Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་། next

ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་།

༄༅། རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་ཞེས་བྱ་བ་བཞུགས། ན་མོ་གུ་རུ་ཛྙ་ན་ཊཱཀྐི་ཡེ། །སྐྱབས་ཀུན་འདུས་ཞལ་གསུམ་ལྡན་བླ་མ་ལ། །བཏུད་ནས་ཚོགས་གཉིས་རྒྱ་ཆེར་སྤེལ་བའི་ཐབས། །སྤྲོས་མེད་ཀུན་སྤང་དག་གི་ཉམས་ལེན་ཚུལ། །ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་ཤར། །དེ་ཡང་རྣམ་གྲངས་བདུན་དུ་འདུས་པ་ལས། །ཐོག་མར་དབང་བསྡུད་ཟིལ་གནོན་འདི་བཞིན་བྱ།། ཕཊ་ཕཊ་ཕཊཿ དབྱིངས་ཕྱོགས་ལྷུང་བྲལ་བའི་མཁའ་ཀློང་ནས། །གདངས་འགགས་མེད་རང་བྱུང་རིག་པའི་རྩལ། །མ་གསང་བ་ཡེ་ཤེས་ཌཱཀྐི་མས། །དོན་ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིས། །སེམས་དུག་ལྔའི་འཁྲུལ་རྟོག་ལས་བྱུང་བའི། །རྐྱེན་ཕྱི་ནང་གསང་བའི་ནད་གདོན་བགེགས། །གཤིས་མ་བཅོས་གཉུག་མའི་ཀློང་དུ་བསྡུ། །གཏིང་ཡེ་གསལ་དགོངས་པས་ཟིལ་གྱིས་གནོན།། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊཿ གཉིས་པ་སྐྱབས་སེམས་ཚོགས་བསགས་རིམ་པ་ནི། ཕཊཿ སྐྱབས་ཀུན་འདུས་རང་རིག་ཡུམ་ཆེན་མོར། །དོན་རང་ངོ་ཤེས་པས་སྐྱབས་སུ་མཆི། །མ་མཁའ་མཉམ་འགྲོ་བ་སེམས་ཅན་ཀུན། །དབྱིངས་ཆོས་སྐུའི་རྒྱལ་ཐབས་ལ་འགོད་བྱ། ཕཊཿ རང་བྱུང་གི་རིག་པ་དོན་གྱི་ལྷར། །འདུ་འབྲལ་དང་བྲལ་བར་ཕྱག་འཚལ་ལོ། །ཉམས་སྣང་དང་འོད་གསལ་མཆོད་པ་འབུལ། །རེ་དོགས་དང་གཉིས་འཛིན་དབྱིངས་སུ་བཤགས། །མཐའ་བྲལ་གྱི་དོན་ལ་རྗེས་ཡི་རང་། །ཉམས་རྟོགས་ཀྱི་རྩལ་ཆེན་སྦར་དུ་གསོལ། །སྐྱེ་འགགས་དང་བྲལ་བར་བཞུགས་གསོལ་འདེབས། །དམིགས་གཏད་དང་བྲལ་བའི་ངང་ནས་བསྔོ། །ཡང་དག་གི་གནས་ལུགས་རྟོགས་ནས་ཀྱང་། །མ་ཁྱེད་དང་དགོངས་པ་མཉམ་པར་ཤོག ཕཊཿ གསུམ་པ་འཕོ་ཞིང་བདུད་རྩིར་སྤེལ་བ་ནི། ཕཊཿ སེམས་རང་བྱུང་ཕག་མོ་ནམ་མཁར་ཐོན། །ལུས་ཚོ་བརྗིད་ཆེ་སྣུམ་ཐོད་པར་བསྐྱིལ། །སྔགས་ཏིང་འཛིན་ཟབ་མོས་རབ་སྤེལ་བའི། །རྫས་འདོད་འབྱུང་བདུད་རྩིའི་ཕུང་པོར་གྱུར། ཨོཾ་ཨཱཿཧཱུྃ།མང་དུ་བརྗོད། བཞི་པ་མཆོད་སྤྲིན་དཀར་འགྱེད་ནི། ཕཊཿ ལུས་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །ཕ་བླ་མ་ཡི་དམ་དཀོན་མཆོག་གསུམ། །མ་མཁའ་འགྲོ་བཀའ་གཏེར་སྲུང་མར་བཅས། །ཐུགས་དགོངས་བཞེད་སྐོང་ཞིང་མཉེས་གྱུར་ཅིག །ཕཊཿ ལྔ་པ་ཤ་ཁྲག་སྟོན་མོར་འགྱེད་པ་ནི།། ཕཊཿ ཡེ་གདོད་མའི་དུས་ནས་ད་ལྟའི་བར། །ངས་གཅེས་པར་བཟུང་བའི་སྒྱུ་ལུས་འདི། །དུས་དེ་རིང་ལྷ་འདྲེའི་ཚོགས་ལ་སྦྱིན། །ད་ཟོ་ཞིག་ཁྱེར་ཅིག་སྟོབས་ལྡན་རྣམས། ཕཊཿ དྲུག་པ་ལྷག་མགྲོན་ཚིམ་ཕྱིར་ཁྲ་འགྱེད་ནི།། ཕཊཿ ལུས་འདོད་པ་ཀུན་འབྱུང་སྦྱིན་པ་འདིས། །གློ་བུར་དུ་ལྷག་དང་ཁས་ཞན་རིགས། །མ་སླེབས་དང་ཤ་འཁོན་ལན་ཆགས་རིགས། །ཀུན་རེ་འདོད་ཡིད་བཞིན་འབྱུང་གྱུར་ཅིག ཕཊཿ བདུན་པ་རྗེས་ཀྱི་རིམ་པ་འདི་བཞིན་བྱ། ཕཊཿ ལུས་མཆོད་སྦྱིན་འདིས་མཚོན་བདེ་དགེ་རྣམས། །དམིགས་མེད་ཀྱི་ངང་ནས་ཡོངས་ལ་བསྔོ། །དེ་ཀུན་གྱི་སྡུག་བསྔལ་རྒྱུ་འབྲས་ཀུན། །ངས་བླང་ངོ་ཕྱམ་གཅིག་འཚང་རྒྱ་ཤོག ཕཊཿ ཅེས་བདེ་དགེ་གཏོང་བའི་མོས་འདུན་དང་།། ཕཊཿ ཅེས་སྡིག་སྡུག་ལེན་པའི་དམིགས་པ་བྱ།། ཕཊཿ སྦྱིན་བྱ་ཡི་དངོས་པོ་མཆོག་དམན་དང་། །སྦྱིན་ཡུལ་གྱི་མགྲོན་རིགས་རྣམ་པ་བཞི། །སྦྱིན་གཏོང་གི་མཁན་པོ་རང་དང་བཅས། །གདོད་མ་ནས་དམིགས་པའི་བློ་ལས་འདས།། ཕཊ༔བརྗོད་བཟོ་མེད་གཉུག་མའི་རང་ཞལ་བལྟ། །དེ་ལྟར་ཕུང་པོ་མཆོད་སྦྱིན་རྒྱུན་ཁྱེར་འདི། །གཅོད་མཁན་སྔགས་རིགས་བཛྲ་ཤྲཱི་དྷ་རས། །རཏྣའི་རྟེན་བཅས་བསྐུལ་ངོར་སྙོམ་ལས་པ། །ཡན་ལག་དང་པོའི་མིང་གི་ས་ཆ་ནས། །ཕྱོགས་སུ་འཁྱམས་པའི་སྤྲུལ་མིང་གང་དེས་བྲིས།། སརྦ་མངྒ་ལཾ།།


previous ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་། next