Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཇོ་ནང་དཀོན་མཆོག་ཆོས་བཟང་གི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཇོ་ནང་དཀོན་མཆོག་ཆོས་བཟང་གི་གསོལ་འདེབས།next

ཇོ་ནང་དཀོན་མཆོག་ཆོས་བཟང་གི་གསོལ་འདེབས།

༄༅། དཔལ་ལྡན་བླ་མ་དམ་པའི་གསོལ་འདེབས་མཆོག་ཐུན་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་རཏྣ་དྷརྨ་བྷ་དྲ་ཡེ། །འགྱུར་མེད་དཀོ༵ན་མཆོ༵ག་ཀུན་འདུས་སེམས་ཀྱི་གཤིས། །འཁོར་ལོ་ཐ་མའི་ཆོ༵ས་ཚུལ་རྨ་མེད་པའི། །ལམ་བཟ༵ང་གསལ་བར་འདོམས་པའི་བཀའ་དྲིན་ཅན། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཆོག །སྐྱབས་ཀུན་འདུས་པའི་ངོ་བོར་ཡོངས་ཤེས་ཤིང་། །བདག་ལུས་རབ་འབྱམས་ཞིང་གི་རྡུལ་སྙེད་དུ། །རྣམ་སྤྲུལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །བདག་པོས་ཡོངས་སུ་བཟུང་དང་མ་བཟུང་བའི། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་དང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །བསགས་པའི་མི་དགེ་སྡིག་པའི་ཚོགས་ཀུན་དང་། །ཁྱད་པར་ཁྱེད་ཀྱི་ཐུགས་དང་འགལ་བགྱིས་ཀུན། །དེང་ནས་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ། །ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་སློབ་ཚོགས་ཀྱིས། །དུས་གསུམ་རྣམ་དཀར་བྱ་བ་མ་ལུས་དང་། །མགོན་པོ་ཁྱེད་ཀྱི་མཛད་ཕྲིན་མཐའ་ཡས་ལ། །ལྷག་པར་དགའ་བས་རྗེས་སུ་ཡི་རང་ངོ། །མི་བཟད་འཁོར་བའི་འདམ་དུ་བྱིང་བ་ཡི། །བགྲང་ཡས་འགྲོ་རྣམས་སངས་རྒྱས་སར་འགོད་ཕྱིར། །རྨད་བྱུང་ཐེག་པ་མཆོག་གི་དགའ་སྟོན་ཆེ། །ཟབ་ཅིང་རྒྱུན་མི་ཆད་པར་སྩལ་དུ་གསོལ། །ཆོས་ཀྱི་སྐུ་ལ་འཕེལ་འགྲིབ་མི་མངའ་ཡང་། །བློ་དམན་བདག་སོགས་གདུལ་བྱའི་སྣང་ངོ་རུ། །མགོན་ཁྱོད་ཞབས་པད་མི་འགྱུར་རྡོ་རྗེའི་ཁྲིར། །བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ། །བསྟན་པའི་མངའ་བདག་དཔལ་ལྡན་བླ་མ་རྗེ། །རབ་བརྟན་རྡོ་རྗེའི་སྐུ་རུ་མངའ་བརྙེས་ཤིང་། །གསང་ཆེན་ངེས་དོན་བསྟན་པའི་རྒྱལ་མཚན་ཆེ། །ཕྱོགས་བརྒྱར་སྲིད་མཐའི་བར་དུ་བསྒྲེང་དུ་གསོལ། །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང་། །ལམ་བཟང་རིན་ཆེན་རྩེ་གཅིག་བསྒྲུབ་པའི་མཐུས། །དཔལ་ལྡན་བླ་མ་མཆོག་གི་ཞབས་བརྟན་ཤོག །དེ་ལྟར་གཅིག་ཆོག་རྒྱལ་པོ་བླ་མ་ལ། །གསོལ་བཏབ་ལས་བྱུང་རྣམ་དཀར་དགེ་དེའི་མཐུས། །མཁའ་མཉམ་མ་རྣམས་སྡུག་བསྔལ་རྒྱ་མཚོ་ལས། །གྲོལ་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཡང་། །མཚུངས་མེད་རྗེ་བཙུན་བླ་མས་རྗེས་བཟུང་ནས། །ཐེག་ཆེན་དམ་ཆོས་བདུད་རྩིའི་རྒྱུན་བཟང་གིས། །རྣམ་ཀུན་ཡོངས་སུ་འཚོ་བའི་བཀྲ་ཤིས་སྩོལ།། ཅེས་དཔལ་ལྡན་བླ་མ་དམ་པའི་གསོལ་འདེབས་མཆོག་ཐུན་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་། བསེ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོར་འབོད་པས་རང་ལོ་ཉེར་ལྔ་པ་ཤིང་མོ་ལུག་གི་ལོའི་ཧོར་ཟླ་གསུམ་པ་ནག་པ་ཟླ་བའི་ཡར་ཚེས་ལ་དཔལ་ལྡན་འཛམ་ཐང་ཆོས་ཀྱི་ཕོ་བྲང་ནས་ཐུན་མཚམས་སུ་ཐོལ་བྱུང་བྲིས་པ་མངྒ་ལཾ།


previousཇོ་ནང་དཀོན་མཆོག་ཆོས་བཟང་གི་གསོལ་འདེབས།next