Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲི་མེད་བཤགས་རྒྱུད་བཀླག་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous དྲི་མེད་བཤགས་རྒྱུད་བཀླག་ཐབས།next

དྲི་མེད་བཤགས་རྒྱུད་བཀླག་ཐབས།

༄༅། དྲི་མེད་བཤགས་རྒྱུད་བཀླག་ཐབས་བཞུགས། ན་མོ་མ་ཧཱ་གུ་རུ་བཛྲ་དྷ་ར་ཡེ། འདིར་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་བ་རྣམས་ཀྱིས་དམ་ཚིག་ཉམས་ཆགས་སྐོང་ཞིང་བཤགས་པའི་ཐབས་ལ་གསུམ་གྱི་དང་པོ་སྦྱོར་བའི་རིམ་པ་ནི། ན་མོ། དུས་གསུམ་བདེ་གཤེགས་མ་ལུས་པའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན། །གཅིག་བསྡུས་རང་རིག་རྡོ་རྗེ་སེམས། །དེང་ནས་བཟུང་སྟེ་སྐྱབས་སུ་བསྙེན། །འགྲོ་ཀུན་སྐུ་གསུམ་གོ་འཕང་ལ། །འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་བགྱིད། །རིགས་འདུས་དོན་གྱི་རྡོར་སེམས་ལ། །གཉིས་མེད་ངང་ནས་ཕྱག་འཚལ་ཞིང་། །རྨད་བྱུང་མཆོད་པའི་སྤྲིན་ཆེན་པོ། །སྒྱུ་འཕྲུལ་རོལ་པའི་རྒྱན་དུ་འབུལ། །ཉམས་ཆགས་ཉེས་ལྟུང་འགལ་བགྱིས་ཀུན། །དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས། །འཁོར་གསུམ་དག་པའི་དགེ་ཀུན་ལ། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །ཟབ་གསང་རྡོ་རྗེ་སྙིང་པོའི་དོན། །སྣ་ཚོགས་དབྱངས་ཀྱིས་སྟོན་པར་བསྐུལ། །མཁའ་ཁྱབ་ཞིང་གི་རྡུལ་སྙེད་ཀྱི། །རྒྱལ་རྣམས་སྲས་བཅས་རྟག་བཞུགས་གསོལ། །ཟག་བཅས་ཟག་མེད་དགེ་ཚོགས་ཀུན། །བསྡོམ་ཏེ་བྱང་ཆུབ་ཆེན་པོར་བསྔོ།། གཉིས་པ་བཤགས་སྡོམ་དངོས་ནི། ཨཱཿ བདག་ཉིད་ཐ་མལ་མདུན་གྱི་མཁར། །མཁའ་སྤྱོད་འོག་མིན་དག་པའི་ཞིང་། །བླ་མེད་བཀོད་པ་ཕུན་སུམ་ཚོགས། །དེ་དབུས་འཇའ་ཚོན་འོད་ལྔའི་ཀློང་། །གླང་ཆེན་བརྒྱད་ཀྱིས་བཏེག་པའི་ཁྲི། །འདབ་སྟོང་པད་ཉི་ཟླ་གདན་ལ། །ཕྱི་ལྟར་འདྲེན་པ་ཤཱཀྱའི་ཏོག །ནང་ལྟར་གསང་བདག་རྡོ་རྗེ་འཆང་། །གསང་བ་མཚོ་སྐྱེས་ཐོད་ཕྲེང་རྩལ། །ཡང་གསང་རིགས་འདུས་རྡོ་རྗེ་སེམས། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །ལོངས་སྐུའི་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དབུ་གཙུག་རལ་བའི་ཅོད་པཎ་རྩེར། །ལོངས་སྐུ་བདེ་གཤེགས་རིགས་མཆོག་ལྔ། །སླར་ཡང་སྟེང་གི་ནམ་མཁའ་ལ། །ཆོས་སྐུའི་སྟོན་མཆོག་དང་བཅས་གསལ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །སྐུ་གསུམ་ལྷ་ཚོགས་མ་ལུས་ཀུན། །སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན། །གསུང་གིས་ཐེག་མཆོག་ཆོས་སྒྲ་སྒྲོག །ཐུགས་ནི་འགྲོ་བ་ཡོངས་ལ་དགོངས། །མ་བསྐྱེད་རང་བྱུང་ཡེ་ཤེས་ལྷ། །མ་བཅོས་རིག་པའི་ཀློང་ཆེན་པོར། །གདོད་ནས་དམ་ཡེ་དབྱེར་མེད་གསལ། །དེ་མདུན་རང་དང་དམིགས་པའི་ཡུལ། །ཉམས་ཆགས་ཉེས་ལྟུང་ཅན་རྣམས་ཀུན། །གཙོར་གྱུར་མཁའ་མཉམ་འགྲོ་རྣམས་ཀྱིས། །རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང་། །ཁ་ཙམ་མིན་པར་སྙིང་ཐག་པས། །རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཉམས་འདས་རལ་གྱུར་པ་ཀུན། །བཤགས་ཕྱིར་ཐབས་ལམ་འདིར་བརྩོན་བྱ། །ཞེས་བརྗོད་ཅིང་བསམ་ལ། དྲི་མེད་བཤགས་པའི་རྒྱུད་སོགས་བཀླགས་ཅིང་མཐར། བླ་མ་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀར་གསེར་རྡོར་རྩེ་ལྔ་པའི། །ལྟེ་བར་ཟླ་སྟེང་ཧཱུྃ་དཀར་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས། །ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས། །འབྲེལ་ཐོགས་གཙོར་གྱུར་འགྲོ་རྣམས་ཀྱི། །ཉམས་ཆགས་ཉེས་ལྟུང་སྒྲིབ་དག་ནས། །རྡོར་སེམས་གོ་འཕང་ཐོབ་པར་གྱུར། ཞེས་སེམས་ལ། ཐུགས་ཡིད་བསྲེ་ཞིང་ཉམས་ལེན་གྱི་ངང་མདངས་བསྐྱངས་བཞིན་པས་ཡིག་བརྒྱ་ནུས་བསྟུན་བཟླས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་གོ་ཞེས་གསུངས་ཤིང་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ། དམིགས་མེད་ཀྱི་ངང་ལ་བཞག་གོ།། གསུམ་པ་རྗེས་ཀྱི་བྱ་བ་ནི། འཁོར་གསུམ་དག་པའི་དགེ་ཚོགས་ཀུན། །དམིགས་མེད་ངང་ནས་འགྲོ་ལ་བསྔོ། །དེ་མཐུས་འགྲོ་ཀུན་ཕྱམ་གཅིག་ཏུ། །སྐུ་གསུམ་རྡོ་རྗེ་འཆང་འགྲུབ་ཤོག། ཅེས་སོགས་བསྔོ་སྨོན་རྣམ་དག་གིས་མཐའ་བརྒྱན་པར་བྱའོ།། ཞེས་པ་འདི་ཡང་ས་སྐྱོང་མི་ཡི་དབང་པོ་བསོད་ནམས་དབང་འདུས་ཞི་བར་གཟིགས་པའི་དགོངས་རྫོགས་སུ་དྲི་མེད་བཤགས་རྒྱུད་ཁྲི་ཕྲག་བསྒྲུབ་པའི་སྐབས་སུ། ཆོས་གྲོགས་རཏྣ་ཤཱ་ས་ནའི་མིང་ཅན་གྱིས་བཞེད་ངོར་སྙོམ་ལས་པ་མགོ་སྤྲུལ་དྷརྨའི་མིང་གིས་སྤེལ་བ་དུས་གསུམ་དགེ་བར་གྱུར་ཅིག


previous དྲི་མེད་བཤགས་རྒྱུད་བཀླག་ཐབས།next