Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད།next

དྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད།

༄༅། བཀའ་འདུས་ལས་དྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད་བཞུགས། ཨོཾ་ཨཱཿཧཱུྃ། ཧྲཱིཿ ངོ་བོ་ཀ་དག་ཁྱབ་བདལ་ཆོས་དབྱིངས་རྩལ། །རང་བཞིན་ལྷུན་གྲུབ་གསང་བདག་རྡོ་རྗེ་འཆང་། །ཡེ་ཤེས་ཐུགས་རྗེའི་སྒྱུ་འཕྲུལ་གང་འདུལ་གཟུགས། །ཞི་དྲག་མ་ངེས་སྣ་ཚོགས་ཅིར་ཡང་སྣང་། །ཐུབ་བསྟན་མདོ་རྒྱུད་བཀའ་གཏེར་དག་སྣང་སྤྱི། །ཁྱད་པར་ཨ་ཏི་ཡོ་གའི་བསྲུང་མ་མཆོག །གློག་ལྟར་མངོན་རྒྱུག་ཁྱབ་འཇུག་རྫུ་འཕྲུལ་ཅན། །དྲང་སྲོང་གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །ཡབ་རྗེ་སྲིན་པོ་ཡུམ་མཆོག་གློག་འགྱུ་མ། །ལས་ཀུན་མྱུར་མཛད་གདོང་ཅན་སྲིང་མོ་བཞི། །གཉིས་མེད་སྤྲུལ་པའི་གཟའ་མཆོག་ཆེན་པོ་བཅུ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དང་། །མིག་དམར་ལྷག་པ་ཕུར་བུ་པ་ཝ་སངས། །སྤེན་པ་དུ་བ་མཇུག་རིང་འཁོར་བཅས་དང་། །བི་སྣུ་དམུ་བདུད་མཇུག་རིང་གཤིན་རྗེའི་གཟའ། །ཁྱབ་འཇུག་ཀླུ་བདུད་སྒྲ་གཅན་སྡེ་བརྒྱད་གཙོ། །ལྗང་སྔོན་མ་མོ་དྲང་སྲོང་དགྲ་ལྷའི་གཟའ། །རོག་ཏི་བདུད་དང་བིཥྚི་སྲིན་པོའི་གཙོ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་གཟའ་ཡི་ཚོགས། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པའི་སྡེ། །སྣང་སྲིད་སྡེ་བརྒྱད་འཁོར་དང་ཡང་འཁོར་བཅས། །གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །ལྷོ་ནུབ་ལངྒ་པུ་རིའི་གྲོང་ཁྱེར་དགུ། །རྩུབ་འགྱུར་བསིལ་ཚལ་ཞྭ་ཡི་ལྷ་ཁང་སོགས། །གར་བཞུགས་གནས་ནས་གློག་ལྟར་མྱུར་བྱོན་ལ། །གཏོར་སྐྱེམས་འདི་བཞེས་གང་བཅོལ་ལས་འགྲུབ་མཛོད།། ཨོཾ་རཱ་ཧུ་ལ་སརྦ་ས་པཱ་རི་ཝ་ར་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་བཱ་ལིང་ཏ་ལ་ཁ་རཾ་ཁཱ་ཧི། རཱ་ཧུ་ཀ་ལ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་བཞེངས་པ། །ཡབ་ཡུམ་སྲིང་བཞི་སྤྲུལ་པ་ཡང་སྤྲུལ་སོགས། །དྲང་སྲོང་ཁྲོ་ཚོགས་འཁོར་དང་བཅས་ལ་བསྟོད། །གསང་བ་ཀུན་བདག་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་ཕྱིར་སྲིན་པོའི་གཟུགས། །མངོན་རྒྱུག་ལས་མྱུར་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཁ་དཀར་སྙིང་ནག་གཡོ་སྒྱུ་ཅན། །བསམ་ངན་སྦྱོར་རྩུབ་དགྲ་རྐུན་རྣམས། །གློག་ལྟར་མྱུར་མགྱོགས་ཕྲིན་ལས་ཀྱིས། །མིང་མེད་བརླག་པའི་ཕྲིན་ལས་མཛོད། །དྲང་སྲོང་ཁྱབ་འཇུག་འཁོར་བཅས་རྣམས། །ཟ་ཁ་འཐུང་ཁ་དགྲ་ལ་སྟོན། །དགྲ་བོའི་ཤ་ཁྲག་རྔམ་ཟས་ཀྱིས། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །གལ་ཏེ་བདག་དང་སྲུང་མ་ལ། །ཞུ་བཤགས་འཇལ་བ་བྱས་ན་ཡང་། །ཟ་ངུའི་དམག་ཚོགས་སླར་མ་ལྡོག །སྒྲོལ་འདྲེན་སྟོབས་ལ་ལྷག་མེད་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། སོགས། ཀུན་འགྲུབ་ཤོག ཅེས་གཟའ་གསོལ་ཕྲིན་ལས་མྱུར་མགྱོགས་འདི་ཡང་གར་དབང་འཇིགས་མེད་རྣམ་རྒྱལ་བས་མགྱོགས་པར་བྲིས་པ་དགེའོ།།


previousདྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད།next