Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
བུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད།next

བུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད།

༄༅། བུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད་ཅེས་བྱ་བ་བཞུགས། ཨོཾ་སྭ་སྟི། རྒྱལ་ཀུན་ཡེ་ཤེས་ངུར་སྨྲིག་གར། །མཚུངས་མེད་མཁན་པོ་མཆོག་ཉིད་ལ། །བཏུད་ནས་རྒྱལ་བསྟན་མཛེས་པའི་ཕྱིར། །འདུལ་འཛིན་དགྱེས་བྱེད་འབེལ་གཏམ་སྤྲོ། །ལང་ཚོ་རྒྱས་པའི་བུད་མེད་རྣམས། །སྡོམ་པ་འཕྲོག་པའི་ཇག་པ་ཡིན། །ངན་སོང་གསུམ་གྱི་ས་བོན་ཡིན། །ཐར་ལམ་བཀག་པའི་དགྲ་བོ་ཡིན། །བཙན་དུག་ཧ་ལ་ནག་པོ་ནི། །ཟོས་ཀྱང་ལན་གཅིག་ཁོ་ནར་འཆི། །བུད་མེད་དུག་ཆེན་སྤྱོད་པས་ནི། །ཡང་ནས་ཡང་དུ་འཆི་བར་བྱེད། །མི་གཙང་འདམ་དུ་ལྷུང་གྱུར་ཀྱང་། །ཆུ་ཡིས་བཀྲུས་པས་འདག་པར་འགྱུར། །བུད་མེད་དམྱལ་བའི་འདམ་རྫབ་ལ། །གང་འབག་ཡུན་རིང་ཕུང་བར་བྱེད། །ཕུང་བྱེད་བདུད་མོ་མཛེས་མ་ལ། །འགྲོགས་ཤིང་བརྟེན་པ་སྨོས་ཅི་དགོས། །བལྟས་ཤིང་གཏམ་གྱིས་འདྲེས་པས་ཀྱང་། །ཐོག་མར་འདོད་ཆགས་དུག་རོ་ལྡང་། །བར་དུ་ཕུང་ཁྲོལ་སྣ་ཚོགས་འབྱུང་། །ཐ་མར་ངན་འགྲོར་ལྟུང་བར་བྱེད། །འདོད་ལྡན་ཆུང་མ་ལ་ཞེན་པས། །ཕ་དང་མ་ཡང་གསོད་པ་སྲིད། །གཉེན་གྲོགས་མཛའ་བཤེས་དང་ཡང་འབྲལ། །མཁན་སློབ་མཆེད་གྲོགས་ཐུགས་དང་འགལ། །བསྲུང་སྡོམ་བསླབ་བྱ་དམ་ཚིག་ཉམས། །བློ་སེམས་ཡང་དག་ལམ་ལས་ལྡོག །དགེ་སྦྱོར་འཆག་ཅིང་སྡིག་ལས་འཕེལ། །བྱ་སྤྱོད་དམན་ཞིང་མི་ཁ་སྡུད། །བརྙས་ཤིང་བཞད་གད་གནས་སུ་འགྱུར། །ལོངས་སྤྱོད་དག་ཀྱང་ཉམས་པར་འགྱུར། །དང་པོ་བདུད་མོ་བསླུ་ཐབས་མཁས། །ཁ་དཀར་ངོ་འཛུམ་བཞིན་མདངས་བསྒྱུར། །གཡོ་ཟོལ་སྒྱུ་མའི་སྤྱོད་ལམ་གྱིས། །དབང་མེད་གཞན་སེམས་བསླུ་ཞིང་བསྒྱུར། །ངུ་ཞིང་དགོད་པ་སོགས་ཀྱིས་ཀྱང་། །སྐྱེས་བུ་འཆིང་ཞིང་དབང་དུ་བྱེད། །མཐོང་དང་རེག་དང་འགྲོགས་པ་ཀུན། །ཆགས་བྲལ་མ་གཏོགས་ཐམས་ཅད་འཆིང་། །བར་དུ་མནའ་སྡིག་རྫུན་ལ་དགའ། །སྤྲོ་ཐུང་གཡོ་སྒྱུ་མིག་སེར་ཆེ། །གསར་འགྲོགས་ཆེ་ཞིང་གཡེམ་ལ་དགའ། །ཁ་སེམས་མི་མཐུན་བླ་བཙག་རྒོད། །རང་འདོད་ཆེ་ཞིང་བློ་སྣ་མང་། །སྙིང་གཏམ་མི་བརྩི་གསང་གྲོས་སྤེལ། །འཐབ་རྩོད་ལ་དགའ་ངུ་འཁང་རྒོད། །མགུ་བའི་དུས་མེད་ཕྱི་ཐག་ཐུང་། །ཐ་མ་རླན་གྱིས་རུལ་བའམ། །རྩྭ་སྦུར་མེ་ཡིས་ཚིག་པ་ལྟར། །ཚེ་འདིར་བདེ་དགེ་མེད་པར་བྱེད། །ཕྱི་མ་ཤལ་མ་རི་ལ་འཁྲིད། །ཐར་མེད་འཁོར་བའི་རྒྱ་མཚོར་འཕེན། །བཟོད་མེད་སྡུག་བསྔལ་མྱོང་བར་བྱེད། །མདོར་ན་བུད་མེད་དབང་སོང་ན། །བདུད་ཀྱི་དབང་དུ་སོང་བ་ཡིན། །གཟུགས་དང་ལང་ཚོ་པགས་པའི་མདོག །ལེགས་ཀྱང་ནང་ནི་མི་གཙང་མཛོད། །ཁ་རུ་ཟོས་ཚད་ཁོང་དུ་རུལ། །རྐུབ་ནས་ཟག་པ་མི་ཤེས་སམ། །མཛེས་པར་སྣང་བ་གོས་རྒྱན་མདངས། །ལུས་ནི་བམ་རོ་རུལ་བ་དང་། །ཁྱད་པར་མེད་ཕྱིར་ཁ་རྐུབ་ནས། །རུལ་དྲི་བྲོ་བ་མ་ཚོར་རམ། །ཕྱག་དར་ལ་སོགས་རྫས་གཞན་ལས། །བཤང་གཅི་དག་ལ་རྩོག་བལྟ་ན། །ཆགས་པ་སྐྱེ་ཡུལ་མངལ་གྱི་སྒོར། །གཅི་བ་འབྱུང་བ་མི་ཤེས་སམ། །འཁྲིག་པ་སྤྱད་པས་ཁུ་རྡུལ་འཛག །དེ་ཟག་རྩ་ཉམས་རླུང་སྐྱོན་འབྱུང་། །རྐྱེན་དེས་ཚེ་ཉམས་དབུགས་ཀྱང་སྡུད། །གྲང་ནད་ལྷག་པར་སྡང་བར་འགྱུར། །གཉིས་སྦྱོར་འདོད་པའི་བདེ་བ་ནི། །ཡུད་ཙམ་ཞིག་གིས་མེད་པར་འགྱུར། །མི་ཚངས་སྤྱོད་པའི་འབྲས་བུ་ནི། །མ་མྱོང་བར་དུ་ཆུད་མི་ཟ། །འདོད་སྲེད་ལན་ཚྭའི་བཏུང་བ་འདྲ། །ཇི་ཙམ་སྤྱད་ཀྱང་ངོམས་དུས་མེད། །དེ་ཕྱིར་བག་ཡོད་ཁྲེལ་ལྡན་པས། །ཆོག་ཤེས་ཤིང་ལྟར་གནས་པར་འཚལ། །གསང་ཆེན་ལམ་ཞུགས་རྣལ་འབྱོར་བས། །རླུང་སེམས་ཐིག་ལེ་ལས་སུ་རུང་། །འཕོ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། །ལས་རྒྱ་བརྟེན་པ་མ་གཏོགས་པ། །རྒྱལ་བསྟན་སྒོར་ཞུགས་བཙུན་པ་རྣམས། །དུས་དང་རྣམ་པ་ཐམས་ཅད་དུ། །ཕུང་ཁྲོལ་ཆེ་ཞིང་མནོག་ཆུང་བའི། །འདོད་པ་དོན་དུ་མི་གཉེར་བར། །དགའ་དང་གུས་དང་དད་པའི་བློས། །དྲན་དང་ཤེས་བཞིན་བག་ཡོད་པས། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །དང་དུ་བླངས་ནས་འབད་པར་རིགས། །ཚུལ་འདི་རང་དང་རང་འདྲ་བའི། །ཉན་ཐོས་བྱིས་པའི་བློ་ཅན་འགའ། །བུད་མེད་བརྟེན་པས་ཉམས་གྱུར་པ། །མཐོང་ཚེ་གཞན་ལ་ཕན་ཕྱིར་བྲིས། །གསང་སྔགས་ལམ་ལ་རྗེས་སློབ་ཕྱིར། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པའི་ལྟུང་བ་ཕོག་གྱུར་ན། །སྐུ་གསུམ་ཡེ་ཤེས་མཁའ་འགྲོར་བཤགས། །འདུལ་བ་ཆོས་འཁོར་ཐོག་མ་དང་། །ཚུལ་ཁྲིམས་བསླབ་གསུམ་དང་པོ་རུ། །གསུངས་ཕྱིར་ལེགས་ཆ་ཅུང་སྲིད་ན། །བསྟན་འགྲོའི་ཕུན་ཚོགས་རྒྱུ་རུ་བསྔོ། །དེ་མཐུས་ཐུབ་པའི་དབང་པོ་ཡི། །བསྟན་ལ་རབ་ཏུ་བྱུང་བ་ཀུན། །ཚངས་སྤྱོད་བརྟུལ་ཞུགས་མི་ཉམས་ཤིང་། །ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །ཅེས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ནང་ཚན་བསླབ་པའི་གཞི་གསུམ་པ་ཚངས་པར་སྤྱོད་པའི་ཡན་ལག་ལས་བྱུང་བ་བུད་མེད་ཀྱི་ཉེས་པ་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད་ཅེས་བྱ་བ་འདི་ཡང་། རང་ཉིད་ཀྱིས་ལམ་སྦྱངས་སྟོབས་ཆུང་ཞིང་དུས་ལ་མ་བབས་པར་ལས་རྒྱ་བརྟེན་པས་ཉེས་ལྟུང་མང་པོ་བྱུང་བ་དང་། གཞན་རང་དང་འདྲ་བའི་བློ་དམན་མང་པོ་རྐྱེན་དེ་དང་དེ་ལྟ་བུས་ཉམས་ཤིང་སྨད་པར་གྱུར་པ་མཐོང་ནས། སོ་སྐྱེས་གཞན་དང་གཞན་དག་ལ་ཕན་དུ་རེ་བའི་བསམ་པས་ཀུན་ནས་བསླངས་ཏེ། ཤཱཀྱའི་དགེ་སྦྱོང་ཤིན་ཏེ་མ་ཆོས་དབྱིངས་ཀུན་གསལ་མིང་ཅན་གྱིས་ཤར་མར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ།། དགེའོ།། དགེའོ།།


previousབུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད།next