Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀྲ་ཤིས་བརྩེགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀྲ་ཤིས་བརྩེགས་པ།next

བཀྲ་ཤིས་བརྩེགས་པ།

༄༅། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་བཞུགས་སོ།།

༄༅། རྒྱ་གར་སྐད་དུ། ཨརྱ་མངྒ་ལཾ་ཀཱུ་ཊ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ་གུ་ཎ་བྷྱུ་ཧ་ར་ཛ། བོད་སྐད་དུ། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བོ་མཆོག་གི་གནས། བཀྲ་ཤིས་བརྩེགས་པའི་ཕོ་བྲང་། མེ་ཏོག་བརྩེགས་པའི་ཚལ། རྡོ་རྗེ་བརྩེགས་པའི་གུར་ཁང་། རིན་པོ་ཆེ་སྤུངས་པའི་ཁྲིར་གེ་སར་པདྨའི་གདན་ལ་བཞུགས་ཏེ། བཀྲ་ཤིས་དོན་གྱི་ལྷ་རྒྱལ་བ་རིགས་ལྔ་དང་། བཀྲ་ཤིས་འབྱུང་བའི་དཔལ་རྣམ་པར་གཟིགས་དང་། བློ་གྲོས་མཆོག་དང་། ཚེ་དཔག་མེད་དང་། བཀྲ་ཤིས་འོད་སྲུང་དང་། བཀྲ་ཤིས་དམ་པའི་ཏོག་ཅན་སོགས་བཀྲ་ཤིས་པའི་འཁོར་ཕྱོགས་བཅུའི་བདེ་གཤེགས་མང་པོ་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་མཆོག་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་སྡུད་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་རྒྱན་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་ཀུན་ཏུ་གཟིགས་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་ཡོངས་སུ་ཁྱབ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་ཆུའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་མེའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རླུང་གི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་དང་། བཀྲ་ཤིས་མཁྱེན་པ་དང་ལྡན་པ་འཇམ་དཔལ་དང་། བཀྲ་ཤིས་ཐུགས་རྗེ་དང་ལྡན་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བཀྲ་ཤིས་མཐུ་སྟོབས་དང་ལྡན་པ་ལག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའ་ཆེན་པོ་སྟོང་རྩ་བརྒྱད་དང་། བཀྲ་ཤིས་དང་ལྡན་པ་ཤཱ་རིའི་བུ་དང་། མཽའུ་གལ་གྱི་བུ་དང་། རབ་འབྱོར་དང་། འོད་སྲུང་ཆེན་པོ་དང་ཀུན་དགའ་བོ་སོགས་བཀྲ་ཤིས་པའི་འཁོར་སྟོང་ཕྲག་བརྒྱད་དང་། གཞན་ཡང་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། མི་དང་མི་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་དང་ཐབས་གཅིག་ཏུའོ།། དེའི་ཚེ་དེའི་དུས་ན་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་མང་དུ་མཛད་དེ། དེ་བཞིན་གཤེགས་པའི་དྲུང་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཀྲ་ཤིས་དང་ལྡན་པའི་འཁོར་དཔག་ཏུ་མེད་པ་རྣམས་ལ། ཐོག་མཐའ་བར་དུ་དགེ་བ། བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་ཞིང་བཀྲ་ཤིས་པ་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པ། ཉེས་སྐྱོན་ཐམས་ཅད་སེལ་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་སྡུད་པ། དཔལ་དང་སྐལ་བ་བཟང་པོར་བྱེད་པའི་མདོ་ཞིག་བསྟན་ཏུ་གསོལ། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་དང་བཅས་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དང་གཞན་ཡང་བཀྲ་ཤིས་པར་བྱེད་པའི་འཁོར་རྣམས་ཉོན་ཅིག ངས་སྔོན་བྲམ་ཟེའི་ལུས་ཀྱིས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཚེ་ལོ་སྟོང་ཐུབ་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་བཀྲ་ཤིས་ཐམས་ཅད་འབྱུང་བའི་དཔལ་གཟི་བརྗིད་འོད་ཅེས་བྱ་བ་ལས་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཡོན་ཏན་སྟོང་དང་ལྡན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བཟུངས་ཤིང་བཅངས་ལ་བཀླགས་ཤིང་བཤད་དེ། དེ་ནི་ཐོས་ཤིང་བརྗོད་པ་ཙམ་གྱིས་ཀྱང་། ཐོག་མར་བཀྲ་ཤིས་ཤིང་དགེ་བ། བར་དུ་བཀྲ་ཤིས་ཤིང་དགེ་བ། ཐ་མར་བཀྲ་ཤིས་ཤིང་དགེ་བ་སྟེ་སྐྱེ་འགྲོ་མཐའ་དག་ལས་དང་རྐྱེན་གྱི་དབང་གིས་ཚེ་ཐུང་ཞིང་ནད་མང་བ་དང་། དམུས་ལོང་ལྐུགས་པ་གཟི་མིག་ཤོ་ཏིག་དང་། ཞ་སྒུར་ཤ་བཀྲ་དྭ་སྒལ་ལྦ་བ་དང་། ཤ་རོ་ཤ་ལྷག་ཤ་འཛེར་ཅན་དང་། ཡན་ལག་དང་ཉིང་ལག་དང་དབང་པོ་ལ་ཆད་ལྷག་སོགས་མཚན་རྟགས་ངན་པ་དང་། མོ་ངན་པ་དང་། རྨི་ལྟས་དང་པྲ་ལྟས་ངན་པ་དང་། ལྟས་ངན་པ་སོགས་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་ཞིང་། བཀྲ་ཤིས་པ་དང་དཔལ་དང་བསོད་ནམས་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པ། ལོ་ཟླ་དུས་ཚོད་ཚེས་གྲངས་དང་། གཟའ་སྐར་ཉེས་པ་དང་། འབྲི་ཀློག་དང་འཆད་སྒོམ་ཉེས་པ་དང་། ལས་བྱ་བ་དང་ཟས་ཟ་བ། གོས་བཙེམ་པ་དང་ཁྱིམ་དབུབ་པ། ལམ་དུ་འཇུག་པ་རྣམས་ཉེས་པ་དང་། གྲོགས་བཙལ་བ་དང་ཁྱིམ་དབུབ་པ། བགྲོད་པ་དང་བཙའ་བ། ནོར་དང་རྟ་ཕྱུག་བསྲེལ་བ་རྣམས་ཉེས་པ་དང་། ན་བ་ཤི་བ་རོ་དྲང་བ། དུར་གདབ་པ་ཤིད་བྱ་བ་ཉེས་པ་སོགས་ཀྱི་ཉེས་སྐྱོན་ཐམས་ཅད་སེལ་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་སྡུད་པར་བྱེད་པ། དཔལ་དང་སྐལ་བ་བཟང་པོར་བྱེད་པའོ། །འཇམ་དཔལ་དེ་ལྟ་བུའི་བཀྲ་ཤིས་བརྩེགས་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ཆོས་ཀྱི་ཕུང་པོ་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཁྱོད་ལ་ངས་བསྟན་གྱིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག ཅེས་བཀའ་སྩལ་ཏོ། །དེ་ནས་འཇམ་དཔལ་གྱིས་དེ་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ནས་མཉན་པ་དང་། བཅོམ་ལྡན་འདས་གྱིས་བཀའ་སྩལ་པ། འཇམ་དཔལ་དེ་ལྟ་བུའི་ཡོན་ཏན་དེ་མཐའ་ཡས་ཤིང་དཔག་ཏུ་མེད་པ་དང་ལྡན་པར་འདོད་པ་དེས། ཐོག་མར་བཀྲ་ཤིས་པར་བྱེད་པའི་རིགས་སྔགས་འདི་ལྟར་བརྗོད་པར་བྱའོ། །བཀྲ་ཤིས་དོན་གྱི་ལྷ་རྒྱལ་བ་རིགས་ལྔ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་མཆོག་གི་ལྷ་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་གྱི་ལྷ་ཕྱོགས་སྐྱོང་བའི་མགོན་པོ་རྣམས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཐམས་ཅད་འབྱུང་བའི་དཔལ་གཟི་བརྗིད་འོད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་མཆོག་གི་འབྱུང་གནས་དོན་ཐམས་ཅད་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སཱདྱ་ཐེ་དན། བྷི་ཛཱ་ཡ་བྷི་ཛཱ་ཡ། ཨུག་ཀེ་ཨུག་ཀེ། སྭ་སྟི་སྭ་སྟི། ཀྲ་པ་ཏི་ཀྲ་པ་ཏི། ཨ་མུ་ཁེ་ཧ་ཨ་མུ་ཁེ་ཧ། བི་པྲ་པཱ་ར་དྷ་སྭ་སྟི་མ་ཧཱ་ཀྵེ། མུ་ནེ་མུ་ནེ། གུ་ར་ཎེ་གུ་ར་ཎེ། ཨ་ཁེ་མུ་ཁེ་མུ་ར་ཁེ་མུ་ར་ཁེ། ཨ་པྲ་མ་ཏི་མུནྟེ། གུར་ཎ་ཡ། སྭ་སྟི་སྭ་སྟི། སརྦ་སིདྡྷི་བྷྲུཾ་བྷྲུཾ་བྷྲུཾ། མུ་ལེ་མུ་ལེ། ཀེ་ཤེ་ཀེ་ཤེ། ཙུརྞ་ཙུརྞ། བྷེ་ར་མ་ལེ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དེ་ནས་ཚིག་འདི་ཡང་རབ་ཏུ་བརྗོད་དོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བསྲུང་དུ་གསོལ། སྐྱབ་ཏུ་གསོལ། བཀྲ་ཤིས་པར་གྱུར་ཅིག ཕྱི་རུ་བཀྲ་ཤིས་རྣམ་པར་དག་པའི་མཁའ། །ནང་དུ་བཀྲ་ཤིས་སེམས་ཉིད་དག་པའི་ཀློང་། །གསང་བའི་བཀྲ་ཤིས་ཆོས་ཉིད་དག་པའི་དབྱིངས། །མཁའ་ཀློང་དབྱིངས་གསུམ་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས། །གཟའ་དང་སྒྱུ་སྐར་མང་པོའི་ཚོགས་ཀྱིས་བསྐོར། །ས་ལ་བཀྲ་ཤིས་འབྱུང་བ་ལྔ། །རྩི་ཤིང་ལོ་འབྲས་མེ་ཏོག་རྒྱས་པར་བཀྲམ། །བར་ན་བཀྲ་ཤིས་དཀོན་མཆོག་གསུམ། །ཕུན་ཚོགས་དཔལ་གྱི་སྣང་བས་ཕྱོགས་ཀུན་ཁྱབ། །གནམ་ས་བར་གྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མོ་བུདྡྷ་ཡ་ཨོཾ། ན་མོ་དྷརྨ་ཡ་ཨཱཿ ན་མོ་སཾ་གྷ་ཡ་ཧཱུྃ། དབུས་ན་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །ཆོས་དབྱིངས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ན་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ།།མེ་ལོང་ཡེ་ཤེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ན་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་གནས་བཀྲ་ཤིས་དོན་གྱི་ལྷ། །མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ན་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སོར་རྟོག་ཡེ་ཤེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ན་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པ་བཀྲ་ཤིས་དཔལ་གྱི་ལྷ། །བྱ་གྲུབ་ཡེ་ཤེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཨོཾ་བུདྡྷ་ཡ་དྷུ། ཧཱུྃ་བཛྲ་ཡ་དྷུ། སྭཱ་རཏྣ་ཡ་དྷུ། ཨཾ་པདྨ་ཡ་དྷུ། ཧཱ་ཀརྨ་ཡ་དྷུ། བདག་དང་སྒྱུ་སྦྱོར་ཡོན་བདག་གིས། །སངས་རྒྱས་རྣམས་ཀྱིས་བྱིན་རླབས་པའི། །མདོ་སྡེ་འདི་བརྗོད་བསོད་ནམས་ཀྱིས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཅིང་། །ཉི་ཟླ་ལྟ་བུར་ཀུན་གསལ་ལ། །སྐར་ཚོགས་ལྟ་བུར་གྲངས་མང་ཞིང་། །སྤྲིན་ཕུང་ལྟ་བུར་ལྷུན་འཐུག་སྟེ། །འཇའ་ཚོན་ལྟ་བུར་རབ་མཛེས་ཤིང་། །རི་རབ་ལྟ་བུར་བརྗིད་ཅིང་བརྟན། །ས་གཞི་ལྟ་བུར་ཀུན་བསྐྱེད་ཅིང་། །རྒྱ་མཚོ་ལྟ་བུར་གཏིང་ཟབ་སྟེ། །ལྗོན་ཤིང་ལྟ་བུར་རབ་རྒྱས་ཤིང་། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་བཀྲ་ཤིས་ཆར་བཞིན་འབེབ་གྱུར་ཅིག། ཨོཾ་ཨཱཿཧཱུྃ་རཏྣ་བྷྲུཾ་ཧྲཱི༔ནྲི་ཨ། ཤར་ཕྱོགས་བཀྲ་ཤིས་རིན་ཆེན་ཡོད་པའི་དཔལ། །རིན་ཆེན་འབྱུང་གནས་བཀྲ་ཤིས་དཔལ་གྱི་ལྷ། །འོད་ཟེར་ཀུན་ནས་འབྱུང་སོགས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ཕྱོགས་བཀྲ་ཤིས་མྱ་ངན་མེད་པ་ནས། །མྱ་ངན་མེད་དཔལ་བཀྲ་ཤིས་འབྱུང་བའི་ལྷ། །མྱ་ངན་མེད་སོགས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ཕྱོགས་བཀྲ་ཤིས་ཉེ་བར་ཞི་བ་ནས། །རིན་ཆེན་འོད་འཕྲོ་བཀྲ་ཤིས་དཔལ་གྱི་ལྷ། །སྤྱོད་པའི་བློ་གྲོས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ཕྱོགས་བཀྲ་ཤིས་རྒྱལ་བའི་ཞིང་གི་རྒྱན། །རྒྱལ་བའི་དབང་པོ་བཀྲ་ཤིས་དཔལ་གྱི་ལྷ། །རྒྱལ་བས་བྱིན་སོགས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ལྷོ་བྱང་ཆུབ་རྒྱན་ཡིད་འོང་བ་ནས། །པདྨོ་དམ་པ་བཀྲ་ཤིས་དཔལ་གྱི་ལྷ། །ལག་ན་པདྨོ་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ནུབ་བཀྲ་ཤིས་རྡུལ་དང་བྲལ་བ་རུ། །ཉི་དཀྱིལ་སྣང་བ་དམ་པ་དཔལ་གྱི་ལྷ། །ཉི་མ་རབ་སྣང་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་བྱང་བཀྲ་ཤིས་དབང་དུ་གྱུར་པ་ནས། །གདུགས་མཆོག་དམ་པ་བཀྲ་ཤིས་དཔལ་གྱི་ལྷ། །རིན་ཆེན་མཆོག་སོགས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ཤར་བཀྲ་ཤིས་ཏིང་འཛིན་རྒྱན་ཞིང་ནས། །ཏིང་འཛིན་གླང་པོ་དམ་པ་དཔལ་གྱི་ལྷ། །རྣམ་རྒྱལ་གནོན་སོགས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འོག་ཕྱོགས་བཀྲ་ཤིས་པདྨོའི་ཞིང་མཆོག་ནས། །པདྨོའི་དཔལ་ཞེས་བཀྲ་ཤིས་འབྱུང་བའི་ལྷ། །པདྨོ་དམ་པ་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྟེང་ཕྱོགས་བཀྲ་ཤིས་མདངས་ལྡན་དགའ་བ་ནས། །དགའ་བའི་དཔལ་ཞེས་བཀྲ་ཤིས་འབྱུང་བའི་ལྷ། །དགའ་བས་བྱིན་སོགས་འཁོར་བཅས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་མཇེད་བཀྲ་ཤིས་བྱ་རྒོད་ཕུང་པོའི་རིར། །ཤཱཀྱ་ཐུབ་པ་བཀྲ་ཤིས་དཔལ་གྱི་ལྷ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་མཆོད་སྦྱིན་བརྒྱ་ལྡན་ཡུལ་སོགས་ནས། །འབུམ་ཕྲག་བརྒྱ་པ་བཀྲ་ཤིས་འབྱུང་བའི་གནས། །ཆོས་ཕུང་བརྒྱད་ཁྲི་ཡོངས་རྫོགས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནས་མཆོག་བཀྲ་ཤིས་ལྷ་ཀླུ་མིའི་ཡུལ་ནས། །ཉེ་སྲས་དགྲ་བཅོམ་བཀྲ་ཤིས་མངའ་བའི་ལྷ། །ཐེག་གསུམ་ལམ་གནས་འཁོར་བཞིའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མངྒ་ལཾ་སྭཱ་སྟི་སིདྡྷི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །དམིགས་པ་མེད་པ་སྦྱིན་པའི་ཕ་རོལ་ཕྱིན། །སྦྱིན་པ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཆལ་བ་མེད་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཚུལ་ཁྲིམས་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱུང་ཚོར་མེད་པ་བཟོད་པའི་ཕ་རོལ་ཕྱིན། །བཟོད་པ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལེ་ལོ་མེད་པ་བརྩོན་འགྲུས་ཕ་རོལ་ཕྱིན། །བརྩོན་འགྲུས་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྱུར་ལྡོག་མེད་པ་བསམ་གཏན་ཕ་རོལ་ཕྱིན། །བསམ་གཏན་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཁྲུལ་བ་མེད་པ་ཤེས་རབ་ཕ་རོལ་ཕྱིན། །ཤེས་རབ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གང་ཡང་མ་འགགས་ཐབས་ཀྱི་ཕ་རོལ་ཕྱིན། །ཐབས་མཁས་མཆོག་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མ་ཆགས་ཐོགས་མེད་སྟོབས་ཀྱི་ཕ་རོལ་ཕྱིན། །སྟོབས་ཆེན་ཤུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རེ་དོགས་མེད་པ་སྨོན་ལམ་ཕ་རོལ་ཕྱིན། །སྨོན་ལམ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྨོངས་པ་མེད་པ་ཡེ་ཤེས་ཕ་རོལ་ཕྱིན། །ཡེ་ཤེས་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐབས་ཤེས་མཐར་ཕྱིན་ཕ་རོལ་ཕྱིན་པ་བཅུ། །ཕ་རོལ་ཕྱིན་བཅུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ལེགས་ཡོན་ཏན་ཐམས་ཅད་མྱུར་ཐོབ་ཤོག །ཨོཾ་སྭཱ་སྟི། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་ཡེ་སྭཱ་ཧཱ། །མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀུན་ལ་དབང་བསྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོག་རྟོག་དཔུང་འཇོམ་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐམས་ཅད་ཀུན་བསྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ལེགས་ཡོན་ཏན་མ་ལུས་མྱུར་ཐོབ་ཤོག། ཨོཾ་བྷེ་ཤ་ཏེ་རཏྣ་བྷེ་ཤ་ཏེ་ས་མུཏྒ་ཏེ་ཡེ་སྭཱ་ཧཱ། ཨོཾ་བཻཌཱུརྱ་ས་ལེ་སྦྲཾ་ཁྲོཾ་རྩེ་སྨ་རཙྪ་དྷ་ནཉྩེ་ཡེ་སྭཱ་ཧཱ། ན་མོ། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །དབུ་ལ་བཀྲ་ཤིས་གདུགས་མཆོག་ཉོན་མོངས་སྐྱོབས། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་ཕྲིན་ལས་འཁོར་ལོ་མངའ། །སྟོན་པའི་མཚན་དཔེ་ལས་བྱུང་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདག་ཅག་རྣམས་ལ་རྟག་ཏུ་བཀྲ་ཤིས་ཤོག །དྲི་མེད་རྣམ་དག་བཀྲ་ཤིས་མེ་ལོང་དང་། །ཚེ་སྤེལ་གདོན་སྐྱོབས་བཀྲ་ཤིས་དུར་ཝའི་རྩྭ། །དུག་འཇོམ་ནད་སེལ་བཀྲ་ཤིས་གི་ཧཾ་སྨན། །གཟི་འོད་མདངས་འཕེལ་བཀྲ་ཤིས་འོ་ཐུག་ཞོ། །སྙན་གྲགས་རྒྱས་བྱེད་བཀྲ་ཤིས་གཡས་འཁྱིལ་དུང་། །དབང་གི་རྫས་མཆོག་བཀྲ་ཤིས་ལི་ཁྲི་དང་། །བཅུད་ལྡན་སྙིང་པོ་བཀྲ་ཤིས་བིལ་བའི་འབྲས། །བདུད་བགེགས་མཐར་བྱེད་བཀྲ་ཤིས་ཡུངས་དཀར་སྟེ། །སྟོན་པས་བྱིན་རླབས་བཀྲ་ཤིས་རྫས་མཆོག་བརྒྱད། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །དངོས་གྲུབ་མཆོག་བརྙེས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །ཨོཾ་སརྦ་ཨ་ཡུརྫྙ་ན་རཏྣ་ཧ་མུ་ཀི་བྷྲུཾ་བྷྲུཾ་བྷྲུཾ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྟི་སྭ་སྟི་སྭ་སྟི། སྐུ་ཡི་བཀྲ་ཤིས་སྐྱེ་མེད་ཆོས་ཀྱི་སྐུ། །གསུང་གི་བཀྲ་ཤིས་དམ་ཆོས་བདུད་རྩིའི་སྒྲ། །ཐུགས་ཀྱི་བཀྲ་ཤིས་མཉམ་ཉིད་འཁྲུལ་བ་མེད། །ཡོན་ཏན་བཀྲ་ཤིས་འགྲོ་དྲུག་སྡུག་བསྔལ་སེལ། །ཕྲིན་ལས་བཀྲ་ཤིས་རྩོལ་མེད་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཀྲ་ཤིས་གང་། །དམ་པ་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །སྣོད་བཅུད་མ་ལུས་བདེ་ལེགས་ཤོག །ཀུན་ཀྱང་བདེ་སྐྱིད་མཆོག་ཐོབ་ཤོག །ཨོཾ་སྐཾ་ཀཱ་ར་སྐཾ་ཀཱ་ར་ནིརྒཙྪ་ཏ་ནིརྒཙྪ་ཏ་ཨོཾ་སྭ་སྟི་སིདྡྷིཾ། ཞེས་བཀའ་སྩལ་ཏོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་མདོ་སྡེ་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། འདིའི་ཆོ་ག་ཡང་ཇི་ལྟར་བགྱི། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ནི་སྡིག་སྒྲིབ་དང་སྡུག་བསྔལ་དང་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་མེད་པར་བྱེད་པ། བསོད་ནམས་དང་ལེགས་པའི་ཡོན་ཏན་དང་བཀྲ་ཤིས་ཀྱི་ཚོགས་ཐམས་ཅད་སྡུད་པར་བྱེད་པའི་མདོ་སྡེ་ཡོན་ཏན་བརྩེགས་པ་ཆེན་པོ་ཞེས་བྱ་བ་སྟེ། འདི་དེ་ལྟར་ཟུངས་ཤིག འཇམ་དཔལ་འདིའི་ཆོ་ག་ནི། དཀོན་མཆོག་གསུམ་གྱི་ཕོ་བྲང་དང་གཙུག་ལག་ཁང་བཞེངས་པ་དང་། མཆོད་རྟེན་དང་འབུམ་པ་བཞེངས་པ་དང་། སྐུ་གདུང་དང་གསུང་རབ་བཞེངས་པ་དང་། གླེགས་བམ་སོགས་ལ་རབ་གནས་བྱེད་པ་དང་། ཡུལ་མཁར་དང་ཁང་ཁྱིམ་གསར་དུ་བརྩིགས་ཤིང་དབུབ་པ་དང་། བུ་ཚ་ཁྱེའུ་བཙས་པ་དང་། བུ་མོ་བག་མ་གཏོང་ལེན་བྱེད་པ་དང་། རོ་འདོན་པ་དང་། ཤིད་བྱེད་པ་དང་། དུར་འདེབས་པ་དང་། གཞན་ཡང་བཀྲ་མི་ཤིས་པ་དང་། ལྟས་ངན་པ་སོགས་ཉེས་སྐྱོན་ཐམས་ཅད་བཟློག་ཅིང་བསྒྱུར་བར་བྱེད་པའི་ཕྱིར། ཁ་ཟས་གཙང་ཞིང་བསོད་པ་རོ་བྲོ་བའམ། ནས་འབྲས་ཏིལ་ལ་སོགས་པའི་འབྲུ་སྣའམ། ཤིང་ཏོག་གམ། འབྲུ་བཅུད་སྦྲང་རྩིའམ། ཞུན་མར་རམ། འབྲང་རྒྱས་ལྟ་བུ་ལ་བརྗོད་པར་བྱའོ། །དེས་ཕན་པའི་ཡོན་ཏན་གང་གིས་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་ནས་འདི་ལྟར། སངས་རྒྱས་ཞལ་ནས་གསུངས་པ་ཡི། །བཀྲ་ཤིས་བརྩེགས་པའི་སྨོན་ལམ་མདོ། །ལེགས་པར་བརྗོད་པའི་བསོད་ནམས་ཀྱིས། །མི་ཤེས་ཉེས་སྐྱོན་ཀུན་ཞི་ནས། །ཚེ་འདིར་བདེ་སྐྱིད་ཚེ་རིང་ཞིང་། །བཀྲ་ཤིས་དཔལ་དང་བསོད་ནམས་འཐོབ། །ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་། །ཕྱི་མ་བླ་མེད་འབྲས་བུ་ཐོབ། །ཅེས་དེ་སྐད་ཅེས་བཀའ་སྩལ་པ་དང་། བཀྲ་ཤིས་དང་ལྡན་པའི་འཁོར་འཇིག་རྟེན་ལས་འདས་པ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེནྟྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཞིང་ཕབ་པའོ།། ༈ ཞེས་པ་འདིའི་ཁྱད་པར་དཔེ་སྔ་མ་དང་མི་མཐུན་པ་རྣམས་སྔར་གྱི་རྒྱ་ཇའི་ཤོག་སེར་ལྟ་བུ་ཞིག་ལ་བྲིས་པ་བྲག་རྡོའི་སེར་ཀ་ཞིག་ནས་ལུང་མ་བསྟན་དུ་རྙེད་པ་ལ་ཞིབ་ཏུ་བལྟས་པས་འདི་ལྟ་བུར་འདུག་པ་མགོ་སྔགས་འཇིགས་རྣམ་པས་ཨ་མཚར་དུ་བྲིས་པ་དུས་རྣམས་ཀུན་དུ་བཀྲ་ཤིས་བདེ་ལེགས་འཕེལ་ཞིང་བརྟན་པའི་རྒྱུར་གྱུར་ཅིག


previousབཀྲ་ཤིས་བརྩེགས་པ།next