Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་སྨོན་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous བདེ་སྨོན་བསྡུས་པ།next

བདེ་སྨོན་བསྡུས་པ།

༄༅། བདེ་ཆེན་ཞིང་གི་སྨོན་ལམ་བསྡུས་པ་བཞུགས། ཨེ་མ་ཧོ། རང་སྣང་རྣམ་དག་ཞིང་ཁམས་བདེ་བ་ཅན། །རང་རིག་དབྱེར་མེད་འོད་དཔག་མེད་པའི་སྐུ། །ངོ་མཚར་རྨད་བྱུང་ཐུགས་རྗེས་འོད་སྟོང་འགྱེད། །ཞིང་ཁམས་རྣམ་དག་ཡིད་འོང་སྐྱེད་མོས་ཚལ། །དཔག་བསམ་ལྗོན་ཤིང་ལོ་འདབ་འབྲས་བུ་བརྒྱན། །མེ་ཏོག་སྣ་ཚོགས་མཛེས་ཤིང་ཡིད་འོང་ལྡན། །སྤོས་ཆུའི་དྲི་བསུང་ཁྲུས་ཀྱི་རྫིང་བུ་རུ། །བྱ་ཚོགས་སྐད་སྙན་སྣ་ཚོགས་སྒྲོགས་པའི་གནས། །དཔལ་འབྱོར་ལོངས་སྤྱོད་འཛད་མེད་རིན་ཆེན་གཏེར། །ང་བདག་འཛིན་མེད་དགོས་འདོད་ལྷུན་གྱིས་གྲུབ། །དབྱངས་སྙན་རོལ་མོ་སྣ་ཚོགས་རྒྱུན་མི་ཆད། །ཞིང་དེར་སྐྱེ་རྒ་ན་འཆིའི་མིང་ཡང་མེད། །ཉོན་མོངས་དགྲ་དང་སྡུག་བསྔལ་ཐོས་མ་མྱོང་། །བདེ་སྐྱིད་ཀུན་ལྡན་ཞིང་དེར་སྐྱེ་བར་ཤོག །དེ་ན་སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །འོད་ནི་དཔག་མེད་ཐུགས་རྗེ་ཀུན་ལ་ཁྱབ། །མཚན་དཔེ་རབ་རྫོགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་ཆོས་གོས་རྣམ་གསུམ་གསོལ། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་མཉམ་བཞག་བཻ་ཌཱུར་ལྷུང་བཟེད་བསྣམས། །ཐུགས་རྗེ་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །གཡས་གཡོན་ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ། །བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་གྱིས་བསྐོར། །ཡང་སྤྲུལ་སེམས་དཔའ་སེམས་མ་བསམ་མི་ཁྱབ། །ཀུན་ཀྱང་ཐེག་ཆེན་ཆོས་ལ་སྤྱོད་པ་ཡིས། །ཐེག་དམན་ཉན་རང་སོ་སྐྱེས་མིང་ཡང་མེད། །ཐེག་ཆེན་ཡོངས་རྫོགས་ཞིང་དེར་སྐྱེ་བར་ཤོག །བདག་ལ་འབྲེལ་ཚད་ཕ་མའི་གཙོར་བྱས་པའི། །དགྲ་གཉེན་མེད་པའི་ཁམས་གསུམ་སེམས་ཅན་ཀུན། །འདི་ནས་ཚེ་འཕོས་བདེ་ཆེན་དག་པའི་ཞིང་། །སྐད་ཅིག་གཅིག་ལ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་ཁ་ཕྱེས་ནས། སངས་རྒྱས་མཇལ་ཞིང་དམ་ཆོས་མཉན་པ་དང་། །མངོན་ཤེས་རྫུ་འཕྲུལ་སྤྱན་ལྔ་ཀུན་ལ་འབྱུང་། །མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག །འོད་དཔག་མེད་མགོན་སྤྱན་རས་གཟིགས་དབང་དང་། །མཐུ་ཆེན་ཐོབ་ཀྱི་བསྟན་པ་མ་རྫོགས་བར། །ཞིང་དེར་རྟག་ཏུ་མི་འབྲལ་གནས་པ་དང་། །དེ་ནས་ཚེ་འཕོས་ལུས་བརྗེས་ཞིང་གཞན་དུ། །བླ་མེད་སྐུ་གསུམ་སངས་རྒྱས་ཐོབ་པར་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། །རྒྱུ་འབྲས་ཆོས་ཅན་བསླུ་བ་མེད་པའི་མཐུས། །སྨོན་ལམ་བཏབ་པ་དེང་འདིར་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཆོས་དབྱིངས་མིང་གིས་རྦ་གནས་བྲག་དམར་རྫོང་ནས་སྤེལ་བ་ཀུན་གྱིས་ཁ་ཏོན་ཏུ་ཉིན་རེ་ཚར་རེ་མ་ཆགས་པ་བྱས་ན་ཕྱི་མ་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །


previous བདེ་སྨོན་བསྡུས་པ།next