Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
 སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ།next

 སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ།

༄༅།   སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ། ཨོཾ་སྭ་སྟི། རྗེ་མཚུངས་མེད་དཔལ་ལྡན་བླ་མ་ལ། །བུས་སྙིང་ནས་འདུད་དོ་ཐུགས་རྗེས་གཟིགས། །སྲིང་དགེ་མ་ཆོས་དབྱིངས་བཟང་མོ་ཁྱོད། །ཆོས་སྙིང་ནས་བྱེད་ན་འདི་བཞིན་མཛོད། །རྟེན་དལ་འབྱོར་ནམ་མཁའི་པདྨོ་འདྲ། །ལས་བཟང་པོས་ལན་གཅིག་ཐོབ་ན་ཡང་། །དེ་མི་རྟག་རླུང་ནང་མར་མེ་འདྲ། །ཆོས་ཕྱི་བཤོལ་མ་བྱེད་བཙུན་ཆུང་མ། །ལས་རྒྱུ་འབྲས་དཔྱིད་ཀའི་ས་བོན་འདྲ། །རྒྱུ་གང་བསྒྲུབས་དེ་མཚུངས་འབྲས་བུ་སྨིན། །འགྲོ་དྲུག་པོ་ཐར་མེད་བཙོན་དོང་འདྲ། །དེར་འཇུག་བློ་མ་སྐྱེ་བཙུན་ཆུང་མ། །ཆོས་ཟབ་མོ་ནད་སེལ་བདུད་རྩི་འདྲ། །བསྟེན་ནུས་ཚད་གཏན་བདེའི་རྒྱལ་སྲིད་ཐོབ། །རྗེ་བླ་མ་ཡིད་བཞིན་དབང་རྒྱལ་འདྲ། །དེས་ཅི་གསུང་སྒྲུབས་ཤིག་བཙུན་ཆུང་མ། །ཚེ་འཁོར་བ་ཐོག་མེད་གདོད་མ་ནས། །དུས་ད་བར་འཇིག་རྟེན་གཡེང་བས་བསླུས། །ད་བདེ་འདོད་སྡུག་བསྔལ་མི་འདོད་ན། །བློ་ཆོས་ལ་གཏོད་ཅིག་བཙུན་ཆུང་མ། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བློ་བཀལ་ནས་སྐྱབས་སུ་འགྲོ་བ་འདི། །ཆོས་ཀུན་གྱི་རྩ་བར་རྒྱལ་བས་གསུངས། །འདི་མེད་ཐབས་མེད་དོ་བཙུན་ཆུང་མ། །ཡོངས་མཁའ་མཉམ་སྐྱེ་དགུའི་འགྲོ་བ་རྣམས། །སྔོན་ཕ་མར་མ་གྱུར་གཅིག་ཀྱང་མེད། །རང་གཅེས་བསྐྱངས་ད་ལྟའི་ཕ་མ་འདྲ། །བྱམས་སྙིང་རྗེ་སྒོམས་ཤིག་བཙུན་ཆུང་མ། །སྒོས་གསང་ཆེན་མཆོག་གི་ལམ་བཟང་འདིར། །སྐྱབས་ཀུན་འདུས་བླ་མའི་རྣལ་འབྱོར་ལ། །དུས་རྒྱུན་དུ་བརྩོན་པ་ལྷུར་ལེན་དགོས། །འདིས་བྱིན་རླབས་འཇུག་གོ་བཙུན་ཆུང་མ། །ད་ཡན་ཆད་བློ་སྣ་ཕྱིར་ཤོར་ནས། །དོན་མེད་པའི་རྣམ་གཡེང་འབའ་ཞིག་བསྒྲུབ། །དུས་ད་ནི་བློ་ཁ་ནང་ལོག་ནས། །སེམས་རྩད་གདར་ཆོད་ཅིག་བཙུན་ཆུང་མ། །ལར་ཕྱི་ནང་གཟུང་འཛིན་གཉིས་ཤེས་མཁན། །གཟུགས་དངོས་པོ་ཁ་ཏོག་མ་གྲུབ་པ། །རྐྱེན་བདེ་སྡུག་བཏང་སྙོམ་ཚོར་མཁན་དེ། །མིང་སེམས་སུ་བཏགས་སོ་བཙུན་ཆུང་མ། །དེ་སྒོ་ལྔ་གང་རུང་ལམ་བརྒྱུད་ནས། །ཕྱི་ཡུལ་ལྔའི་རྟོག་ཚོགས་ཤར་བ་ན། །དེ་རྣམ་རྟོག་ཐོལ་སྐྱེས་བྱ་བ་ཡིན། །འཕྲོ་རྦད་ཆོད་གྱིས་དང་བཙུན་ཆུང་མ། །སེམས་ཅུང་ཟད་གནས་པའི་ནང་ཞིག་ཏུ། །རྟོག་ཕྲ་བ་གཅིག་རྗེས་གཅིག་མཐུད་པ། །ངོས་ཟིན་དཀའ་འདྲ་དེ་ལྐོག་འགྱུ་ཟེར། །དེ་དྲན་པས་ཟིན་དགོས་བཙུན་ཆུང་མ། །སེམས་རྣམ་རྟོག་ཕྲ་རགས་གང་སྐྱེས་ཀྱང་། །དྲན་ཙམ་ནས་རང་སར་མ་བཅོམ་ན། །རྗེས་གཅོད་དམ་རྣམ་རྟོག་མཐའ་དེད་ཡིན། །རྟོག་རྗེས་དཔྱོད་མ་བྱེད་བཙུན་ཆུང་མ། །སྔར་མ་དྲན་རྟོག་པ་ཕྲ་རགས་ལ། །ཡིད་སེམས་པ་རྣམ་རྟོག་སྔོན་བསུ་ཡིན། །དེ་བསུས་ན་མི་ཟད་ཇེ་འཕེལ་འགྲོ། །ད་མདུན་མ་བསུ་ཞིག་བཙུན་ཆུང་མ། །དུས་ད་ལྟའི་ཤེས་པ་རང་བབས་སུ། །བློས་བཟོ་བཅོས་མེད་པར་འཇོག་ཤེས་ན། །མིང་ཤེས་པ་མ་བཅོས་སོ་མ་ཟེར། །སྒོམ་འདི་ལས་འབྱུང་ངོ་བཙུན་ཆུང་མ། །སེམས་འགྱུ་བ་ཕྲ་རགས་མ་སྐྱེས་ཀྱང་། །དེ་རང་ངོ་མ་ཟིན་ཐོམ་མེ་བ། །དེར་ཁ་ཅིག་ཧྭ་ཤང་ལྟ་བ་ཟེར། །འདི་གོལ་ས་ཡིན་ནོ་བཙུན་ཆུང་མ། །དཔེ་སེར་བུས་མ་བསྐྱོད་རྒྱ་མཚོ་བཞིན། །སེམས་ཕྲ་རགས་འགྱུ་བས་མ་བསྐྱོད་པར། །གཡོ་མེད་པར་གྱི་ལེར་གནས་གྱུར་ན། །དེ་ཞི་གནས་ཡིན་ནོ་བཙུན་ཆུང་མ། །སེམས་གསལ་སྟོང་བརྗོད་བྲལ་བློ་འདས་ཀྱང་། །གདངས་འགགས་མེད་རང་ངོ་རང་གིས་རིག །དཔེ་བྱིས་པས་མ་ངོ་མཐོང་བ་བཞིན། །འདི་རིག་པ་ཡིན་ནོ་བཙུན་ཆུང་མ། །དབྱིངས་བློ་འདས་ཀ་དག་སྤྲོས་བྲལ་ལ། །གཤིས་གསལ་སྟོང་རིག་པའི་གདངས་ཤར་བ། །དཔེ་སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །འདི་ལྷག་མཐོང་ཟེར་རོ་བཙུན་ཆུང་མ། །བློ་ཀུན་རྟོག་སྤྲིན་ཚོགས་དབྱིངས་སུ་དེངས། །དབྱིངས་སྟོང་གསལ་རིག་པའི་རང་འོད་འབར། །ཉམས་གང་ཤར་བཟོ་མེད་གཉུག་མའི་ངང་། །མིང་ཟུང་འཇུག་ཡིན་ནོ་བཙུན་ཆུང་མ། །ལས་གང་བྱེད་རྟོག་ཚོགས་ཅི་ཤར་ཡང་། །གཤིས་རིག་པའི་ངོ་བོ་མ་འགྱུར་བ། །རྗེ་བླ་མས་རྟོག་གྲོལ་རིས་མེད་ཟེར། །ཤར་ཙམ་ནས་གྲོལ་ལོ་བཙུན་ཆུང་མ། །ཐུན་ཐུན་མཚམས་སྤྱོད་ལམ་རྣམ་བཞི་རུ། །དབྱིངས་སྤྲོས་བྲལ་ངང་དུ་ལྷུན་འབྱམས་ན། །རྗེ་བླ་མས་མཉམ་རྗེས་དབྱེར་མེད་ཟེར། །འདི་ཡོད་པས་འཚེང་ངོ་བཙུན་ཆུང་མ། །རྐྱེན་བདེ་སྡུག་བཏང་སྙོམ་གང་བྱུང་ཡང་། །དོན་འགྱུར་མེད་རིག་པའི་རྩལ་དུ་གོ། །འདི་ཡོད་ན་རྐྱེན་ཐུབ་སྒོམ་པ་ཟེར། །གལ་ཤིན་ཏུ་ཆེའོ་བཙུན་ཆུང་མ། །བདེ་གསལ་དང་མི་རྟོག་སྟོང་པའི་ཉམས། །ལེགས་ལེགས་དང་བཟང་བཟང་ཅི་བྱུང་ཡང་། །དོན་ནང་རིག་གཉུག་མའི་ཡོ་ལང་གོ། །འདི་ཀུན་ལ་དགོས་སོ་བཙུན་ཆུང་མ། །རྐྱེན་བཟང་ངན་ཅི་བྱུང་དབྱིངས་སུ་གཅིག །དོན་གནས་ལུགས་སྤངས་བླང་བྲལ་ཐོབ་མེད། །ཉམས་གང་ཤར་སྤྱོད་པ་ཤུགས་འབྱུང་སྐྱོངས། །མིང་སྒོམ་ཆེན་ཟེར་རོ་བཙུན་ཆུང་མ། །ཆོས་སྦྱོར་བ་དྲུག་དང་རྫོགས་ཆེན་གྱི། །ལམ་ཟབ་མོའི་རྣམ་བཞག་མཐའ་ཡས་ཀྱང་། །འདི་ཙམ་ལས་དུས་མ་ཡིན་པས་གསང་། །དུས་བབས་ན་སྨྲའོ་བཙུན་ཆུང་མ། །མགོ་སྐྲ་ལོ་དཀོན་མཆོག་དྲུང་ཕུལ་ནས། །མིང་བརྗེས་ནས་ཆོས་པའི་གཟུགས་བཟུང་ཕྱིན། །བློ་དཀར་པོའི་ལས་ལ་ཕྱོགས་ནས་སུ། །དགེ་ཅི་འགྲུབ་དགོས་སོ་བཙུན་ཆུང་མ། །ལུས་མཛེས་མཛེས་ཆོས་པའི་གཟུགས་བཟུང་ཀྱང་། །སེམས་འཁོར་བའི་ཆོས་ལ་ཕྱིར་ཕྱོགས་ནས། །དུག་གསུམ་གྱི་ལས་ལ་གཡོ་ཟོལ་མཁན། །དེས་ངན་སོང་མྱོང་ངོ་བཙུན་ཆུང་མ། །ཐར་འདོད་ན་འཁོར་བར་ངེས་འབྱུང་དང་། །སྡོམ་དམ་ཚིག་མིག་དང་སྙིང་ལྟར་སྲུངས། །རྗེ་བླ་མ་རྒྱུན་དུ་འབྲལ་མེད་སྒོམ། །གནད་འདི་ལ་ཚང་ངོ་བཙུན་ཆུང་མ། །ལར་འཁོར་བའི་གནས་ལ་ཞེན་ལོག་དང་། །ལས་རྒྱུ་འབྲས་བསླུ་མེད་ཡིད་ཆེས་དང་། །ཆོས་ཟབ་མོ་སྒྲུབ་པའི་སྐལ་ལྡན་ན། །དོན་དེ་ལས་མེད་དོ་བཙུན་ཆུང་མ། །ང་ཨ་བུ་བླུན་རྒན་ཅོལ་ཆུང་ལ། །ཚིག་དེ་ལས་ལྷག་པའི་སྙིང་གཏམ་མེད། །ཁྱོད་སྲིང་མོའི་སེམས་ལ་ཕན་ཕྱིར་སྨྲས། །དོན་ཉམས་སུ་ལོངས་ཤིག་བཙུན་ཆུང་མ། །གླུ་འདི་ཐོས་འགྲོ་བ་ཕོ་མོ་ཀུན། །བསྐལ་མང་པོའི་སྡིག་སྒྲིབ་མྱུར་དག་ནས། །ཆོས་རྡོ་རྗེ་ཐེག་པའི་ལམ་བཟང་ལས། །གཞི་གདོད་མའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དོན་ལ་ཉོན་མོངས་དུག་ལྔའི་རྟོག་པ་མེ་ལྟར་འབར་ཡང་། མིང་སྤྲུལ་མིང་དུ་འབོད་པ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོས་རང་ལོ་ཉེར་ལྔ་པ་ཤིང་མོ་ལུག་གི་ལོ་མཇུག་མགོ་ཟླའི་ཡར་ངོ་ཚེས་བཅུར་སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པའོ།། སརྦ་མངྒ་ལཾ།།


previous སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ།next