Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
སྒྲིབ་སེལ་མཆོད་རྟེན་ཐིག་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲིབ་སེལ་མཆོད་རྟེན་ཐིག་ཡིགnext

སྒྲིབ་སེལ་མཆོད་རྟེན་ཐིག་ཡིག

༄༅། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཆོད་རྟེན་གྱི་ཐིག་གདབ་ཚུལ་ཅུང་ཟད་བརྗོད་པ་འབྲེལ་ཚད་མྱུར་གྲོལ་བྱ་བ་བཞུགས། ཀུན་མཁྱེན་བླ་མར་ཕྱག་བགྱིས་ནས། །སྒྲིབ་སེལ་མཆོད་རྟེན་ཆ་ཚད་འབྲི། །ཚངས་ཐིག་ལ་སོགས་བརྒྱད་པོ་གདབ། །མ་འཕྱུག་རེ་ཁ་གྲུ་བཞིར་བཅད། །ཕྱོགས་བཞིར་ཆ་ཆེན་བཅུ་བཅུར་བགོ། །དཔངས་ལ་དེ་སྟེང་ཆ་དྲུག་ཕྱེད། །ཁྱོན་བསྡོམ་བཅུ་དྲུག་ཕྱེད་དང་བཅས། །ཀུན་ཀྱང་ཆ་ཕྲན་བཞི་བཞིར་གསིལ། །རྨང་གཞིའི་ཚངས་ཐིག་གཡས་གཡོན་ནས། །ས་འཛིན་དཔངས་ལ་ཆ་ཕྲན་གསུམ། །ཞེང་ལ་ཆ་ཕྲན་ཉི་ཤུའོ། །སྐས་གདན་དཔངས་གཅིག་ཞེང་བཅོ་བརྒྱད། །ཐེམ་སྐས་གཉིས་པོ་དཔངས་རེ་རེ། །ཞེང་དག་བཅུ་དྲུག་བཅོ་ལྔའི་ཚད། །སེང་ཁྲི་དཔངས་དྲུག་ཞེང་བཅུ་བཞི། །འཛིན་བྱེད་གཉིས་པོ་དཔངས་རེ་རེ། །ཞེང་ཚད་བཅོ་ལྔ་བཅུ་དྲུག་བསྐྱེད། །སྟེང་གཡེལ་པདྨའི་དབྱིབས་ལྟར་བཅད། །བ་གམ་དཔངས་གཉིས་རྒྱར་བཅུ་བདུན། །དགེ་བཅུ་དཔངས་གཅིག་ཞེང་ཕྱེད་བཅས། །བཅོ་ལྔ་སྟེང་ཞུམ་པདྨའི་དབྱིབས། །ཚད་མེད་བཞི་པོ་དཔངས་གཉིས་གཉིས། །ཞེང་དུ་ཕྱེད་ཕྱེད་དང་བཅས་པའི། །བཅུ་གསུམ་བཅུ་གཉིས་བཅུ་གཅིག་བཅུ། །བུམ་གདན་དཔངས་གཅིག་ཞེང་ལ་དགུ། །སྟེང་ཞུམ་པདྨའི་དབྱིབས་སུ་བྱ། །བུམ་དཔངས་བཅུ་བཞི་ཞེང་ལ་བརྒྱད། །རྒྱར་གསུམ་བུམ་སྟོད་གསུམ་མཛེས་གཡེལ། །བྲེ་མགུལ་བྲེ་སྟན་དཔངས་ཕྱེད་ཕྱེད། །རྒྱར་ནི་གསུམ་དང་གཉིས་དག་གོ། །བྲེ་དངོས་དཔངས་གཉིས་ཞེང་ལ་གསུམ། །གདུགས་འདེགས་དཔངས་ཕྱེད་ཞེང་དུ་གཉིས། །བཅད་སྟེང་དཔངས་གཅིག་ཞེང་ཕྱེད་གསུམ། །གཡེལ་ཞིང་པདྨའི་དབྱིབས་སུ་འབྲི། །ཆོས་འཁོར་དཔངས་ལ་བཅུ་གསུམ་སྟེང་། །རྩ་བར་ཆ་གསུམ་རྩེ་རྒྱར་གཅིག །མོ་འཁོར་ཐིག་ཡིན་བཞི་ཆར་བསྐྱེད། །ཕོ་འཁོར་ཚད་སྟོན་རེ་རེ་བཞིན། །སུམ་ཆར་བགོས་པའི་འོག་མོ་འཁོར། །སྟེང་མ་གཉིས་གཉིས་ཕོ་འཁོར་ཡིན། །མདོ་གཟུངས་དཔངས་ཕྱེད་བཅད་པའི་སྟེང་། །དཔངས་གཅིག་ཨུཏྤལ་སུལ་ལྟར་གཡེལ། །ཞེང་ཚད་མོ་འཁོར་ཕོ་འཁོར་གྱི། །ཐིག་གི་རྩེ་མོ་དག་དང་བསྟུན། །གདུགས་དཔངས་བཞི་ཆས་དམན་པའི་ཆ། །ཞེང་གཉིས་ཕྱི་འོག་བཞི་ཆ་ནས། །ཟར་ཚགས་ཕོ་འཁོར་གཉིས་མཚམས་ཕྱིར། །ཆ་ཕྲན་གསུམ་གཡེལ་ཐད་ཀར་བཅད། །གདུགས་ཀྱི་ཕྱི་སྟེང་བཞི་ཆ་ནས། །གདུགས་ཁེབ་དཔངས་སུ་གཅིག་དང་ཕྱེད། །ཞེང་ཚད་གཉིས་སྟེང་ཅུང་ཟད་གཡེལ། །ཟླ་དཔངས་ཕྱེད་གཉིས་ཞེང་གཉིས་གཡེལ། །ཟླ་རྩེ་ཉི་མའི་ཕྱེད་དང་མཉམ། །ཉི་དཔངས་གཉིས་ཟླུམ་ཏོག་གི་དཔངས། །གཅིག་དང་བཞི་ཆ་ནོར་བུའི་དབྱིབས། །སྔགས་དང་ཕན་ཡོན་ཚོན་རྩི་བཅས། །མ་ནོར་འབྲི་ཞིང་ལེགས་བཞེངས་གྲུབ། །མཐོང་ཐོས་དྲན་རེག་དོན་ལྡན་པའི། །གྲོང་གྲོལ་ཆོས་སྐུའི་མཆོད་རྟེན་གྱི། །ཆ་ཚད་ལེགས་བྲིས་དགེ་བའི་མཐུས། །འབྲེལ་ཚད་འགྲོ་ཀུན་མྱུར་གྲོལ་ཤོག །ཅེས་གྲོང་གྲོལ་བའི་འཁོར་ལོ་ཞེས་བྱ་བ་སྒྲིབ་པ་རྣམ་པར་སེལ་བའི་མཆོད་རྟེན་གྱི་ཐིག་གདབ་ཚུལ་ཅུང་ཟད་བརྗོད་པ་འབྲེལ་ཚད་མྱུར་གྲོལ་ཞེས་བྱ་བ་འདི་ཡང་། རང་གཞན་འགས་གནས་མཆོག་གྲུ་འཛིན་བདེ་ཆེན་འགྱུར་མེད་རྫོངས། དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་ཆེན་པོར་གནས་འབྲེལ་དུ་མཆོད་རྟེན་འདི་ཉིད་རྡོ་བརྐོས་མཛད་སྐབས་སུ། སྔགས་ནག་འཇིགས་མེད་རྣམ་རྒྱལ་གྱིས་ཀུན་མཁྱེན་འཇིགས་མེད་གླིང་པས་བཞེད་པའི་མཆོད་རྟེན་སྤྱིའི་དཔངས་ཚད་དང་ཅུང་ཟད་བསྟུན་ནས་བྲིས་པ་སརྦ་མངྒ་ལཾ། དགེའོ།། དགེའོ།། དགེའོ།།


previousསྒྲིབ་སེལ་མཆོད་རྟེན་ཐིག་ཡིགnext