Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
ཇོ་བོ་མི་བསྐྱོད་རྡོ་རྗེ་ཇི་ལྟར་བཞེངས་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཇོ་བོ་མི་བསྐྱོད་རྡོ་རྗེ་ཇི་ལྟར་བཞེངས་ཚུལ།next

ཇོ་བོ་མི་བསྐྱོད་རྡོ་རྗེ་ཇི་ལྟར་བཞེངས་ཚུལ།

༄༅། ཇོ་བོ་མི་བསྐྱོད་རྡོ་རྗེ་ནི། བཞེངས་ཚུལ་རྒྱས་པར་མ་མཐོང་ཡང་། བསྡུས་ཙམ་བོད་དུ་བྱོན་ཚུལ་ལས་ཤེས་པས། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་མོ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་དུས་སུ་རྫོངས་ཀྱི་ཚུལ་དུ་བྱོན་ཏེ། དེར་བལ་ཡུལ་གྱི་རྒྱལ་པོ་དེ་བ་ལྷ་ལ་ལྷ་གཅིག་ཁྲི་བཙུན་གྱིས་ཞུས་པ། ཀྱེ་མ་ཡབ་གཅིག་རྒྱལ་པོ་ཆེན་པོ་ལགས། །ཁ་བ་ཅན་ནི་མཐའ་འཁོབ་ཀླ་ཀློའི་ཡུལ། །དམ་ཆོས་མ་དར་བོད་ཡུལ་མུན་པའི་གླིང་། །མི་ནི་རིགས་ངན་གདོལ་བ་ཤ་ཟའི་རིགས། །བཀྲེས་ཤིང་དབུལ་བ་ཡི་དྭགས་རྒྱལ་ཁམས་འདྲ། །དེ་འདྲའི་གནས་སུ་བུ་མོ་འགྲོ་དགོས་ན། །ཡབ་ཀྱི་མཆོད་གནས་དཀོན་མཆོག་འབྱུང་བའི་ལྷ། །མཐོང་ཐོས་དྲན་རེག་ཡོན་ཏན་བསམ་མི་ཁྱབ། །ཇོ་བོ་མི་བསྐྱོད་རྡོ་རྗེ་བདག་ལ་ཞུ། །ཐུབ་པའི་རྒྱལ་ཚབ་བྱམས་མགོན་རིན་པོ་ཆེ། །མཚན་དཔེས་རབ་བརྒྱན་ཕན་བདེ་འབྱུང་བའི་གཏེར། །བྱམས་པ་ཆོས་ཀྱི་འཁོར་ལོ་བདག་ལ་ཞུ། །ཙན་དན་ཇོ་མོ་སྒྲོལ་མ་ཐུགས་རྗེ་ཅན། །འགལ་རྐྱེན་བར་ཆད་སེལ་ཕྱིར་བདག་ལ་ཞུ། །རིན་ཆེན་སྟག་ཤ་དེབ་དང་རཏྣ་དེ། །བོད་ཡུལ་དབུལ་བ་སེལ་ཕྱིར་བདག་ལ་ཞུ། །རིན་ཆེན་འདོད་དགུ་འབྱུང་བའི་ལོངས་སྤྱོད་དང་། །ཟས་སྐོམ་བདུད་རྩིའི་དཔལ་ལ་སྤྱོད་པའི་གཞི། །བཻཌཱུརྱ་ཡི་ལྷུང་བཟེད་བདག་ལ་ཞུ། །ཁ་བ་ཅན་ནི་བཀྲེས་ཤིང་སྐོམ་པའི་གནས། །རིན་ཆེན་བང་མཛོད་མང་པོ་བདག་ལ་ཞུ། །ཁ་བ་ཅན་ནི་བསིལ་ཞིང་གྲང་བའི་ཡུལ། །ཚེ་གཅིག་དྲོ་བའི་གོས་བྱད་བདག་ལ་ཞུ། །དེ་ལྟར་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་དེར། །བདག་གི་སྤྱོད་ལམ་བྱ་བ་ཇི་ལྟར་བྱ། །ཡབ་གཅིག་རྒྱལ་པོས་བདག་ལ་བཀའ་སྩོལ་ཅོག །ཅེས་ཞུས་པས། རྒྱལ་པོའི་ཞལ་ནས། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞི་ཀུན་ཁྱབ་རྩི་ཐོག་མར་ལ་སྤྱོད། །རྒྱལ་པོ་ལྷ་ཡིན་འཁོར་རྣམས་བྱང་ཆུབ་སེམས། །དམ་ཆོས་མེད་ཀྱང་རྒྱལ་པོའི་བཀའ་ཁྲིམས་ཡོད། །དེ་འདྲའི་གནས་སུ་བུ་མོ་ཁྱོད་སོང་ཤིག །བདག་གི་ཡི་དམ་མི་བསྐྱོད་རྡོ་རྗེ་དང་། །རྗེ་བཙུན་བྱམས་པ་ཆོས་ཀྱི་འཁོར་ལོ་འདི། །འཛམ་བུའི་གླིང་པ་ཚེ་ལོ་ཉི་ཁྲིའི་དུས། །རྒྱ་གར་ཆོས་རྒྱལ་ཀྲྀ་ཀྲྀའི་ཐུགས་དམ་དུ། །རིན་ཆེན་སྣ་ཚོགས་འདུས་པའི་ཕུང་པོ་ལ། །སངས་རྒྱས་འོད་སྲུང་གིས་ནི་རབ་གནས་མཛད། །སྤྲུལ་པའི་ལྷ་བཟོས་ལུགས་སུ་བླུགས་པ་ལས། །ཐོག་མར་བྱམས་པ་ཆོས་ཀྱི་འཁོར་ལོ་བཞེངས། །དེ་ཡི་རྗེས་ལ་མི་བསྐྱོད་རྡོ་རྗེ་ནི། །ངོ་མཚར་དཔག་མེད་མཚན་དཔེའི་རྒྱན་གྱིས་སྤྲས། །ཕན་བདེའི་འབྱུང་གནས་དད་ལྡན་རྟེན་དུ་བཞེངས། །མཐོང་ཐོས་དྲན་རེག་ཡོན་ཏན་བསམ་མི་ཁྱབ། །ས་སྟེང་འགྲན་ཟླ་ཀུན་དང་བྲལ་བ་འདི། །མ་འོངས་སེམས་ཅན་བསོད་ནམས་བསགས་པའི་ཕྱིར། །ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་དེའི། །དགུང་ལོ་བརྒྱད་པའི་སྐུ་ཚབ་ལུང་བསྟན་མཛད། །དེ་ཡི་དུས་སུ་འོད་ཀྱིས་འཇིག་རྟེན་ཁྱབ། །ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་པ་ཕབས། །དེ་ལྟར་ཡོན་ཏན་ལྡན་པའི་རྟེན་མཆོག་འདི། །བདག་གི་མིག་གི་འབྲས་ལྟར་གཅེས་ན་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །རྗེ་བཙུན་བྱམས་པ་ཆོས་ཀྱི་འཁོར་ལོ་འདི། །འགྲོ་ཀུན་བདེ་ལ་འགོད་ཕྱིར་བདག་གིས་བརྫངས། །ཙན་དན་ཇོ་མོ་སྒྲོལ་མ་རང་བྱོན་དང་། །རིན་ཆེན་སྟག་ཤ་དེ་དང་རཏྣ་དེ། །འདོད་འབྱུང་བཻཌཱུརྱ་ཡི་ལྷུང་བཟེད་དང་། །རིན་ཆེན་གསེར་དངུལ་དར་ཟབ་རྒྱན་དང་བཅས། །གཞན་ཡང་མཁོ་བའི་ཡོ་བྱད་ཟས་གོས་རྣམས། །གང་ལ་ཅི་འདོད་བུ་མོ་ཁྱོད་ལ་བསྐུར། །རིགས་བཟང་ཡིད་འོང་གཅེས་པའི་བུ་མོ་བཅུ། །ཁྱོད་ཀྱི་སྐྱོ་གྲོགས་བྱེད་པའི་འཁོར་དུ་བརྫངས། །ཨེ་མ་འབྲལ་བར་མི་ཕོད་བུ་མོ་ཁྱོད། །གཏམ་གྱི་རྟིང་མ་ཡིན་ནོ་ཡིད་ལ་ཆོངས། །ཁ་བ་ཅན་གྱི་མི་དང་འགྲོགས་པའི་དུས། །ཁྱོད་ཀྱི་སྤྱོད་ལམ་བྱ་བ་འདི་བཞིན་གྱིས།། ཞེས་མི་ཆོས་བསླབ་བྱ་མང་དུ་གསུངས་སོ།། དེ་ནས་ཇོ་བོ་དང་བྱམས་མགོན་གཉིས་ཤིང་རྟས་བགྲོད་པར་དཀའ་བས་ཁལ་གྱིས་འདྲེན་འདོད་ཀྱང་མ་ཐེག སྤྲུལ་པའི་མཛོ་བོ་གཉིས་ཀྱིས་ཐེག་པས་དྲངས། གཞན་ཡང་ཁལ་དུ་མ་དང་བཅས་ལྷ་གཅིག་དྲེལ་དཀར་མོ་ཅིག་ལ་བཅིབས་ནས་བོད་དུ་འོངས།


previousཇོ་བོ་མི་བསྐྱོད་རྡོ་རྗེ་ཇི་ལྟར་བཞེངས་ཚུལ།next