Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར།next

ནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར།

༄༅། སྐུ་གསུམ་དགོངས་མཛོད་ལས། ནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར་བཞུགས། སྐུ་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །མཐུ་སྟོབས་ཀུན་རྫོགས་ལྷ་ལ་འདུད། །ནོར་བདག་རྒྱལ་ཆེན་རྣམ་སྲས་ཀྱི། །སྦྱོར་ཆོག་དངོས་གྲུབ་འདོད་སྟེར་བསྟན། །རིན་ཆེན་སྣོད་དུ་འབྲུ་སྨན་བཤོས། །ནོར་ལྷའི་སྤྱི་གཏོར་རྒྱས་པའི་དབྱིབས། །རྒྱན་སྤྲོས་གཙོ་འཁོར་དགུ་པ་ལ། །དཀར་མངར་རྫས་ཀྱིས་སྦྲན་པ་དང་། །ཕྱེ་མར་ཇ་ཆང་སྐྱེམས་སོགས་བཤམས། །གསང་འཛིན་མཆོག་གི་ས་མ་དྷིས། །བསང་སྦྱང་བྱིན་གྱིས་རླབས་བྱས་ནས། །སྦྱར་སྤོས་བདུག་ཅིང་བསང་གཏོར་བྱ། ཨོཾ་བཛྲ་ཡཀྴ་ཀྲོ་ཏ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ།གྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ། ཤར་ཤེལ། ལྷོ་བཻཌཱུར་ཡ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། ཕྱོགས་རེར་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་ཤིང་། དྲྭ་བ་དང་དྲྭ་ཕྱེད་ཐོག་ཕུབ་སོགས་རྒྱན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ་རིན་པོ་ཆེའི་ཁང་བཟང་སུམ་བརྩེགས་དང་། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་པའི་ཕྱི་རོལ་དུ་འཁོར་ས་རིམ་པ་གསུམ་དང་ལྡན་པ། འཁོར་ས་དང་པོ་ལ་རིན་པོ་ཆེའི་ཁང་བཟང་བརྒྱད། གཏེར་གྱི་བུམ་བཟང་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རིན་པོ་ཆེའི་ཚལ་བརྒྱད། ལྗོན་ཤིང་དང་མེ་ཏོག་བཀྲ་བའི་རྫིང་བུ་བརྒྱད། འདོད་པ་འཇོ་བའི་བ་མོ་བརྒྱད་རྣམས་སྤེལ་མར་གནས་པའི་ཕྱི་རོལ་དུ་འདོད་དགུ་འབྱུང་བའི་ནོར་བུའི་ཀ་བ་དང་བཅས་པ། དེའི་དབུས་སུ་འཛམ་བུའི་ཆུ་བོའི་གསེར་ལས་གྲུབ་པའི་པདྨ་དང་། ནོར་བུ་ཆུ་ཤེལ་གྱི་ཟླ་བ་རྒྱས་པའི་སྟེང་དུ། སེང་གེ་དཀར་མོ་གཡུ་རལ་རྒྱས་ཤིང་ཉམས་རྩལ་རྫོགས་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་བཻ་སེར་པོ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གསེར་བཙོ་མའི་མདོག་ལྟར་གསལ་འཚེར་འོད་དུ་འབར་བ་ཁྲོ་འཛུམ་སྒེག་པའི་ཉམས་ཅན། ཕྱག་གཡས་འདོད་འབྱུང་དབང་གི་རྒྱལ་པོའི་ཏོག་ཅན་གྱི་རྒྱལ་མཚན་དང་། གཡོན་གཏེར་གྱི་ནེའུ་ལེ་བསྣམས་པ། སྐུ་ལ་པཉྩ་ལི་ཀའི་བེར་ཆེན་དགུ་བརྩེགས་དང་རིན་པོ་ཆེའི་པྲོག་ཞུ་སོགས་རྒྱན་དང་ཆ་ལུགས་རྨད་དུ་བྱུང་བས་བརྒྱན་པ། ཕྲག་པ་གཡས་ན་ཉི་མ་དང་གཡོན་ན་ཟླ་བ་འཆར་བ། ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་ཅན། མི་ཟད་ནམ་མཁའི་མཛོད་ལ་མངའ་མཛད་པ། བཙུན་མོ་བཞི་དང་སྲས་བཞི་སོགས་གནོད་སྦྱིན་བྱེ་བས་བསྐོར་བ། ཕྱི་རིམ་འཁོར་ས་དང་པོའི་ཕྱོགས་མཚམས་ཀྱི་ཁང་བཟང་བརྒྱད་ལ། ཤར་དུ་ཛམ་བྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། ལྷོར་གང་བ་བཟང་པོ་སེར་པོ་གཏེར་བུམ་འཛིན་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། བྱང་དུ་ཀུ་བཻ་ར་ནག་པོ་རལ་གྲི་འཕྱར་བ། ཤར་ལྷོར་ཡང་དག་ཤེས་སེར་པོ་རལ་གྲི་ཐོགས་པ། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་མདུང་དམར་འཛིན་པ། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས་བསྣམས་པ། བྱང་ཤར་དུ་འཇམ་པོ་འཁྱིལ་བ་དཀར་པོ་གཡས་རལ་གྲི་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་ལ་བཅིབས་པ། དར་དང་རིན་པོ་ཆེའི་རྒྱན་དང་དཔའ་བོའི་ཆས་ཀྱིས་བརྗིད་པ། སོ་སོའི་བཙུན་མོ་སྲས་བློན་འཁོར་ཚོགས་དང་བཅས་པ། འཁོར་ས་བར་བ་ན་ཀླུ་ཆེན་བརྒྱད་འཁོར་འབུམ་འབུམ་དང་བཅས་པ། འཁོར་ས་ཐ་མ་ན་དེད་དཔོན་ཉེར་བརྒྱད། སྟོབས་ཆེན་སོ་གཉིས། ལྷ་སྲིན་སྡེ་བརྒྱད་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཀུན་ཀྱང་སྒྲུབ་པ་པོ་ལ་དངོས་གྲུབ་དང་ཕྱྭ་གཡང་གི་ཆར་འབེབས་པའོ།། དེ་ཐམས་ཅད་ཀྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ་བསྐྱེད་པའི་ལྷ་དང་དབྱེར་མེད་དུ་གྱུར་བར་བསམ་ལ། ཧཱུྃ་བཻ། རི་རབ་ལྷུན་པོའི་བྱང་གི་ཕྱོགས། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རིན་ཆེན་མང་སྤྲུལ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས། །བསྟན་དང་འགྲོ་ལ་ཕན་གདགས་ཕྱིར། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ།། ཨོཾ་བཻ་ཤྲ་མ་ཎ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛ༔ ཛ༔ཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་རཀྵནྟུ། འཁྱིལ་བའི་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། བཻ། གནོད་སྦྱིན་ཡོངས་ཀྱི་རྒྱལ་པོ་ཁྱོད། །རིན་ཆེན་མིང་དང་གཉིས་མེད་ཕྱིར། །སྒོ་གསུམ་གུས་པས་རབ་བཏུད་ཏེ། །མཆོད་པ་ཀུན་གྱིས་ཡང་དག་མཆོད། ཨོཾ་མ་ཧཱ་ཡཀྴ་རཱ་ཛ་ན་མོ། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨ་མྲི་ཏ་སརྦ་པཱུ་ཛ་ཧོ། ཁྱད་པར་དུ་རྒྱལ་ཆེན་འཁོར་བཅས་ཀྱི་ལྗགས་རིན་པོ་ཆེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཻ་ཤྲ་མ་ཎ་ས་པཱ་རི་ཝ་ར་ཨེ་དམ་བཱ་ལིངྟ་གྷྲྀཧྞ་ཏུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ། མ་མ་སརྦ་ཀརྨ་ས་དྷ་ཨ་མོ་གྷ་ཡ་སྭ་ཧཱ། ལན་གསུམ་མམ་བདུན་གྱིས་ཕུལ། དཔལ་ལྡན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཙུན་མོ་སྲས་དང་སྤྲུལ་འཁོར་གནོད་སྦྱིན་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་དམ་རྫས་ཀྱི་གཏོར་མ་འདི་བཞེས་ལ་བསྟན་པ་དང་བསྟན་འཛིན་སྤེལ་ཅིག རྣལ་འབྱོར་བའི་མགོན་སྐྱབས་མཛོད་ཅིག འཇིག་རྟེན་གྱི་རྒུད་པ་སོལ་ཅིག ནད་མུག་དང་མཚོན་འཁྲུག་ཟློག་ཅིག ཆོས་སྲིད་ཀྱི་འདོད་དོན་སྤེལ་ཅིག མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པར་མཛོད་ཅིག ཅེས་འདོད་དོན་གསོལ། བསྟོད་པ་ནི། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ངོས། །ལྕང་ལོ་ཅན་གྱི་ཕོ་བྲང་དབུས། །རིན་ཆེན་གཏེར་གྱི་གཞལ་ཡས་ན། །གནོད་སྦྱིན་སྡེ་དཔོན་སྟོབས་པོ་ཆེ། །མགོན་པོ་གནས་སྲུང་རྣམ་ཐོས་སྲས། །ངལ་བསོས་དགེ་བ་གཏེར་གྱི་བདག །རིན་ཆེན་མང་སྤྲུལ་ནོར་ལྷའི་གཙོ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་མཆོག་བཞི། །དངོས་གྲུབ་མཆོག་རྩོལ་རྟ་བདག་བརྒྱད། །འདོད་དགུའི་དཔལ་སྟེར་ཀླུ་ཆེན་བརྒྱད། །ནོར་ལྷ་འཁོར་དང་བཅས་རྣམས་བསྟོད། །གནོད་སྦྱིན་དེད་དཔོན་ཉི་ཤུ་བརྒྱད། །སྟོབས་ཆེན་སུམ་ཅུ་རྩ་གཉིས་སོགས། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །མ་ལུས་ཀུན་ལ་བདག་བསྟོད་དོ།། ཞེས་དང་། བཻ། ནོར་བདག་རྒྱལ་ཆེན་རྣམ་ཐོས་སྲས། །བཙུན་མོ་སྲས་བློན་འཁོར་བཅས་རྣམས། །བཤོས་དང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་དབྱིངས་སུ་བཤགས། །བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོ། །འཁོར་དང་ལོངས་སྤྱོད་གཉེར་དུ་གཏད། །ཐུགས་བསྐྱེད་དམ་བཅས་གནད་ནས་བསྐུལ། །ཆོས་དང་སྲིད་ཀྱི་ལས་ཀུན་བཅོལ། །ཚེ་བསོད་དབང་ཐང་དངོས་གྲུབ་ཞུ། །མ་གཡེལ་རེ་ཞིང་སྨོན་པ་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པར་མཛོད།། ཞེས་བསྟོད་ཅིང་ཕྲིན་ལས་བཅོལ་བར་བྱའོ།། གསང་བདག་མཐུ་སྟོབས་ཀུན་རྫོགས་ཀྱི་བཀའ་སྲུང་རྒྱལ་ཆེན་ནོར་ལྷའི་དབང་པོའི་གཏོར་འབུལ་དངོས་གྲུབ་འདོད་སྟེར་ཞེས་བྱ་བ་འདི་ཡང་སྒྲུབ་བརྩོན་དམ་པ་པདྨ་ཨ་ཡུརྨཱ་དང་། ཤཱི་ལ་བྷ་དྲཱ་གཉིས་ཀྱི་བཞེད་ངོར་མགོ་སྤྲུལ་དྷརྨཱ་དྷ་ཏུའི་མིང་ཅན་གྱིས་ཤར་མར་ཕབས་པ་སརྦ་མངྒ་ལཾ། དགེའོ།། དགེའོ།། དགེའོ།།


previousནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར།next