Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ།next

ཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ།

༄༅། དམར་ཕྱོགས་ཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བི་ཛ་ཧ་རཾ། མ་ཚོགས་མཁའ་འགྲོ་འདུ་བའི་དུས། །དམར་ཕྱོགས་ཚེས་བཅུ་ཉེར་ལྔ་ལ། །གནས་ཁང་བྱི་དོར་མཆོད་པའི་རྫས། །རང་ནུས་འབྱོར་ཚད་རྣམ་དག་བཤམས། །ཆོ་གའི་གཞུང་བསྲངས་བསྐང་བའི་མཚམས། །དད་མོས་དབྱངས་ཀྱིས་འདི་བཞིན་བརྗོད།། ཨེ་མ་ཧོ། རང་བྱུང་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་ནས། །སྟོང་གསལ་བརྗོད་བྲལ་ཀུན་ཏུ་བཟང་མོ་ལ། །ཆོས་སྐུའི་མཁའ་འགྲོ་དཔག་མེད་འཁོར་གྱིས་བསྐོར། །དད་མོས་དྲག་པོའི་ངང་ནས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་ནས་ཀྱང་། །དུས་ཆེན་ཉེར་ལྔའི་མཆོད་པ་འདི་བཞེས་ལ། །མ་རིག་རྨོངས་པའི་བདག་སོགས་འགྲོ་ཀུན་གྱིས། །རང་སེམས་ཆོས་སྐུར་རྟོགས་པའི་དངོས་གྲུབ་ཞུ། །རང་བཞིན་གསལ་དག་རིགས་ལྔའི་ཞིང་ཁམས་ནས། །འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔ་ལ། །ལོངས་སྐུའི་མཁའ་འགྲོ་གྲངས་མེད་འཁོར་གྱིས་བསྐོར། །དད་མོས་དྲག་པོའི་ངང་ནས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་ནས་ཀྱང་། །དུས་ཆེན་ཉེར་ལྔའི་མཆོད་པ་འདི་བཞེས་ལ། །ལོག་རྟོག་འཁོར་བར་འཁྱམས་པའི་འགྲོ་ཀུན་གྱིས། །སྐུ་ལྔ་ཚེ་འདིར་གྲུབ་པའི་དངོས་གྲུབ་ཞུ། །ཐུགས་རྗེ་འགགས་མེད་གང་འདུལ་སྤྲུལ་པའི་གྲོང་། །ཡུལ་ཆེན་ཉེར་བཞིའི་གནས་ཀྱི་མཁའ་འགྲོ་ལ། །སྤྲུལ་སྐུའི་མཁའ་འགྲོ་ཞིང་རྡུལ་གྲངས་ཀྱིས་བསྐོར། །དད་མོས་དྲག་པོའི་ངང་ནས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་ནས་ཀྱང་། །དུས་ཆེན་ཉེར་ལྔའི་མཆོད་པ་འདི་བཞེས་ལ། །མ་རིག་འཁྲུལ་བས་འཁོར་བར་འཁྱམས་པའི་འགྲོ། །ཚེ་འདིར་མཁའ་སྤྱོད་བགྲོད་པའི་དངོས་གྲུབ་ཞུ། །རང་སྣང་རྣམ་དག་ཟངས་མདོག་དཔལ་རི་ནས། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ། །གནས་ཡུལ་མ་ཚོགས་མཁའ་འགྲོའི་འཁོར་གྱིས་བསྐོར། །དད་མོས་དྲག་པོའི་ངང་ནས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་ནས་ཀྱང་། །དུས་ཆེན་ཉེར་ལྔའི་མཆོད་པ་འདི་བཞེས་ལ། །ངན་སོང་གནས་སུ་འཁྱམས་པའི་མ་རྒན་འགྲོ། །རྣམ་མཁྱེན་སངས་རྒྱས་ཐོབ་པའི་དངོས་གྲུབ་ཞུ། །ཁྱད་པར་རྨད་བྱུང་ཚོགས་ཁང་བཀོད་ལེགས་དབུས། །སྤངས་བླང་བྲལ་བའི་ཚོགས་ཀྱི་འཁོར་ལོ་འདིས། །ཡུམ་ཆེན་ཤེར་ཕྱིན་ཕག་མོ་རིགས་ལྔ་དང་། །ཏཱ་རེ་ཉེར་གཅིག་སེང་ཧ་མུ་ཁ་སོགས། །གནས་གསུམ་མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །འདོད་ཡོན་ལྔ་ལྡན་ཉེར་ལྔའི་ཚོགས་མཆོད་འབུལ། །ཐུགས་རྒྱུད་རབ་མཉེས་བདེ་སྟོང་དགའ་བ་བཞིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཁྱད་པར་མཁའ་འགྲོ་ཡོངས་ཀྱི་ཚོགས་དཔོན་རྗེ། །འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །བཅུ་གཉིས་ཟླ་བའི་དུས་བཟང་ཉེར་ལྔ་ལ། །ངོ་མཚར་མཛད་པ་བཅུ་གཉིས་བསྟན་ལ་བསྟོད། །སྤྲེལ་ཟླའི་ཉེར་ལྔར་རྒྱ་མཚོའི་གླིང་ཉིད་དུ། །མཁའ་འགྲོ་འབུམ་ལ་ཟབ་གསང་ཆོས་འཁོར་བསྐོར། །ཕག་ཟླའི་ཉེར་ལྔར་ཟ་ཧོར་ཡུལ་དབུས་སུ། །འོད་འཆང་སོགས་ལ་བདེ་སྟོང་ཆོས་ཆར་ཕབ། །བྱ་ཟླའི་ཉེར་ལྔར་བསིལ་ཚལ་དུར་ཁྲོད་དུ། །མཁའ་འགྲོ་ཡོངས་ལ་སྦྱོར་སྒྲོལ་ཆོས་འཁོར་བསྐོར། །ཁྱི་ཟླའི་ཉེར་ལྔར་སྐྲ་ཡི་ལྭ་བ་སོགས། །མཁའ་འགྲོ་སྡེ་བཞིར་ཡོ་གའི་ཆོས་རྣམས་གསུངས། །བྱི་ཟླའི་ཉེར་ལྔར་མནྡྷ་ར་ལ་སོགས། །གསང་ཡུམ་མང་བརྟེན་ཟུང་འཇུག་སྐུ་མཆོག་བརྙེས། །གླང་ཟླའི་ཉེར་ལྔར་ཡབ་ཡུམ་ནམ་མཁར་ཕེབས། །ཨོ་རྒྱན་ཡུལ་དུ་ཆུ་ཡི་རྒྱུན་ཕབ་བཏུལ། །སྟག་ཟླའི་ཉེར་ཟླར་སེང་གདོང་དངོས་ཞལ་མཇལ། །མུ་སྟེགས་བཏུལ་ཞིང་དྲག་སྔགས་ཆོས་ཆར་ཕབ། །ཡོས་ཟླའི་ཉེར་ལྔར་ཟངས་གླིང་རྒྱལ་ཁབ་ཏུ། །རྫུ་འཕྲུལ་མཁའ་ལ་མེ་ཡི་འཁོར་ལོ་བསྐོར། །འབྲུག་ཟླའི་ཉེར་ལྔར་སྨན་གྱི་ལྷ་མོ་བདུན། །དངོས་སུ་དབང་བསྡུས་དུག་སེལ་མུ་སྟེགས་བཏུལ། །སྦྲུལ་ཟླའི་ཉེར་ལྔར་བསེ་མོ་མཆེད་བཞི་སོགས། །དབང་བསྡུས་བདུད་དང་དམ་སྲི་མ་ལུས་བཏུལ། །རྟ་ཟླའི་ཉེར་ལྔར་བོད་ཡུལ་བསམ་ཡས་སུ། །མཚོ་རྒྱལ་ལ་སོགས་སྨིན་གྲོལ་ལམ་ལ་བཀོད། །ལུག་ཟླའི་ཉེར་ལྔར་བོད་ཡུལ་གཏེར་མཇུག་རྫོགས། །བོད་ཡུལ་བསྐྱབས་ཕྱིར་སྲིན་ཡུལ་ཆོས་ལ་བཀོད། །བཀའ་དྲིན་བརྗོད་འདས་པདྨ་མཚན་བརྒྱད་ལ། །དགའ་སྟོན་མར་ངོའི་ཚེས་བཅུའི་ཚོགས་ཀྱིས་མཆོད། །ཁྱད་པར་པད་འབྱུང་ཐུགས་རྗེས་ལེགས་བསྐྱངས་བའི། །བདེ་ལམ་གྲོགས་མཆོག་མ་རྒྱུད་མཁའ་འགྲོ་ལ། །དགའ་སྟོན་ཚོགས་ཀྱི་མཆོད་པ་འདི་ཕུལ་མཐུས། །སངས་རྒྱས་བསྟན་དར་བསྟན་འཛིན་སྐུ་ཚེ་བརྟན། །ཡངས་པའི་རྒྱལ་ཁམས་མི་ཕྱུགས་ནད་ཡམས་ཞི། །རྫོགས་ལྡན་བསྐལ་པའི་དཔལ་ལ་ལོངས་སྤྱོད་བཞིན། །མཐར་ཐུག་མཁའ་མཉམ་ལུས་ཅན་འགྲོ་བ་རྣམས། །གདོད་མའི་དབྱིངས་ཀྱི་རྒྱལ་སྲིད་ཆེན་པོ་རུ། །སྟོན་འཁོར་དགོངས་མཉམ་མངོན་པར་སངས་རྒྱས་ཏེ། །འཁོར་མཚོ་དོང་ནས་སྤྲུགས་པའི་ཤིས་པ་སྩོལ།། ཡར་ངོ་དཔའ་བོའི་ཚོགས་མཆོད་ལ། །ཚེས་བཅུའི་གསོལ་འདེབས་མང་མཆིས་ཀྱང་། །མར་ངོ་མཁའ་འགྲོའི་ཉེར་ལྔ་ལ། །གསོལ་འདེབས་གཅིག་ཀྱང་མ་མཆིས་པས། །ཉེར་ལྔ་མཁའ་འགྲོའི་གསོལ་འདེབས་འདི། །ཏཱ་རེ་ཡུམ་གྱི་གནས་ཞོལ་དུ། །རྨོངས་པ་ཨ་བྷྱའི་མིང་འཛིན་པས། །ཨ་མཚར་རྩེད་མོའི་ཚུལ་བཞིན་དུ། །ཐུན་མཚམས་མགྱོགས་པར་བྲིས་པ་འདི། །ཐོག་ཐ་བར་དུ་དགེ་ལེགས་འཕེལ།།


previousཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ།next