Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྲོ་གླུ་བདུད་རྩིའི་མཆོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲོ་གླུ་བདུད་རྩིའི་མཆོད་པ། next

བྲོ་གླུ་བདུད་རྩིའི་མཆོད་པ།

༄༅། བྲོ་གླུ་བདུད་རྩིའི་མཆོད་པ་ནི། ཨེ་མ་ཧོ། མགོན་རྒྱལ་བའི་དབང་པོ་དོན་ཐམས་ཅད་གྲུབ་པ་དང་། །དེ་འཇའ་སྐུར་བཞེངས་པ་མཚན་བརྒྱད་ལྡན་པདྨ་འབྱུང་། །འཁོར་རྒྱལ་སྲས་རིག་འཛིན་མཁའ་འགྲོ་དང་དམ་ཅན་ཚོགས། །ཐུགས་བརྩེ་བས་དགོངས་ལ་གླུ་བྲོ་གར་མཆོད་པ་བཞེས། །དོན་ཆོས་བཞིན་འགྲུབ་པའི་བྱིན་རླབས་དང་དངོས་གྲུབ་ཞུ། །སྐྱབས་མཚན་ལྡན་བླ་མ་བརྒྱུད་གསུམ་གྱི་རིག་འཛིན་ཚོགས། །གླུ་བྲོ་གར་བཞེས་ལ་ཕྲིན་ལས་ཀྱི་གཏེར་ཆེན་སྩོལ། །བཀའ་གཏེར་གྱི་སྲུང་མ་དམ་ཚིག་ཅན་རྒྱ་མཚོའི་ཚོགས། །གླུ་བྲོ་གར་བཞེས་ལ་ས་ལམ་གྱི་བར་ཆད་སོལ། །དཔལ་རྣམ་མང་ཐོས་སྲས་ནོར་ལྷ་དང་གཏེར་བདག་ཚོགས། །གླུ་བྲོ་གར་བཞེས་ལ་ཚེ་བསོད་ནམས་རྒྱས་པར་མཛོད། །ཡུལ་ས་གཞིའི་བདག་པོ་དཀར་པོའི་ཕྱོགས་སྐྱོང་བ་རྣམས། །གླུ་བྲོ་གར་བཞེས་ལ་སྲུང་སྐྱོབས་དང་སྡོང་གྲོགས་མཛོད། །མི་བདག་ལ་འགོ་བའི་ལྷ་ལྔ་དང་སྐྱོབས་པའི་ལྷ། །ཚེ་སྔོན་ནས་འབྲེལ་བའི་བཟང་བྱེད་དང་གྲོགས་བྱེད་ལྷས། །གླུ་བྲོ་གར་བཞེས་ལ་རང་རང་གི་ནུས་སྟོབས་བཞིན། །ཕྲིན་ལས་དང་དངོས་གྲུབ་དུས་འདི་ནས་སྩལ་དུ་གསོལ། །ཆོས་མདོ་སྔགས་བསྟན་པ་ཉི་ཟླ་ལྟར་གསལ་བར་ཤོག །བསྟན་འཛིན་གྱི་སྐྱེས་བུ་སྐར་ཚོགས་ལྟར་རྒྱས་པར་ཤོག །ཡོན་སྦྱོར་བའི་སྦྱིན་བདག་དབྱར་ཚལ་ལྟར་རྒྱས་པར་ཤོག །ཚེ་བསོད་ནམས་ལོངས་སྤྱོད་དབྱར་མཚོ་ལྟར་རྒྱས་པར་ཤོག །འཁོར་རིགས་རྒྱུད་མི་མཐའ་ཆུ་རྒྱུན་བཞིན་རིང་བར་ཤོག །རྟ་གནག་ལུག་རྐང་འགྲོས་ཀླུ་ནོར་ལྟར་འཕེལ་བར་ཤོག །ཞིང་འབྲུ་དྲུག་ལོ་ཏོག་རྩི་ཤིང་བཞིན་རྒྱས་པར་ཤོག །ལྗོངས་ཡུལ་གྲུ་འདི་ཉིད་ལྷ་ཁམས་བཞིན་རྟག་བརྟན་ཤོག །ངག་སྙན་པའི་གླུ་དབྱངས་དབྱར་རྔ་ལྟར་འུ་རུ་རུ། །སེམས་དགའ་བའི་ལྷ་གྲོགས་ཡལ་འདབ་བཞིན་ལྡེམས་སེ་ལྡེམ། །ལུས་མོས་པའི་གར་བསྒྱུར་སྙེ་མ་ལྟར་ཤིགས་སེ་ཤིག །ཉམས་བདེ་བའི་དགའ་སྟོན་རྒྱ་མཚོ་བཞིན་གྱི་ལི་ལི། །རྒྱལ་རོང་གི་ཡུལ་གྲུ་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད། །ཡོངས་འགྲོ་བ་འདི་ཀུན་དཔའ་བོ་དང་མཁའ་འགྲོར་གྱུར། །མཐར་བདེ་ཆེན་ཞིང་ལ་ཚོམ་གཅིག་ཏུ་གྲོལ་བར་ཤོག །སེམས་དགའ་སྤྲོའི་ངང་ནས་ཛ་གད་ཀྱི་ཞལ་སྐྱེམས་བཞེས། །ཞེས་པ་འདི་ཡང་མགོ་སྤྲུལ་འཇིགས་རྣམ་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།


previousབྲོ་གླུ་བདུད་རྩིའི་མཆོད་པ། next