Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་།next

བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་།

དཔལ་ལྡན་བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོ་ཞེས་བྱ་བ་བི་ཛ་ཧ་རཾ། ཨོཾ་སྭ་སྟི། མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔའི་བདག་ཉིད། །བླ་མ་འཇམ་དབྱངས་ལ་བཏུད་ནས། །སྤྲོས་མེད་དབེན་པའི་རྣལ་འབྱོར་པས། །རྒྱུན་གྱི་ཉམས་ལེན་འཁྱེར་བདེ་བར། །བླ་མ་དཔལ་ལྡན་འཇམ་དབྱངས་ཀྱི། །རྣལ་འབྱོར་འདོད་འབྱུང་དབང་རྒྱལ་སྤྲོ། །དེ་ལ་སྦྱོར་དངོས་རྗེས་དང་གསུམ། །དང་པོ་སྐྱབས་སེམས་ཚད་མེད་བཞི། །གཞན་ལྟར་ཡང་དག་བསྒོམ་པ་ནི། །ལུས་སེམས་རྣལ་དུ་གནས་བྱས་ལ། །འགྲོ་རྣམས་བསྒྲལ་འདོད༴སོགས། སེམས་བསྐྱེད་བགྱི། །སེམས་ཅན་བདེ་དང༴སོགས། རྟོགས་པར་ཤོག །གཉིས་པ་དངོས་གཞི་ལ་ཡང་བཞི། །ཐོག་མར་ཚོགས་ཞིང་གསལ་གདབ་ནི། །མདུན་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །འདབ་སྟོང་པདྨ་ཟླ་གདན་ལ། །སྐྱབས་གནས་མ་ལུས་འདུས་པའི་དཔལ། །བཀའ་དྲིན་གསུམ་ལྡན་བླ་མ་རྗེ། །རྣམ་སྣང་རྡོ་རྗེ་འཇམ་པའི་དབྱངས། །གུར་གུམ་མདངས་ལྡན་མཚན་དཔེས་སྤྲས། །ཕྱག་གཡས་ཤེས་རབ་རལ་གྲི་བསྣམས། །གཡོན་པས་གླེགས་བམ་ཐུགས་ཀར་འཛིན། །ལོངས་སྐུའི་རྒྱན་དང་ཆ་ལུགས་ཀུན། །མ་འདྲེས་ཡོངས་རྫོགས་སྐྱིལ་ཀྲུང་བཞུགས། །གནས་གསུམ་རྡོ་རྗེའི་ཡིག་འབྲུ་ལས། །འོད་འཕྲོས་དོན་གཉིས་བྱས་ནས་སླར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ནུས་བྱིན་འོད་ལྔའི་རྣམ་པར་བསྡུས། །བླ་མའི་སྐུ་ཡི་གནས་ལྔར་ཐིམ།། གཉིས་པ་ཚོགས་བསགས་ཡན་ལག་བདུན། །རིམ་པར་ཚིག་ཕྱིར་སེམས་གཞོལ་བས། །སྐྱབས་ཀུན་ངོ་བོ་བླ་མ་ལྷར། །སྒོ་གསུམ་དད་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་འབུལ། །ཉེས་ལྟུང་སྒྲིབ་ཚོགས་དབྱིངས་སུ་བཤགས། །བླ་མེད་དགེ་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་མི་གནས་ཆོས་སྐུར་བསྔོ།། གསུམ་པ་མོས་གུས་རྩེ་གཅིག་པས། །བསྟོད་ཅིང་གསོལ་བ་གདབ་པ་ནི།། གང་གི་བློ་གྲོས༴སོགས། དབྱངས་ལ་འདུད།། མ་ཡེངས་ངང་ནས་ཅི་ནུས་བསྟོད། །སླར་ཡང་དད་གུས་གཏིང་ཚུགས་པས།། རིགས་རྣམས་མ་ལུས་པའི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། །མ་ཚོགས་རྒྱ་མཚོ་ཡི་སྤྱི་དཔལ། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །ངོ་བོ་སྤྲོས་བྲལ་གྱི་ཆོས་དབྱིངས། །རང་བཞིན་གསལ་སྟོང་གི་རིག་པ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །རྒྱལ་བ་ཐམས་ཅད་ཀྱི་ཡབ་གཅིག །དམ་ཆོས་མ་ལུས་པའི་འབྱུང་གནས། །རྒྱལ་སྲས་འཕགས་ཚོགས་ཀྱི་འདྲེན་པ། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །དགོས་འདོད་ཀུན་འབྱུང་གི་ནོར་བུ། །ཉོན་སྒྲིབ་ཀུན་བསྲེག་གི་ཞུགས་ཆེན། །མ་རིག་མུན་སེལ་གྱི་ཉི་མ། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །ངན་འགྲོའི་གཡུལ་ཟློག་གི་དཔའ་བོ། །ཡང་དག་ལམ་སྟོན་གྱི་ས་མཁན། །འགྲོ་བ་ཀུན་སྒྲོལ་གྱི་དེད་དཔོན། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །སྔོན་བྱོན་སངས་རྒྱས་ཀྱི་རྒྱལ་ཚབ། །དེང་བཞུགས་རྒྱལ་ཀུན་གྱི་སྤྲུལ་པ། །མ་འོངས་སངས་རྒྱས་ཀྱི་འབྱུང་གནས། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ། །མཁྱེན་བརྩེ་ནུས་པ་ཡི་བདག་ཉིད། །རང་རིག་དོན་སྟོན་གྱི་བླ་མ། །སངས་རྒྱས་མི་གཟུགས་སུ་སྣང་བ། །བླ་མ་འཇམ་པའི་དབྱངས་མཁྱེན་ནོ།། ཞེས་སོགས་ཁྱེད་ཤེས་བློ་བརྟན་པོས། །གསོལ་བ་དྲག་པོ་ཡང་ཡང་གདབ། །བཞི་པ་དབང་དང་བྱིན་རླབས་ཀྱི། །དངོས་གྲུབ་ཞུ་བའི་དམིགས་པ་ནི།། བདེ་གཤེགས་ཡོངས་འདུས་བླ་མ་ལ། །བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བླ་མའི་སྐུ་ཡི་གནས་ལྔ་ནས། །བདུད་རྩི་འོད་ཟེར་སྣ་ལྔ་འཕྲོས། །བདག་གི་གནས་ལྔར་ཐིམ་པ་དང་། །ཆབ་གཅིག་སྒོ་ལྔའི་ལས་ཉོན་སྒྲིབ། །དྭངས་ཤེལ་མེ་ལོང་ཕྱིས་པ་ལྟར། །ལྷག་མེད་བྱང་ཞིང་ཡོངས་སུ་དག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་བརྙེས། །སྐྱབས་གཅིག་འཇམ་མགོན་བླ་མ་དང་། །མཚུངས་པའི་གསང་གསུམ་དཔལ་ཡོན་ཐོབ། །སླར་ཡང་བླ་མ་འཇམ་པའི་དབྱངས། །འོད་དུ་ཞུ་ནས་རང་ལ་ཐིམ། །དེ་མཐུས་སྟོན་འཁོར་དགོངས་པ་མཉམ། །འཇམ་མགོན་གོ་འཕང་ཐོབ་པར་བསམ།། གང་ཤར་མ་བཅོས་རང་བབས་ལ། །གཏད་མེད་ཞེན་པར་རྒྱ་ཡན་བཞག །དམིགས་གཏད་ཡོད་ན་ལྟ་བ་གོལ། །ཐོབ་ཤོར་ཡོད་ན་བསྒོམ་པ་འཁྲུལ། །བླང་དོར་ཡོད་ན་སྤྱོད་པ་ནོར། །གྲོལ་འཁྲུལ་ཡོད་ན་འབྲས་བུ་འཆུག །གོལ་འཁྲུལ་ནོར་འཆུག་མེད་པའི་ཕྱིར། །བླ་མའི་རྣལ་འབྱོར་ཡང་ཡང་བསྒོམ། །རྗེས་ཐོབ་སྤྱོད་ལམ་རྣམ་པ་བཞིར། །གསང་གསུམ་བླ་མའི་རོལ་བར་བལྟ། །གསུམ་པ་རྗེས་ཀྱང་གསུམ་དུ་འདུས། །དེ་ཡི་དང་པོ་བསྔོ་བ་ནི།། སྐྱབས་གཅིག་བླ་མ་འཇམ་དབྱངས་ལ། །བསྟོད་ཅིང་གསོལ་བཏབ་དགེ་འདིས་མཚོན། །དུས་གསུམ་བསགས་པའི་དགེ་རྩ་ཀུན། །འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ།། ཞེས་བརྗོད་དམིགས་མེད་ངང་དུ་བཞག །གཉིས་པ་སྨོན་ལམ་གདབ་པ་ནི།། བླ་མེད་བླ་མ་བསྒྲུབ་པའི་མཐུས། །གཟུང་འཛིན་སྣང་གྲགས་རྟོག་པ་ལ། །འཁྲུལ་ཞིང་འཕྱན་པའི་འགྲོ་བ་ཀུན། །གཉིས་མེད་ཆོས་སྐུ་ཐོབ་པར་ཤོག །ཞེས་སོགས་རྣམ་དག་སྨོན་ལམ་བརྗོད། །གསུམ་པ་བཀྲ་ཤིས་བྱ་བ་ནི།། ངོ་བོ་སྟོང་ཞིང་རང་བཞིན་གསལ། །ཐུགས་རྗེ་ཀུན་ཁྱབ་དཔལ་ཡོན་རྫོགས། །གཞི་ལམ་འབྲས་བུ་དབྱེར་མེད་པ། །འཇམ་མགོན་བླ་མའི་བཀྲ་ཤིས་ཤོག །ཅེས་བླ་མ་དང་འཇམ་པའི་དབྱངས་གཉིས་སུ་མེད་པ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་འདི་ཡང་མགོ་སྤྲུལ་ནག་སྦར་གྱིས་བྲིས་པ་སྟེ། འདིའི་དགེ་བས་འགྲོ་བ་ཀུན་གྱིས་གདོད་མ་ཉིད་ནས་རང་རྒྱུད་ལ་བཞུགས་པའི་བདེ་གཤེགས་སྙིང་པོ་དོན་གྱི་བླ་མ་འཇམ་པའི་དབྱངས་ཀྱི་རང་ཞལ་མངོན་སུམ་དུ་མཇལ་བར་གྱུར་ཅིག


previousབླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་།next