས། མས་ཁྱེད་རྣམས་འཁྱག་ན་ནི་རས་གོས་གྱོན། ལྟོག་ན་ནི་འབྲས་ཆན་ཟོ། ཅི་ཞིག་ལ་འཐབ་ཟེར་བས། བུ་ཆུང་བ་ན་རེ། ངེད་རྣམས་ཕྱི་ནང་གི་གྲུབ་མཐའ་ལ་མ་འཆམ་པ་ཡིན། ཕྱི་ནང་གཉིས་ལ་གང་བཟང་ཟེར། མ་ན་རེ། གངས་རི་ཏི་སེ་ལ་ལྷ་མ་ཧཱ་དེ་བ་བཞུགས་པ་དེར་དྲིས་ཤིག་ཟེར་ལྷྭམ་རྣམས་ལ་རྐང་མགྱོག་གི་རྫས་བྱུགས་ཏེ་བཏང་བས་བུ་རྣམས་སྐད་ཅིག་ལ་གངས་རྩེར་སླེབས། བུ་མོ་མཛེས་མ་ཞིག་རིན་པོ་ཆེའི་སྣོད་དུ་མེ་ཏོག་འཐུ་ཞིང་འདུག་པ་ལ། ཁྱོད་སུ་ཡིན་མེ་ཏོག་འདིས་ཅི་བྱེད་བྱས་པས། ངེད་ལྷ་མོ་ཨུ་མ་དེ་ཝིའི་གཡོག་མོ་ཡིན། མེ་ཏོག་གིས་ཚེས་བཅོ་ལྔའི་ཉིན་འཕགས་པ་དགྲ་བཅོམ་པ་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་ངེད་ཀྱི་ཕོ་བྲང་དུ་བྱོན་ནས་ཆོས་སྟོན་པས། དེ་ལ་གཏོར་བ་ཡིན་ཟེར། དེར་བུ་མོ་དང་འགྲོགས་ཏེ་ལྷ་མ་ཧཱ་དེ་བའི་ཕོ་བྲང་དུ་ཕྱིན་པས། ཚེས་བཅོ་ལྔ་དང་དུས་འཛོམས་པས་རིན་པོ་ཆེའི་གདན་བཤམས། འཕགས་པ་དགྲ་བཅོམ་པ་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། རིན་པོ་ཆེའི་གདན་ལ་བཞུགས་པ་ལ། མ་ཧཱ་དེ་བ་དང་། ཨུ་མ་དེ་ཝི་གཉིས་ཀྱིས་མེ་ཏོག་གཏོར་ཞིང་ཆོས་སྟོན་དྲངས་ནས་སྨོན་ལམ་བཏབ། སླར་ཡང་འཕགས་པ་དགྲ་བཅོམ་པ་རྣམས་ནམ་མཁའ་ལ་གཤེགས་པ་མཐོང་ངོ།། དེ་ནས་བུ་གསུམ་གྱིས་མ་ཧཱ་དེ་བ་ལ་ཕྱི་ནང་གཉིས་ཀྱི་ཆོས་ལུགས་གང་བཟང་དྲིས་པས། མ་ཧཱ་དེ་བས། ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བས་ང་ཡང་ནང་པ་ལ་བརྟེན་ནས་སངས་རྒྱས་པར་འདོད་པ་ཡིན། ཕྱི་རོལ་མུ་སྟེགས་པ་ལ་གནས་སྐབས་ཀྱི་བདེ་བ་ཙམ་མ་གཏོགས་མཐར་ཐུག་གི་སྙིང་པོ་མེད་ཟེར་བས། ཁོང་གསུམ་བློ་ཐག་ཆོད་དེ་ཡུལ་དུ་འོང་ནས། མ་ལ་ངེད་གསུམ་པོ་ནང་པའི་བསྟན་ལ་ཞུགས་པ་ཡིན་བྱས་པས། མ་ན་རེ། ལེགས་ཀྱིས་ཁྱེད་གསུམ་པོས་ལྷ་ཁང་རེ་རེ་བཞེངས་དགོས་གསུངས་སོ།། དེ་ལ་བུ་ཆེ་བ་མ་ཧཱ་མ་སེས་ལྷ་ཁང་ཝ་ར་ཎ་སིར་བཞེངས་ཤིག བུ་འབྲིང་པོ་སི་བ་ས་མེས་ལྷ་ཁང་ཛེ་ཏའི་ཚལ་དུ་བཞེངས་ཤིག ཆུང་བ་སྤྲ་ཏ་ས་མེས་ལྷ་ཁང་རྡོ་རྗེ་གདན་དུ་རྩིགས་ཤིག་གསུངས་པས། ཆེ་བ་གཉིས་ཀྱིས་དེ་བཞིན་བརྩིགས། ཆུང་བས་རྡོ་རྗེ་གདན་དུ་ཕྱི་གནྡྷོ་ལ། ནང་དུ་ལྷ་ཁང་བྱས་པ་དེའི་ནང་དུ་བཅོམ་ལྡན་འདས་དགུང་ལོ་སུམ་ཅུ་པའི་སྐུ་ཚད་ཅིག་བཞེངས་འདོད་དེ་རྒྱུ་ཙན་དན་བདར་དེ་འཇིམ་པའི་ཕུང་པོ་བྱས་ཚེ། མ་ན་རེ། ལྷ་བཟོ་དང་ཁྱོད་གཉིས། བརྒྱག་ཆུ་དང་གསུམ་པོ་ནང་དུ་སྡོད། སྒོ་ལ་ལྕགས་གཟེར་རྒྱོབས་ལ་ཟླ་བ་གསུམ་དང་ཞག་གསུམ་ལ་གྲུབ་པར་གྱིས་ཤིག་ཟེར་རོ།། དེར་ཟླ་བ་གསུམ་དང་ཞག་གཉིས་སོང་དུས་སུ་ཨ་མ་བྱུང་སྟེ་སྒོ་ཕྱེས་ཤིག་ཟེར། བུ་ན་རེ། ཟླ་གསུམ་ཞག་གཉིས་སོང་། ད་དུང་ཞག་གཅིག་མ་ཐེམས་ཟེར། མས་ཞག་གཅིག་མ་ཐེམས་ཀྱང་དབང་མེད། ད་ལྟ་སངས་རྒྱས་ཀྱི་ཞལ་མཐོང་བ་ང་ལས་མི་འདུག་པས་ངས་ཨེ་འདྲ་མ་བལྟས་ན་གཞན་གྱིས་ཤན་མི་ཕྱེད། ང་ཡང་སང་འཆི་བར་འདུག་པས་སྒོ་ཕྱེས་ཤིག་ངས་བལྟ་དགོས་གསུངས་བཞིན་སྒོ་ཕྱེ་བ་དང་། ལྷ་བཟོ་དེ་སྤྲུལ་པར་འདུག་པས་འཇའ་ལྟར་ཡལ་སོང་། ཞག་གཅིག་མ་ཐེམས་པའི་སྐྱོན་གྱིས་ཞབས་གཡས་པའི་མཐེའུ་ཆུང་མ་ཐེམས་པར་བཤད། ལར་སྐུ་གཟུགས་དེ་ཉིད་མཚན་དཔེས་བརྒྱན་པ། མི་རྣམས་ཀྱིས་རྟེན་དེ་དང་མཇལ་ཚེ་ལྟོག་སྐོམ་བརྗེད་ནས་བཟའ་བཏུང་གཞན་གྱིས་སྟེར་དགོས་པ། མཇལ་ནས་ཕྱིར་འོང་དུས་རྒྱབ་སྟོན་མི་ཕོད་པར་ཕྱི་འགྲོས་སུ་གྱེད་ནས་འགྲོ་དགོས་པ། མི་རྣམས་གློ་བུར་དུ་ན་བར་གྱུར་ན་ཞལ་མཐོང་བ་ཙམ་གྱིས་ནད་སོས་པ། འཐབ་རྩོད་ཞེ་སྡང་རབ་ཏུ་འབར་བའི་མིས་མཐོང་ན་ཞེ་སྡང་རབ་ཏུ་ཞི་ནས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་བ་ཞིག་གོ།། དེ་དང་ཇོ་བོ་ཤཱཀྱ་མུ་ནེ་རྣམ་གཉིས་རྒྱ་གར་རྡོ་རྗེ་གདན་དུ་བཞུགས་པ་ལས། རྒྱ་གར་ན་ཆོས་རྒྱལ་དྷརྨ་ཕ་ལ་བྱ་བ་དང་། རྒྱ་ནག་ཏུ་རྒྱ་རྗེ་སྤྲི་སྟི་མ་ཛ་ཡ་བྱ་བ་གཉིས་ཡོད་པ། མ་མཐོང་མ་འཕྲད་པའི་གྲོགས་པོ་བྱས་སོ།། དེར་རྒྱ་ནག་གི་རྒྱལ་པོས་རྒྱ་གར་གྱི་རྒྱལ་པོ་ལ་སྐྱེས་གསུམ་བསྐུར་བའི་ཐ་མ་ལ། ཟ་འོག་གི་གོས་སྲུབ་མེད་པ་དཔལ་བེའུ་བཞི་སྙིང་གར་སྤུད་ཡོད་པ་ཞིག་བསྐུར་ནས། ཡི་གེ་ལ། རྒྱ་གར་ཆོས་སྐྱོང་རྒྱལ་པོ་བསྟན་པའི་བདག །སྔོན་བསགས་བསོད་ནམས་འབྲས་བུ་ཐོབ་པའི་མཐུས། །མངའ་ཐང་དཔལ་འབྱོར་དཔག་མེད་ཆོས་ཀྱི་གཏེར། །འདོད་དགུའི་ལོངས་སྤྱོད་མངའ་ཐང་ཕན་བདེས་སྐྱོང་། །ཡུལ་ལས་ཁྱད་འཕགས་རྒྱ་གར་ཡུལ་དུ་བཞུགས། །བསོད་ནམས་བསགས་པས་རྟེན་གྱིས་ཕངས་པ་མེད། །བདག་ཅག་མཐའ་འཁོབ་རྒྱ་ནག་རྒྱལ་པོ་ལ། །རྒྱལ་བའི་བཀའ་མེད་སྟོན་པའི་སྐུ་མེད་ཅིང་། །བདག་གི་ཡུལ་ན་ཆོས་ཀྱི་སྐབས་མེད་པས། །ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས་ཀྱི་སྐུ། །དགུང་ལོ་བཅུ་གཉིས་བཞེས་པའི་སྐུ་ཚད་དང་། །མདོ་ལྔ་དག་དང་དགེ་སློང་བཞི་གྲྭ་གཅིག །བརྩེ་བས་བདག་ལ་གནང་བར་མཛད་དུ་གསོལ།། ཟེར་བ་འདུག་པས། རྒྱལ་པོའི་ཐུགས་ལ། ངའི་ཡུལ་ན་ཐེག་པ་ཆེན་པོའི་ཆོས་ཡོད། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་དང་། ཉན་ཐོས་དགྲ་བཅོམ་པ་ཡང་མང་དུ་བཞུགས། ཁོའི་ཡུལ་ན་དེ་རྣམས་མེད་པས་ངའི་ཡུལ་དུ་ཆོས་མི་ནུབ། ཁོའི་ཡུལ་དུ་ཆོས་དར་འོང་ཐག་ཆོད་པས། ཇོ་བོ་རང་ལ་གསོལ་བ་བཏབ་ལ་སྐུར་དགོས་བསམ་ཏེ། ཇོ་བོའི་དྲུང་དུ་བྱོན་པ་དང་། ཇོ་བོའི་ཞལ་ལྷོར་གཟིགས་ནས་ཡོད་པ་ཤར་དུ་གཟིགས་འདུག་པས། རྒྱ་ནག་ཏུ་འབྱོན་པར་ཐུགས་དགྱེས་པར་གོ་ནས། གཟིངས་ཆེན་པོ་གཅིག་གི་སྟེང་དུ་ཇོ་བོ་དང་། དཀོན་མཆོག་གསུམ་བཞུགས། སྟེང་དུ་དར་དང་རིན་པོ་ཆེའི་གུར་ཕུབ། རོལ་མོ་དང་དར་པོ་ཆེ་ལ་སོགས་དཔག་ཏུ་མེད་པ་བྱས་ཏེ། རྒྱ་ནག་ལ་འབབ་པའི་ཀླུང་ཆེན་པོ་ཞིག་ནས་གཟིངས་བཏང་ནས་རྒྱལ་པོས་ལན་མཛད་པ། ཀྱེ་མ་རྒྱ་ནག་རྒྱལ་པོ་གསན་མཛོད་ཅིག །བདག་གི་མཆོད་གནས་སྟོན་པའི་ཞལ་སྐྱིན་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། །རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། །འདི་ཡི་བཟོ་བོ་བི་ཤྭ་ཀརྨས་མཛད། །རབ་གནས་སངས་རྒྱས་ཉིད་ཀྱིས་མཛད་པ་ལགས། །དེ་ལྟར་འགྲན་མེད་རྒྱལ་བའི་དབང་པོ་འདི། །མཐོང་ཐོས་དྲན་རེག་གསོལ་བ་བཏབ་གྱུར་ན། །སངས་རྒྱས་མྱུར་དུ་ཐོབ་པར་རྒྱལ་བས་གསུངས། །དེ་ལྟར་ཡོན་ཏན་ལྡན་པའི་ཇོ་བོ་འདི། །བདག་གི་ལུས་ཀྱི་སྙིང་ལྟར་གཅེས་ན་ཡང་། །ཁྱེད་ཀྱི་སྐྱེས་དང་བཀའ་བསྩལ་ལྕི་བ་དེས། །ཡུལ་དེའི་སེམས་ཅན་དགེ་ལ་བཀོད་ཕྱིར་དུ། །བདག་གིས་ཁྱེད་ལ་མཆོད་གནས་དབུལ་བར་བགྱི། །ཁྱེད་ཀྱིས་དད་ཅིང་གུས་པས་ཕྱག་འཚོལ་ཅིག །ཅེས་སྤྲིངས་སོ།། དེ་ནས་རྒྱ་ནག་གི་རྒྱལ་པོ་དགའ་མགུ་རང་ནས་བསུ་བ་རྒྱ་ཆེན་པོས་བསུས་ཏེ་སྤྱན་དྲངས་མཐའ་འཁོབ་ཐུལ་དེ་དམ་ཆོས་དར་བར་མཛད་དོ།། དེ་ནས་ལོ་སྟོང་འདས་པ་ན། བོད་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ནས་རྒྱ་རྗེ་ཐའེ་ཛུང་རྒྱལ་པོའི་སྲས་མོ་སྒྲོལ་མའི་སྤྲུལ་པ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་དུས་རྫོངས་ཀྱི་ཚུལ་དུ་བྱོན་པ་ཡིན་ཏེ། དེ་ཡང་། ལྷ་ཅིག་ཀོང་ཇོས་ཡབ་རྒྱལ་པོ་ལ་ཞུས་པ། བོད་ཀྱི་ཡུལ་དུ་བདག་གཏོང་ན། །ཁ་བ་ཅན་གྱི་ཡུལ་ཕྱོགས་དེར། །བསིལ་ཞིང་གྲང་ལ་ས་རོང་རྩུབ། །གངས་རི་གཅན་གཟན་མཆེ་བ་འདྲ། །བྲག་རི་འབྲོང་གི་རྭ་དང་འདྲ། །འབྲུ་སྣ་མི་འཁྲུངས་མུ་གེ་གནས། །གདོལ་བ་ཤ་ཟན་སྲིན་པོའི་རིགས། །སྤྱོད་པ་རྩིང་པ་ཀླ་ཀློའི་མི། །མཐའ་འཁོབ་སངས་རྒྱས་ཞབས་མ་བཅག །ཆོས་མེད་མ་རིག་མུན་པའི་གླིང་། །མཆོད་པའི་རྟེན་དང་གནས་མེད་ཅིང་། །བསོད་ནམས་གསོག་པའི་རྟེན་མེད་པས། །དེ་འདྲའི་ཡུལ་དུ་འགྲོ་དགོས་ན། །ཡབ་ཀྱི་མཆོད་གནས་ཡི་དམ་ལྷ། །ཤཱཀྱ་མུ་ནེ་བདག་ལ་ཞུ། །ཁ་བ་ཅན་ནི་བཀྲེས་པའི་ཡུལ། །རིན་ཆེན་བང་མཛོད་བདག་ལ་ཞུ། །ཚེ་གཅིག་དྲོ་བའི་གོས་ཀྱང་ཞུ། །བོད་ནི་གདོལ་བ་གཙང་རྩོག་མེད། །གཡོག་མོའི་སྐྱོ་གྲོགས་བདག་ལ་ཞུ། །དེ་ལྟར་མཐའ་འཁོབ་ཡུལ་ཕྱོགས་དེར། །བདག་གིས་སྤྱོད་ལམ་ཇི་ལྟར་བྱ། །ཞེས་ཞུས་པས། རྒྱལ་པོས་བཀའ་སྩལ་པ། ང་ཡི་མིག་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་གཞན་ལས་ཁྱད་འཕགས་ཡུལ། །གངས་རི་རིན་ཆེན་ཤེལ་གྱི་མཆོད་རྟེན་འདྲ། །མཚོ་བཞི་གཡུ་ཡི་མཎྚལ་བཀྲམ་པ་འདྲ། །ཡ་མཚན་གསེར་གྱི་མེ་ཏོག་རྒྱས་པའི་གླིང་། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞི་ཀུན་ཁྱབ་རྩི་ཐོག་མར་ལ་སྤྱོད། །ངོ་མཚར་ཡུལ་དེར་མཛེས་པའི་ཕོ་བྲང་ན། །མི་རྗེ་ལྷས་མཛད་རྒྱལ་པོ་སྤྱན་རས་གཟིགས། །དཔའ་མཛངས་ཀུན་འཛོམས་འཁོར་རྣམས་བྱང་ཆུབ་སེམས། །དགེ་བཅུའི་ཁྲིམས་གནས་མངའ་ཐང་དཔལ་འབྱོར་རྒྱས། །དེ་འདྲའི་ཡུལ་དུ་བུ་མོ་ཁྱོད་སོང་ཅིག །བདག་གི་མཆོད་གནས་སྟོན་པའི་སྐུ་གཟུགས་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། །རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། །འདི་ཡི་བཟོ་བོ་བི་ཤྭ་ཀརྨས་མཛད། །རབ་གནས་སངས་རྒྱས་ཉིད་ཀྱིས་མཛད་པ་ལགས། །དེ་ལྟར་འགྲན་མེད་རྒྱལ་བའི་སྐུ་གཟུགས་འདི། །མཐོང་ཐོས་དྲན་རེག་གསོལ་བ་བཏབ་གྱུར་ན། །སངས་རྒྱས་མྱུར་དུ་ཐོབ་པར་རྒྱལ་བས་གསུངས། །དེ་ལྟར་ཕན་བདེ་འབྱུང་བའི་ཇོ་བོ་འདི། །བདག་གི་སྙིང་དང་འདྲ་བར་ཕང་ན་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །གཅེས་པའི་རིན་ཆེན་བང་མཛོད་ནོར་གྱི་གཏེར། །བཟའ་བཏུང་སྐོམ་གྱི་སྦྱོར་ཐབས་མང་པོ་དང་། །ཟ་འོག་སྟན་ཐུལ་སེང་གེ་བྱ་བརྒྱད་མ། །ལྗོན་ཤིང་ཆོ་ལོ་ནོར་བུ་རིས་སུ་བྲིས། །གསེར་སྒ་གཡུ་ཡི་ཀ་ལེབ་ཅན་ལ་སོགས། །རྒྱལ་པོ་ངོ་མཚར་སྐྱེ་ཕྱིར་ཁྱོད་ལ་བརྫངས། །གསེར་གཡུ་བརྩེགས་པའི་ཡིག་ཚང་ཆེན་མོ་དང་། །གཙུག་ལག་གབ་ཙེ་སུམ་བརྒྱ་དྲུག་ཅུ་དང་། །བཟོ་ཡི་རིགས་བྱེད་དྲུག་ཅུ་སྦྱོར་སྡེ་བཞི། །སྤྱད་དྲུག་དཔྱད་ལྔ་ནད་སེལ་བརྟགས་ཐབས་བརྒྱ། །ཡིད་འོང་རྒྱན་གྱི་རྣམ་པ་མང་པོ་དང་། །དར་ཟབ་གོས་བཟང་སྟོང་ཕྲག་ཉི་ཤུའི་གྲངས། །རིགས་བཟང་མཛེས་སྡུག་ལང་ཚོས་སྒེག་པ་ཡི། །སེམས་མཐུན་སྐྱོ་གྲོགས་བུ་མོ་ཉེར་ལྔ་བརྫངས། །ཨེ་མ་འབྲལ་བར་མི་ཕོད་བུ་མོ་ཁྱོད། །ཁ་བ་ཅན་པའི་མི་རྣམས་འདུལ་དོན་དུ། །ཁྱོད་ཀྱི་བྱ་བ་སྤྱོད་ལམ་འདི་བཞིན་གྱིས། །ལྟ་བ་ཡངས་ཤིང་སྤྱོད་ལམ་ཞིབ་པར་མཛོད། །ཕྱི་ནང་བྱ་བ་ཀུན་ལ་མཁས་པར་མཛོད། །ངག་འཇམ་སྨྲ་མཁས་གཞི་མ་ལེགས་པར་མཛོད། །རྗེ་ལ་གུས་ཤིང་འཁོར་ལ་བྱམས་པར་མཛོད། །ཁྲེལ་ཡོད་ངོ་ཚ་བག་དང་ལྡན་པར་མཛོད། །ཅེས་སོགས་གསུངས་ཤིང་གནང་ངོ།། དེ་ནས་ཤིང་རྟའི་འཁོར་ལོའི་སྟེང་དུ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས། རྒྱ་ནག་ན་གྱད་སྟོབས་ཆེ་བ་ལྷ་དགའ་དང་ཀླུ་དགའ་གཉིས་ཀྱིས་དྲངས། རིན་པོ་ཆེ་དང་གོས་དང་རྒྱན་སོགས་ཡོ་བྱད་གཞན་རྣམས་རྟ་དྲེལ་རྔ་མོང་སོགས་ལ་བཀལ་ནས་ལྷ་ཅིག་ཀོང་ཇོ་ཡང་རིན་པོ་ཆེའི་རྒྱན་མང་པོས་བརྒྱན་ནས་དཔོན་གཡོག་ཀུན་རང་རང་གི་རྟ་ལ་བཅིབ་ནས་བོད་དུ་ཕེབས་སོ།།


previousཇོ་བོ་རྣམ་གསུམ་ཇི་ལྟར་བཞེངས་ཚུལ།next