Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ།next

ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ།

༄༅། ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ་བཞུགས། གནས་འདིར་ལྷན་ཅིག་འཚོགས་པའི་ཡོན་མཆོད་ཀུན། །མ་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་དང་། །ཁྱད་པར་དམིགས་ཡུལ་ཚོགས་རྫོགས་སྒྲིབ་དག་ཕྱིར། །གསུང་མཆོག་ཡིག་དྲུག་ཛཔ྄་དབྱངས་སྒྲོགས་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ཞིང་། །གུས་པས་བརྟེན་ན་བླ་མེད་མཆོག་སྩོལ་བ། །དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།། ༴༴ དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་བ་སྟོང་དུ་ཚོགས་བསགས་སྒྲིབ་གཉིས་སྦྱངས། །སྡེ་སྣོད་གསུམ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །སངས་རྒྱས་ཤཱཀྱ་ཐུབ་པར་གསོལ་བ་འདེབས།། ༴༴ སེམས་ཅན་དོན་ལ་ཐུགས་རྗེའི་སྤྱན་རས་གཟིགས། །འགྲོ་དོན་དམིགས་མེད་ཕྱག་སྟོང་སྤྱན་སྟོང་སྤྲུལ། །སངས་རྒྱས་རབ་བདུན་བདེ་གཤེགས་བཅུ་གཅིག་ཞལ། །ཐུགས་རྗེ་ཆེན་པོ་ཉིད་ལ་གསོལ་བ་འདེབས།། ༴༴ ཆོས་དབྱིངས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི། །ཐབས་དང་ཤེས་རབ་གཉིས་མེད་ཡུམ་གྱི་ཚུལ། །ལྷ་མོ་ཡིག་དྲུག་མ་ལ་གསོལ་བ་འདེབས།། ༴༴ འགྲོ་བ་ཐུགས་རྗེས་སྒྲོལ་བར་དམ་བཅས་ནས། །ལྷ་མོའི་ཚུལ་གྱིས་འཇིགས་པ་བརྒྱད་ལས་སྐྱོབས། །ཆགས་པའི་ཚུལ་གྱིས་ཐུགས་རྗེ་ཆེན་པོའི་ཡུམ། །ལྷ་མོ་སྒྲོལ་མ་ཉིད་ལ་གསོལ་བ་འདེབས།། ༴༴ ཡེ་ཤེས་རིག་པ་ཉིད་ལས་བསྐྱེད་པའི་ལྷ། །འགྲོ་བ་འདུལ་ཕྱིར་རྟགས་ཀྱི་སྐུར་བསྟན་ནས། །སེམས་ཅན་ཀུན་གྱི་རེ་བ་སྐོང་མཛད་པ། །སྲས་པོ་ནོར་བུ་འཛིན་ལ་གསོལ་བ་འདེབས།། ༴༴ ཆོས་ཉིད་དབྱིངས་ལས་རྟགས་ཀྱི་ལྷ་མོའི་སྐུ། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ་མཛད་ཅིང་། །འཁོར་བ་དབང་བསྡུད་ཐུགས་རྗེས་འཛིན་མཛད་པའི། །སྲས་མོ་རིགས་སྔགས་འཛིན་ལ་གསོལ་བ་འདེབས།། ༴༴ ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཐབས་ལ་མཁས། །འགྲོ་དྲུག་གནས་སུ་ཐུབ་དྲུག་སྐུར་སྤྲུལ་ནས། །གང་ལ་གང་འདུལ་དེ་ལ་དེ་འདུལ་མཛད། །སྤྲུལ་སྐུ་ཐུབ་པ་དྲུག་ལ་གསོལ་བ་འདེབས།། ༴༴ ཆོས་རྒྱལ་མེས་དབོན་གསུམ་དང་པདྨ་འབྱུང་། །བཱི་མ་མི་ཏྲ་མཁན་ཆེན་ཞི་བ་འཚོ། །བཻ་རོ་ལ་སོགས་རྗེ་འབངས་མཁས་གྲུབ་སོགས། །བསྟན་འཛིན་བརྒྱུད་པར་བཅས་ལ་གསོལ་བ་འདེབས།། ༴༴ ཡི་གེ་དྲུག་མ་ཐུགས་རྗེས་སྤྲུལ་པའི་སྐུ། །འགྲོ་དྲུག་སྒྲིབ་སྦྱོང་འཁོར་བའི་གཡང་ས་གཅོད། །བྱང་ཆུབ་ལམ་འདྲེན་སྐུ་གསུམ་ས་ལ་འགོད། །སྙིང་པོ་ཡི་གེ་དྲུག་ལ་གསོལ་བ་འདེབས།། ༴༴ སྒོ་གསུམ་འཁྲུལ་བའི་རྟོག་ཚོགས་དབྱིངས་སུ་དག །མ་འཁྲུལ་ལྷ་སྔགས་ཡེ་ཤེས་རོལ་བར་རྫོགས། །གྲོལ་འཁྲུལ་བློ་འདས་སྐུ་གསུམ་ངོ་བོར་སྨིན། །འཕགས་པའི་གསང་བ་གསུམ་དང་དབྱེར་མེད་ཤོག །༴༴ བདེ་གཤེགས་རིགས་དྲུག་གི་གསུང་སྤྲུལ་ཡི་གེ་དྲུག །ཉོན་མོངས་རྣམ་དྲུག་སྦྱོང་རིགས་དྲུག་སྡུག་བསྔལ་སེལ། ། ༴༴ འགྲོ་དྲུག་སྐྱེ་རྒྱུན་གཅོད་ཕ་རོལ་ཕྱིན་དྲུག་རྫོགས། །ཡེ་ཤེས་རྣམ་དྲུག་འདྲེས་སྐུ་དྲུག་གོ་འཕང་སྩོལ། །༴༴ མགོན་པོ་སྤྱན་རས་གཟིགས་དེ་ལྟར་ངོ་མཚར་ཆེ། །མ་ཎི་ཡི་གེ་དྲུག་འདི་ལྟར་བྱིན་རླབས་ཆེ། །༴༴ ཀུ་མུད་གཅིག་ཉིད་ལས་ས་བོན་གྲངས་མེད་འཕེལ། །དཔག་བསམ་ཤིང་ཆེན་རེར་ལོ་འབྲས་གྲངས་མེད་འཕེལ། །༴༴ རི་བོ་གཅིག་ལ་ཡང་རྩྭ་རྩི་གྲངས་མེད་འཕེལ། །རྒྱ་མཚོ་ཆེན་པོ་ལས་ཆུ་ཕྲན་གྲངས་མེད་འཕེལ། །༴༴ དེ་རྣམས་ཐམས་ཅད་ལས་མ་ཎིའི་ཡོན་ཏན་འཕེལ། །འདིར་འདུས་སྐལ་ལྡན་ཀུན་མ་ཎི་པདྨེ་སྒྲོངས། །༴༴ ས་ལུ་འབྲས་ཀྱི་ཞིང་མ་བཏབ་མ་རྨོས་འཁྲུངས། །འདོད་འཇོའི་བ་མོ་ལས་ཅི་བསམ་བཞོས་པས་འཇོ། །༴༴ དཔག་བསམ་ཤིང་ཆེན་ལ་དགོས་འདོད་ཐམས་ཅད་སྐྱེ། །ཡིད་བཞིན་ནོར་བུ་ལས་གསོལ་བ་གང་བཏབ་འབྱུང་། །༴༴ དེ་རྣམས་ཐམས་ཅད་ལས་མ་ཎིའི་ཕན་ཡོན་ཆེ། །འདིར་འདུས་སྐལ་ལྡན་ཀུན་མ་ཎི་པདྨེ་སྒྲོངས། །༴༴ བར་སྣང་སྦྲང་ཆར་གྱི་ཟེགས་མ་གྲངས་ཀྱིས་ཆོད། །གླིང་བཞིའི་འབྲུ་དྲུག་ཀུན་བགྲང་ན་གྲངས་ཀྱིས་ཆོད། །༴༴ ས་ཆེན་སྲང་ཚད་ལ་གཞལ་ཡང་གྲངས་ཀྱིས་ཆོད། །རྒྱ་མཚོ་ཐིགས་པ་རེར་བགྲང་ཡང་གྲངས་ཀྱིས་ཆོད། །༴༴ མ་ཎིའི་ཡོན་ཏན་ལ་བགྲང་ཡང་ཟད་མཐའ་མེད། ། འདིར་འདུས་སྐལ་ལྡན་ཀུན་མ་ཎི་པདྨེ་སྒྲོངས། །༴༴ རྡོ་རྗེ་ལྕགས་ཀྱི་རི་ཀ་ཤིས་ཕྱིས་ཀྱང་འཛད། །གངྒའི་བྱེ་མ་ཀུན་ཏི་ཏོས་གཏོར་ཀྱང་འཛད། །༴༴ བྱེའུ་ཟིན་ཏོའི་སྒྲོས་གཏོར་ན་རྒྱ་མཚོ་འཛད། །སྐྱི་སེར་རླུང་རེག་གིས་གླིང་བཞི་རིར་བཅས་འཛད། །༴༴ མ་ཎིའི་ཡོན་ཏན་ལ་ཟད་པ་མི་སྲིད་པས། །གསུང་མཆོག་ཡིག་དྲུག་གི་སྒྲ་དབྱངས་སྒྲོག་པར་ཞུ། །༴༴ འདིས་མཚོན་འཁོར་གསུམ་ཡོངས་དག་དགེ་བ་ཀུན། །མ་གྱུར་ཁམས་གསུམ་སྲིད་པའི་འགྲོ་ལ་བསྔོ། །དག་པ་སྐུ་གསུམ་ཞིང་མཆོག་པོ་ཏ་ལར། །རྣམ་གསུམ་དག་པའི་འཁོར་གྱི་གྲལ་འཁོད་ཤོག །༴༴ ཕྱི་སྣོད་རྣམ་དག་བདེ་སྐྱིད་དཔལ་ཡོན་བརྡལ། །མཁའ་སྤྱོད་གཞལ་ཡས་འོད་ལྔ་ཟངས་ཐལ་གསལ། །ནང་བཅུད་དག་པ་ས་བཅུའི་བྱང་སེམས་ཀྱིས། །ཡོངས་གང་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ སྣང་ཚད་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ལྷ། །གྲགས་ཚད་མ་ཎི་པདྨེ་རྡོ་རྗེའི་སྒྲ། །དྲན་ཚད་རང་རིག་ཡེ་ཤེས་འོད་གསལ་བ། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ འབྱུང་ལྔའི་མིང་མེད་ཡེ་ཤེས་རང་མདངས་གསལ། །ཉིན་མཚན་མིང་མེད་ཆོས་ཀྱི་སྣང་བས་ཁྱབ། །སྐྱེ་འཆིའི་མིང་མེད་པདྨོ་ལས་འཁྲུངས་པའི། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ ཟས་གཞན་མི་དམིགས་འཆི་མེད་བདུད་རྩིའི་ཟས། །སྐོམ་གཞན་མི་དམིགས་བདེ་ཆེན་རྒྱུན་བཟང་འཐུང་། །གོས་གཞན་མི་དམིགས་མཉམ་པ་རིས་མེད་གྱོན། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ བཞོན་པ་གཞན་མིན་བརྩོན་འགྲུས་མྱུར་མགྱོགས་ལྡན། །དམན་པའི་གྲོགས་མིན་ཐབས་ཤེས་གཉིས་སུ་མེད། །འཁོར་སློབ་དམངས་མིན་རང་བཞིན་ཤར་གྲོལ་མཉམ། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ རྒྱལ་བློན་གཞན་མེད་འཕགས་པས་ཐུགས་རྗེས་སྐྱོངས། །འདོད་ཡོན་ཏིང་འཛིན་ལོངས་སྤྱོད་འཛད་མེད་འབྱུང་། །བྱ་སྤྱོད་གཞན་མེད་འགྲོ་དོན་ལྷུན་གྱིས་གྲུབ། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །༴༴ སྐྱེས་མ་ཐག་ནས་བྱང་ཆུབ་སེམས་མཆོག་བསྐྱེད། །སྦྱང་བགྲོད་མཐར་སོན་ཕ་རོལ་ཕྱིན་བཅུ་རྫོགས། །ས་བཅུ་དབང་བཅུ་སྟོབས་བཅུར་མངའ་དབང་བརྙེས། །འཁོར་བ་དོང་སྤྲུག་འགྲོ་དོན་བྱེད་པར་ཤོག །༴༴ སྤྱན་རས་གཟིགས་མགོན་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བ། །དེ་འདྲ་ཁོ་ནར་ཐམས་ཅད་འགྱུར་བར་ཤོག །༴༴ ཆོས་སྐུའི་བཀྲ་ཤིས་ངོ་བོ་ཀ་དག་ཀློང་། །ལོངས་སྐུའི་བཀྲ་ཤིས་རང་བཞིན་རང་འོད་གསལ། །སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེས་ཡོངས་ཁྱབ་པའི། །སྐུ་གསུམ་སྙིང་པོ་མ་ཎི་ལན་གསུམ་གསུང་། །༴༴ ཞེས་ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ་ཞེས་བྱ་བ་འདི་ཡང་། དགེ་རྒན་བློ་འཕེལ་ནས་བསྐུལ་ངོར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་མངའ་བདག་ཉང་གི་གཏེར་མ་ནས། མགོ་སྤྲུལ་གྱིས་བཏུས་པའོ།།


previousཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ།next