Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ།next

གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ།

༄༅། གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ།། ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །ལོངས་སྐུ་འགགས་མེད་ངེས་པ་ལྔ་དང་ལྡན། །སྤུལ་སྐུ་རྩོལ་མེད་ཐུགས་རྗེ་མཁའ་ལྟར་བརྡལ། །དཔལ་ལྡན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དགེ་སློང་ནཱ་གརྫུ་ན་མཁས་གྲུབ་མཆོག །བརྫུས་སྐྱེས་ཨཱརྱ་དེ་བ་འཛམ་གླིང་རྒྱན། །ཡིག་མཁན་ཉ་ལྟོ་གསོལ་མཛད་ལཱུ་ཡི་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱིམ་པའི་ཚུལ་འཛིན་པདྨ་བཛྲ་མཚན། །བྲམ་ཟེ་མདའ་ཐོགས་གར་མཁན་ས་ར་ཧ། །ཟླ་རིགས་མཚོ་སྐྱེས་རྡོ་རྗེ་ཕྱག་རྒྱར་བཅས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟག་ཞོན་ཆུ་བོར་གདན་འདིང་ཌོཾ་བྷི་པ། །ཉི་གནོན་ཆུ་བོ་གྱེན་ཟློག་བི་རཱུ་པ། །བུ་སུ་ཀུ་ར་མཁའ་ནས་བསྟན་བཅོས་རྩོམ། ། ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡུམ་བཅས་མཁར་སྤྱོད་རྡོ་རྗེ་དྲིལ་བུ་པ། །དཀའ་ཐུབ་མཁར་གཤེགས་གྲི་ཐོགས་ན་ལེནྟྲ། །གདོལ་རིགས་ཀུ་ཀུ་རི་པ་དགེ་སློང་ཚུལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགེ་སློང་སངས་རྒྱས་ཡེ་ཤེས་མཁྱེན་སྤྱན་ལྡན། །ཀུན་སྤྱོད་ནག་པོ་རྡོ་རྗེ་ལྟ་སྟངས་ཅན། །ཨོ་རྒྱན་རྒྱལ་པོ་ཨིནྟྲ་བྷུ་ཏི་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྲམ་ཟེ་རྡོར་བསྣུན་སར་སྤྱོད་ན་རོ་པ། །ཤིང་མཁན་ཡུམ་བཅས་གྲུབ་བརྙེས་ཏོག་ཙེ་པ། །བྲམ་ཟེ་དམན་སྤྱོད་ཐགས་པ་ཏནྟྲ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇག་སྤྱིལ་དགེ་སློང་སྤྲོས་མེད་ལྭ་བ་པ། །ཙནྟྲ་གོ་མི་རྩོད་དང་མཚོ་ལས་རྒྱལ། །རྒྱལ་རིགས་དམན་སྤྱོད་འབྲས་འདྲུ་ཤཱནྟི་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྔ་རིག་བདག་གཞན་གཉིས་མེད་མར་མེ་མཛད། །ཏིལ་བརྡུང་སངས་རྒྱས་དངོས་མཇལ་ཏེ་ལོ་པ། །སྣང་མིན་འཁོར་འདས་ནག་པོ་སྤྱོད་པའི་མཚན། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྲམ་ཟེ་དགེ་བསྙེན་ཐུབ་སྲས་ཕག་ཚང་པ། །ཉེར་བཞིའི་གནས་བགྲོད་སྒྲ་སྒྲོགས་བཟང་པོ་པ། །གར་མཁན་ལྕམ་དྲལ་གྲུབ་བརྙེས་ཤ་བ་རིར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་རིགས་སྨད་འཚོང་བཅས་གྲོལ་ད་རི་ཀ། །བ་ལང་སྤྱོད་མཛད་ནཱ་ག་བོ་དྷི་དང་། །དུར་ཁྲོད་རུས་པའི་རྒྱན་ལྡན་མར་མེ་ལྷ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མདའ་འཚོང་འཁོར་བཅས་མཁར་གཤེགས་ད་ཀི་པ། །གཞན་གྱི་རྒོལ་རྩོད་ལས་རྒྱལ་ཛཻ་ཏ་རི། །ཐུགས་དམ་མངོན་གྱུར་ས་ར་ཀ་པ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་རིགས་སྤྱོད་འཆང་འདུལ་འཛིན་ཤཱནྟི་པ། །གདོལ་བ་ཐགས་མཁན་ཟུང་གྲོལ་ཐ་ག་པ། །རྒྱུད་སྡེ་བཞིར་མཁས་ཛཱ་ལནྡྷ་རའི་མཚན། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀུན་གཟིགས་འཆི་མེད་མཆོག་གྲུབ་ཀ་མ་ལ། །མདོ་རྒྱུད་ཀུན་མཁྱེན་ཇོ་བོ་གསེར་གླིང་པ། །གདོལ་རིགས་མར་ནག་མཁན་ཟུང་བཱིརྱ་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྲམ་ཟེ་ཡུམ་བཅས་མཁར་གཤེགས་ཀོང་ཀ་ན། །པ་ཀ་པཱ་ལ་རྒྱལ་རིགས་ལྐུགས་སྤྱོད་མཛད། །བྲམ་ཟེ་ཟངས་མགར་རྐང་མགྱོགས་ཏཾ་པ་ཀར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་རིགས་པི་ཝཾ་སྙན་སྒྲོགས་བྷི་ན་ས། །བྲམ་ཟེ་སུ་ཏ་ལོ་ཀི་སྨད་འཚོང་བཅས། །མུ་སྟེགས་སྒྲ་མཁན་དྷརྨྨ་ཀིརྟིའི་མཚན། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷྭམ་མཁན་དུར་ཁྲོད་གནས་བཞུགས་ཀུ་མ་ར། །ཡུམ་ཁུར་ཆུར་བཞུགས་མཁར་བགྲོད་ཚེམ་བུ་པ། །རམས་མཁན་དགེ་བསྙེན་ཚངས་སྤྱོད་ནཱི་ལ་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་འགགས་འགྱུར་མེད་པདྨ་ཀཱ་ར་དང་། །ཤན་རིགས་བརྟུལ་ཞུགས་སྤྱོད་མཛད་སིང་ཧ་པ། །དགེ་བསྙེན་མི་ན་ར་པ་ཉ་པའི་རིགས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་རིགས་སྤྲིན་གྱི་ཤུགས་འཆང་ལྷ་རྣམས་དང་། །མཉན་པ་ཀ་རུ་པ་ཀ་ཐ་རུའི་རིགས། །མཁའ་སྤྱོད་ད་སི་རི་པ་རྒྱུད་ཀུན་མཁྱེན། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྲམ་ཟེ་ཨ་ནནྟ་ཞེས་སྤྱོད་པ་པ། །སྤྱན་གཟིགས་བྱིན་ཐོབ་བུམ་ཐོགས་སེང་གེ་པ། །བྲམ་ཟེ་ཟླ་བ་བཟང་པོ་ལྡོམ་བུ་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཏཱ་རེས་བྱིན་རླབས་ཨ་ནནྟ་གརྦྷ། །འཇམ་པའི་དབྱངས་སྤྲུལ་ཙནྟྲ་ཀིརྟི་དང་། །མི་གཡོ་ཞལ་མཐོང་གཅེར་བུ་སྨད་དཀྲིས་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་པོ་རིགས་ངན་རྒྱར་བརྟེན་ཀརྞ་པ། །འཇིགས་བརྒྱད་ལས་གྲོལ་ཨ་ཝ་དྷུ་ཏི་པ། །རྩ་རླུང་ཐབས་ལམ་མཁས་དབང་ཙརྱ་པར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤིང་ཐུན་གྲུབ་བརྙེས་ཤཱཀྱ་བཤེས་གཉེན་མཚན། །ཉ་བ་བདེ་སྤྱོད་གཅེར་བུ་ཙཎྚ་ལི། །རང་བྱུང་རྟེན་བསྐོར་མཁར་གཤེགས་གླུ་དབྱངས་མཁན། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྲམ་ཟེ་བྷ་ག་ལ་ན་སྦྱངས་ཡོན་ལྡན། །རི་ཁྲོད་མཻ་ཏྲིའི་བརྒྱུད་འཛིན་སྒྲ་མཁན་ཞབས། །མ་ངེས་ཚོགས་འཁོར་འདུལ་སྤྱོད་ཀོནྟཾ་ལིར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྟ་མགྲིན་གཟིགས་གཤེགས་འདོད་སྤྱོད་ཙ་པ་རི། །རྒྱལ་རིགས་དུར་ཁྲོད་དམན་སྤྱོད་སི་ཡ་ལི། །སྒྲོལ་མས་རྗེས་བཟུང་སཱུརྱ་གུཔྟ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་རིགས་ངག་གི་དབང་ཕྱུག་ཉི་ཟེར་བཅིབས། །དམན་རིགས་དགེ་སློང་གདན་གཅིག་ཧི་ལ་པ། །གླང་ཞོན་མཁར་གཤེགས་རྒྱལ་བཏུལ་ཀ་ལ་ཀར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུག་སྦྲུལ་དབུར་བཅིངས་བདེ་མཆོག་ཀུ་བྷུ་ཙ། །མཚོ་གླིང་དཀའ་སྤྱད་དབང་རྫོགས་སེང་ཧ་པ། །བྱམས་པས་རྗེས་བཟུང་ཐོགས་མེད་ཤིང་རྟའི་མཆོག །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྐོར་དང་དཀའ་ཐུབ་ཀུན་བཟོད་ན་ཏ་པ། །ཀྱཻ་རྡོར་བྱིན་ཐོབ་གླིང་མཁན་ཨོ་ཏ་པ། །བྷཾ་ཡུལ་དཀའ་སྤྱད་ལྷས་བཟུང་ས་ར་ཧར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་འགྲོས་བྱིན་རླབས་ས་ར་སུ་ཀའི་མཚན། །གཤེད་དམར་བྱིན་ཐོབ་ཀ་ལ་ལཾ་གེ་དང་། །སེང་ལྡིང་ནགས་ནས་འཕགས་མཐོང་བྷ་ཡ་ནིར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མ་གྷ་དྷ་ཡི་རྒྱལ་བཏུལ་མེ་ཏོག་པ། །བརྒྱད་ཅུ་རྩ་ལྔའི་གྲངས་སུ་ངེས་རྣམས་དང་། །མ་ངེས་གྲུབ་ཆེན་སྐར་ཚོགས་གྲངས་མཉམ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་ཐོན་པར་བྱིན་གྱིས་རློབས། །སེམས་ལ་ཉམས་རྟོགས་རྒྱས་པར་བྱིན་གྱིས་རློབས། །ལྟ་སྒོམ་སྤྱོད་འབྲས་མཐའ་རུ་ཕྱིན་པར་ཤོག །གནས་སྐབས་འཇིགས་ཚོགས་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཆོས་སྲིད་རྒྱས་པ་དང་། །མོས་བཞི་རླུང་སེམས་སྣང་བ་དབང་དུ་འདུས། །བདུད་བགེགས་ལོག་འདྲེན་ཚར་གཅོད་དངོས་གྲུབ་སྩོལ། །མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། །དཔལ་ལྡན་རྡོ་རྗེ་འཆང་དང་དབྱེར་མེད་པའི། །གོ་འཕང་ཚེ་འདི་ཉིད་ལ་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བགྱིད་ཤོག །ཅེས་གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་ཞེས་བྱ་བ་འདི་ནི། བླ་མ་རྡོ་རྗེ་གདན་པས་མཛད་པ་ལ་གཞི་བྱས་ཏེ། རྣལ་འབྱོར་པ་འཇམ་དབྱངས་བློ་འཕེལ་གྱི་བཞེད་ངོར། མགོ་སྤྲུལ་གྱིས་བསྡུས་པ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །


previous གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ།next