Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེན་བརྗོད་སྤྱི་འགྲོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེན་བརྗོད་སྤྱི་འགྲོས།next

བདེན་བརྗོད་སྤྱི་འགྲོས།

༄༅། བདེན་བརྗོད་སྤྱི་འགྲོས་གདོན་བགེགས་མཐར་བྱེད་བཞུགས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང་། ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་རྣམས་ཀྱི་བཀའ་བདེན་པ་དང་། ཐེག་པ་གསུམ་ལ་གནས་པའི་འཕགས་པའི་དགེ་འདུན་རྣམས་ཀྱི་བཀའ་བདེན་པ་དང་། རྒྱུད་སྡེ་བཞི་དང་ཐེག་པ་དགུས་བསྡུས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གནས་ཡུལ་དུར་ཁྲོད་ཀྱི་མཁའ་འགྲོ་དང་། དཔའ་བོ་དཔའ་མོ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དོན་དམ་ཆོས་ཉིད་འགྱུར་བ་མེད་པ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞེས་སྤྱི་འགྲོས་ཀྱི་མགོར་སྦྱར་ནས། ཅུང་ཟད་རྒྱས་པར་འདོད་ན། ཁྱད་པར་དུ་གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་ནས། ཆོས་སྐུ་ཀུན་བཟང་ཡབ་ཡུམ། དྲུག་པ་རྡོ་རྗེ་འཆང་ཆེན། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། རྒྱལ་སྲས་རིགས་གསུམ་མགོན་པོ། རིག་འཛིན་དགའ་རབ་རྡོ་རྗེ། མཁའ་འགྲོ་ལས་ཀྱི་དབང་མོ། མཁས་པ་དཔལ་གྱི་སེང་གེ། གྲུབ་དབང་རིག་འཛིན་མཆོག་བརྒྱད། འཕགས་ཡུལ་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་རྩ་བཞི། མཁན་སློབ་ཉི་ཟླ་རྣམ་གཉིས། བོད་ཀྱི་རྗེ་འབངས་ཉེར་ལྔ། ལོ་པཎ་བརྒྱ་རྩ་ཟུང་འབྲེལ། བཀའ་བབ་སོ་ཟུར་གནུབས་གསུམ། །གཏེར་སྟོན་མཆོག་གཉིས་གླིང་པ་བརྒྱད་ལ་སོགས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ནས་བརྒྱུད་པ། བཀའ་བབ་ལུང་བསྟན་བརྒྱུད་པ། གཏད་རྒྱ་སྨོན་ལམ་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ། སྨིན་བྱེད་དབང་གི་བརྒྱུད་པ། གྲོལ་བྱེད་ལམ་གྱི་བརྒྱུད་པ། བྱིན་རླབས་དོན་གྱི་བརྒྱུད་པ་སྟེ་དགུ་ལྡན་བརྒྱུད་པའི་བླ་མ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བདེན་པ་དང་། པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས། བླ་མ་སྐུ་གསུམ་ཡོངས་འདུས་རྒྱལ་དབང་པདྨ་འོད་འབར། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ཆེན་པོ་ནས། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། རིག་འཛིན་སློབ་དཔོན། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ཏེ་སྒྲུབ་སྡེ་ཆེན་པོ་དགུ་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། བདུན་བརྒྱ་ཉེར་ལྔ་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་སྤྱོད་ཨོ་རྒྱན་གསང་ཆེན་རོལ་པའི་དུར་ཁྲོད་ནས། ཌཱཀྐི་ཕག་ཁྲོས་སེང་གསུམ། སྤྲུལ་པའི་མཁའ་འགྲོ་སྡེ་ལྔ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ། འཇིག་རྟེན་ལས་ཀྱི་མཁའ་འགྲོ། འབུམ་ཕྲག་ཡངས་པའི་ཌཱཀྐི་འཁོར་ཚོགས་ཡང་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཀའ་གསང་དམ་ཚིག་གཉན་པོའི་ཕོ་བྲང་ནས། རྒྱུད་མགོན་ལེགས་ལྡན་ནག་པོ་དང་། ཕྱག་བཞི་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པའི་མགོན་པོ་ཕོ་རྒྱུད། སྔགས་སྲུང་ཨེ་ཀ་ཛ་ཏི་དང་། དཔལ་ལྡན་སྔགས་ཀྱི་བདག་མོ་ལ་སོགས་པའི་ལྷ་མོ་མོ་རྒྱུད། དྲང་སྲོང་གཟའ་མཆོག་ཆེན་པོ་དང་། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་སྔགས་བདག་དྲེགས་པའི་ཚོགས་དང་བཅས་པའི་བདེན་པ་དང་། དམ་ལྡན་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཆོས་ཉིད་འགྱུར་བ་མེད་པ་ཆོས་ཅན་རྒྱུ་འབྲས་ལྷག་བསམ་རྣམ་དག་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ཞེས་སམ། ༧ ཅུང་ཟད་བསྡུ་བར་འདོད་ན། ཁྱད་པར་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་གསུམ་ལྡན་རྩ་བའི་བླ་མའི་བར་དུ་བརྒྱུད་པའི་རྫོགས་ཆེན་བརྒྱུད་པའི་བླ་མ། སྙིང་ཐིག་བརྒྱུད་པའི་བླ་མ། ཕྱག་ཆེན་བརྒྱུད་པའི་བླ་མ། སྦྱོར་དྲུག་བརྒྱུད་པའི་བླ་མ། དབུ་མ་བརྒྱུད་པའི་བླ་མ། དབུ་སེམས་བརྒྱུད་པའི་བླ་མ། ཞི་གཅོད་བརྒྱུད་པའི་བླ་མ། བཀའ་མ་བརྒྱུད་པའི་བླ་མ། དག་སྣང་བརྒྱུད་པའི་བླ་མ། མཁས་གྲུབ་རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཡི་དམ་གུ་རུ་ཞི་དྲག དགོངས་འདུས་དཀྱིལ་འཁོར་དགུ་ལྡན། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། བདུད་འདུལ་རྡོ་རྗེ་གཞོན་ནུ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་བཞི་དང་། ཐེག་པ་རིམ་པ་དགུས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། མཁའ་འགྲོ་རྡོ་རྗེ་ཕག་མོ། བདུད་འདུལ་ཁྲོས་མ་ལྷ་ལྔ། ཌཱཀྐི་སེང་གདོང་དམར་ནག སྤྲུལ་པའི་མཁའ་འགྲོ་སྡེ་ལྔ་ལ་སོགས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། མགོན་པོ་ཕོ་རྒྱུད། ལྷ་མོ་མོ་རྒྱུད། ལས་བྱེད་དྲེགས་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། མཐུ་སྟོབས་ཀྱི་རྩལ་དང་ལྡན་པའི་བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། རྣལ་འབྱོར་བ་བདག་གི་ལྷ་སྔགས་ཏིང་འཛིན་དང་བཅས་པའི་བདེན་པའི་སྟོབས་ཀྱིས། ཞེས་སམ། ༧ ཤིན་ཏུ་བསྡུ་ན། ཁྱད་པར་དུ་བརྒྱུད་གསུམ་རིག་འཛིན་བླ་མ། ཡི་དམ་བདེ་གཤེགས་ཞི་ཁྲོ། གནས་གསུམ་དཔའ་བོ་མཁའ་འགྲོ། རྡོ་རྗེ་ཆོས་སྐྱོང་བའི་བསྲུང་མ། བཀའ་སྡོད་དམ་ཅན་རྒྱ་མཚོ། ནོར་ལྷ་གཏེར་བདག ཕྱོགས་སྐྱོང་ཞིང་སྐྱོང་། དཀར་ཕྱོགས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ཞེས་སོགས་སྦྱོར་ལ། ༧ གང་ལྟར་ཡང་མཇུག་ཏུ། དེང་འདིར་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་རྣམས་ཀྱི་ལུས་སྲོག་ཚེ་ལ་བར་དུ་གཅོད་པ། དབང་ཐང་གི་རོལ་མཚོ་དཀྲུག་པ། ཀླུང་རྟའི་རི་བོ་སྒུལ་བ། བསོད་ནམས་ཀྱི་ཉི་ཟླ་བསྒྲིབ་པ། སྙན་གྲགས་ཀྱི་བ་དན་དབྲལ་བ། བླ་ཚེ་སྲོག་དབུགས་ལ་འཇབ་པར་བྱེད་པའི་ལྷ་གདོན་ཕོ་མོ་ལ་སོགས་པའི་གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱི་ན་ཡ་ག་ལ་སོགས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཛ་མི་ཀ་ལ་སོགས་པའི་བྱིས་པའི་གདོན་ཆེན་བཅོ་ལྔ། གཟའ་ཀླུ་རྒྱལ་བསེན། གྲི་བོ་གྲི་མོ། ཤི་འདྲེ་གསོན་འདྲེ། དམ་སྲི་ཐེའུ་རིང་། སྔར་ཡོད་ཀྱི་སྔར་འདྲེ། གསར་བྱུང་གི་ཕྱིར་འདྲེ། ལྷ་སྲུང་གི་རྒབ་འདྲེ། གློ་བུར་གྱི་གཤེད་འཁྱམས། ནོར་རྫས་ཀྱི་གོད་འདྲེ་ལ་སོགས་པ། སྔོན་གྱི་ལས་དང་། འཕྲལ་གྱི་རྐྱེན་གྱིས་བསླངས་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས། ༧ མདོས་གཏོང་གི་སྐབས་ཡིན་ན། ལོངས་སྤྱོད་མདོས་ཆེན་རབ་འབྱམས་ནམ་མཁའི་དབྱིངས་རྒྱས་པར་འགེང་བ་འདི་བཞེས་ལ། ཞེས་དང་། ༧ གླུད་དང་ཆང་བུ་སོགས་ཀྱི་སྐབས་སུ། འདོད་ཡོན་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་མགུ་ཞིང་ཚིམ་པར་གྱིས་ལ། ཞེས་དང་། ༧ བཀའ་བསྒོ་བྱེད་པའི་སྐབས་ཡིན་ན། སྐུ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྗེ་དང་ཡེ་ཤེས། ཕྲིན་ལས་དང་ནུས་སྟོབས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་རྡོ་རྗེ་ཁྲོ་རྒྱལ་ཆེན་པོའི་བཀའ་ཐོས་པ་ཙམ་གྱིས། ཞེས་སྦྱར་ལ། ༧ གང་ལྟར་ཡང་མཇུག་ཏུ། ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་ཁྲོ་བོ་དང་མཚོན་ཆ། མེ་དཔུང་འབར་བའི་ཚོགས་རབ་ཏུ་སྤྲོས་ཏེ་བགེགས་ཚོགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་ཤིང་། ལུས་དུམ་བུ་སྟོང་དུ་གཏོང་བར་འགྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭོ་བཛྲ༴སོགས། གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་སོགས་ཀྱིས་བྲབ། ཡི་དམ་གང་ཡིན་གྱི་རྩ་སྔགས་དང་ཧཱུྃ་བཞིའི་སྔགས་སོགས་བརྗོད་ཅིང་། དེ་ནས། བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཚུར་འདུས་པ་ལས། བསྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་བར་བསམ་ལ་བསྲུང་འཁོར་དམིགས་བསལ་ཡོད་ན་དེ་དང་། མེད་ན་འདི་ལྟར་བརྗོད། ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་སྐུ་གསུམ་ལྷ། །དག་པ་རབ་འབྱམས་བསྲུང་གུར་འགྱུར་བ་མེད། །མཚམས་ཀྱི་དཀྱིལ་འཁོར་ཡེ་ནས་ལྷུན་གྱིས་གྲུབ། །གློ་བུར་འཁྲུལ་རྟོགས་བདུད་བགེགས་དབྱིངས་སུ་སྒྲོལ། ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ། སོགས་བསྲུང་བའི་ཚིགས་ཅི་རིགས་པ་བརྗོད་པར་བྱའོ།། ཞེས་པའང་རྡོ་རྗེའི་མཆེད་གྲོགས་དམ་པ་འཇམ་དབྱངས་བློ་འཕེལ་ནས་ཡང་ཡང་བསྐུལ་ངོར། མགོ་སྤྲུལ་གྱིས་བྲིས་པ་ལ་སླར་ཡང་འོད་ཟེར་མཐའ་ཡས་ཀྱི་མོས་ངོར་མགོ་མཇུག་གི་ཚིག་ཚོགས་ཁ་ཤས་བསྣན་ནས་བྲིས་པའོ།།


previousབདེན་བརྗོད་སྤྱི་འགྲོས།next