Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆབ་གཏོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆབ་གཏོར་བསྡུས་པ།next

ཆབ་གཏོར་བསྡུས་པ།

སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་ཆབ་གཏོར་འདོད་དགུའི་ཆར་འབེབས་བཞུགས། སྐྱབས་ཀུན་ཡོངས་འདུས་བླ་མར་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ཆེན་གནས་ལ་འགོད་པར་བགྱི། །རྒྱུ་འབྲས་དགེ་ལྡན་མི་དགེའི་རྒྱུ་འབྲས་སྟོང་། །བདེ་དགའི་དཔལ་འབྱོར་མཉམ་པ་ཉིད་རྟོགས་ཤོག །ཧྲཱིཿ བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི། །ཕྱག་སོར་རྩེ་ནས་བདུད་རྩིའི་རྒྱུན་བབས་པས། །ཆུ་རྒྱུན་ཟག་མེད་ཡེ་ཤེས་བདུད་རྩིའི་མཚོ། །ཀུན་བཟང་མཆོད་སྦྱིན་སྤྲིན་ཚོགས་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། སྐུ་གསུམ་ཡོངས་འདུས་རྩ་བརྒྱུད་བླ་མ་མཆོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ། །འགྲོ་ཀུན་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག །མགོན་པོ་ཡོན་ཏན་མགྲོན་ལ་མཆོད་པ་འབུལ། །དངོས་གྲུབ་ཕྲིན་ལས་འདོད་དགུ་འབྱུང་བར་ཤོག །བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན་ལ་བསྔོ། །བུ་ལོན་ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །རིགས་དྲུག་སེམས་ཅན་སྙིང་རྗེའི་མགྲོན་ལ་བསྔོ། །ཐམས་ཅད་མྱུར་དུ་སྐུ་གསུམ་ཐོབ་པར་ཤོག །ཁས་ཞན་དབང་ཆུང་མ་ཐོབ་མ་ནུས་མགྲོན། །ཐམས་ཅད་མཉེས་ཚིམ་བདེ་སྐྱིད་ལྡན་པར་ཤོག །བཟའ་བཏུང་ལོངས་སྤྱོད་མི་དབང་འཇུར་གེགས་རྣམས། །བྱིན་རླབས་ཆུ་རྒྱུན་ལྷག་མས་མཉེས་ཚིམ་ནས། །འདོད་ཞེན་སེར་སྣའི་རྒྱུ་འབྲས་ལྷག་མེད་སྟོང་། །ཞེན་མེད་ནམ་མཁའ་མཛོད་ལ་ལོངས་སྤྱོད་ཤོག །ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ། ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཨོཾ་བཛྲ་མུཿ ཡ་ཧི་གཙྪ། མཆོད་སྦྱིན་རྒྱ་ཆེན་བགྱིས་པ་འདི་ཡི་མཐུས། །འགྲོ་རྣམས་མ་ལུས་མྱུར་དུ་སངས་རྒྱས་ཤོག །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་དགུའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཆུ་རྣམས་མཆོད་སྦྱིན་དུ་བྱེད་པའི་ལམ་ཁྱེར་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ཡང་མགོ་སྤྲུལ་པས་སོ།།


previousཆབ་གཏོར་བསྡུས་པ།next