Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གེ་སར་གཡང་འགུགས་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགེ་སར་གཡང་འགུགས་དགོས་འདོད་ཀུན་འབྱུང་།next

གེ་སར་གཡང་འགུགས་དགོས་འདོད་ཀུན་འབྱུང་།

༄༅། གེ་སར་སྐྱེས་བུའི་གཡང་འགུགས་དགོས་འདོད་ཀུན་འབྱུང་བཞུགས་སོ།། ཧཱུྃ་ཧྲཱིཿ རང་རིག་སྣང་བ་དག་པའི་ཞིང་ཁམས་ནས། །སྐུ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །འཇིགས་བརྒྱད་གཡུལ་ལས་རྒྱལ་བའི་དཔའ་བོ་མཆོག །ཞིང་ཁམས་གར་བཞུགས་གནས་འདིར་བྱིན་གཡང་ཕོབས། །ཏཱ་རེའི་སྤྲུལ་པ་ཡེ་ཤེས་མཁའ་འགྲོ་མ། །རང་སྣང་གཡུ་ལོ་བཀོད་པའི་གཞལ་ཡས་ཁང་། །རྩ་ཐིག་རླུང་གསུམ་དཔའ་བོ་མཁའ་འགྲོའི་གནས། །སྐུ་གསུམ་ཀུན་འདུས་ལྷ་ཚོགས་གཡང་ཁུག་ཅིག །གཞི་སྣང་འཕོ་འགྱུར་མེད་པའི་གཞལ་ཡས་ནས། །དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བདག་གཞན་རྣམས་ཀྱི་དབུལ་བའི་སྡུག་བསྔལ་སེལ། །དངོས་གྲུབ་རྣམ་གཉིས་མཆོག་གི་གཡང་ཁུག་ཅིག །གནས་སྐབས་ཕྱི་ནང་བར་ཆད་ཞི་བ་དང་། །མཐར་ཐུག་རྣམ་མཁྱེན་དོན་གཉིས་ལྷུན་གྱིས་གྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །གང་བསམ་འབད་མེད་རྫོགས་ལྡན་དཔལ་ཐོབ་ཤོག །གཡང་འགུགས་དགོས་འདོད་ཀུན་འབྱུང་འདི། །རྨི་ལམ་སྣང་ངོར་ཤར་བ་ལྟར། །སྔགས་བན་ཆོས་དབྱིངས་མིང་ཅན་དེས། །བྲིས་པས་འགལ་འཁྲུལ་ལྷ་ལ་བཤགས།།

༄༅། དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། །ལྷ་ཆེན་གསོལ་མཆོད་འགྲོ་བ་དབང་བསྡུད་བཞུགས།། སྐུ་གསུམ་བདེར་གཤེགས་ཡོངས་རྫོགས་དཔལ། །དབང་ཆེན་ཧེ་རུ་ཀ་ལ་འདུད། །ཟབ་གསང་བསྟན་དང་འགྲོ་ཕན་ཕྱིར། །གསོལ་མཆོད་འགྲོ་བ་དབང་བསྡུད་བསྟན། །ཟངས་སོགས་རིན་ཆེན་སྣོད་གཙང་དུ། །འབྲུ་སྨན་རྩི་བཅུད་དཀར་མངར་རིགས། །ཆང་གིས་སྦྲུས་ཏེ་གདན་ཟླུམ་སྟེང་། །དབང་གི་གཏོར་མ་ཟླ་གམ་དབྱིབས། །དེ་འཁོར་རང་འདྲ་ཆུང་བ་བཞི། །གཏོར་སྐྱུ་བཅུ་གཉིས་སུམ་བརྩེགས་བསྐོར། །སྣ་ཚོགས་རྒྱན་གྱིས་མཛེས་བྱས་བཀོད། །འོ་སྦྲང་ཆང་བྲན་ཕུད་སྐྱེམས་བཤམས། །དབང་དྲག་རོལ་བའི་ཏིང་འཛིན་གྱིས། །འབྲུ་གསུམ་སྔགས་རྒྱས་བྱིན་གྱིས་བརླབས།། ཧཱུྃ་ཧྲཱིཿ རང་ཉིད་དབང་ཆེན་སྐུར་གསལ་བའི། །ཐུགས་སྲོག་འོད་ཀྱི་འཕྲོ་འདུ་ལས། །མདུན་དུ་པད་རག་གཞལ་ཡས་ཁང་། །ཚད་དང་མཚན་ཉིད་རྒྱན་བཀོད་རྫོགས། །དེ་དབུས་པད་ཉི་ཟླ་ཕྱེད་སྟེང་། །ཐུགས་ཀྱི་དབང་ཕྱུག་ལྷ་ཆེན་པོ། །སྔོ་སྐྱ་གཡས་དཀར་གཡོན་དམར་ཞལ། །གྲི་གུག་ཊཱ་རུ་ལྕགས་ཀྱུ་གཡས། །ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན། །ཞབས་བཞི་འདོར་སྟབས་བདུད་བཞི་གནོན། །ཕྱོགས་བཞིར་ཨུ་མ་གྲི་ཐོད་སྔོ། །དགའ་བདེར་སྟེར་མ་ནོར་བུམ་སེར། །རིག་བྱེད་མདའ་གཞུ་འགེངས་མ་དམར། །འཇོམས་བྱེད་སྟྭ་རེ་ཐོ་བ་ལྗང་། །བཞི་ཀའི་ཕྱག་བཞིའི་འོག་མ་དག །ལྕགས་ཀྱུ་ཞགས་པ་བསྣམས་པའོ། །ཤར་དུ་སྐུ་ཡི་དབང་ཕྱུག་དང་། །རྨོངས་བྱེད་ཆུ་ཡི་ཨུ་མ་དཀར། །ལྷོ་རུ་ཡོན་ཏན་དབང་ཕྱུག་དང་། །འདོད་བྱེད་ས་ཡི་ཨུ་མ་སེར། །ནུབ་ཏུ་གསུང་གི་དབང་ཕྱུག་དང་། །ཆགས་བྱེད་མེ་ཡི་ཨུ་མ་དམར། །བྱང་དུ་ཕྲིན་ལས་དབང་ཕྱུག་དང་། །གཡོ་བྱེད་རླུང་གི་ཨུ་མ་ལྗང་། །ཡབ་རྣམས་ལྕགས་ཀྱུ་ཞགས་པ་དང་། །ཡུམ་རྣམས་གྲི་ཐོད་འཛིན་ཅིང་སྟོབས། །སྒོ་བཞིར་འགུགས་འཆིང་སྡོམ་མྱོས་མ། །ཕྱོགས་མདོག་རང་རྟགས་ཕྱག་རྒྱར་ལྡན། །ཀུན་ཀྱང་རིན་ཆེན་རུས་རྒྱན་དང་། །མེ་ཏོག་ཐོད་བཅིང་དོ་ཤལ་མཛེས། །ཐབས་རྣམས་ཁྲོ་འཛུམ་སྦོམ་ཐུང་སྒེག །སྤྱན་གསུམ་མཆེ་གཙིགས་མཚན་རྟགས་བསྒྲེངས། །ཤེས་རབ་ཆུ་སྐྱེས་འོ་འཛིན་རྒྱས། །ཞི་ཆགས་མཛེས་འཛུམ་སྤྱན་གསུམ་གཡོ། །སོ་སོའི་གནས་གསུམ་ཡི་གེ་གསུམ། །ཐུགས་སྲོག་འོད་ཀྱི་འཕྲོ་འདུ་ཡིས། །ཁམས་གསུམ་སྲིད་པའི་གནས་རྣམས་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས། ཞེས་བསམ་སྤོས་རོལ་དར་དམར་བཅས། ཧཱུྃ་ཧྲཱིཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །ཐུགས་རྗེའི་རོལ་པ་རྟ་མཆོག་དཔལ། །བཀའ་སྡོད་ཚུལ་འཛིན་ལྷ་ཆེན་པོ། །མགྲིན་སྔོན་དྲག་པོ་གནས་འདིར་སྤྱོན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་ཕྱུག་ལྕམ་དྲལ་བཀའ་འཁོར་བཅས། །ལས་སྒྲུབ་དངོས་གྲུབ་སྩོལ་བའི་ཕྱིར། །འདིར་བྱོན་རྟེན་ལ་བཞུགས་སུ་གསོལ།། ཨོཾ་མ་ཧཱེ་ཤྭ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཧཱུྃ་ཧྲཱིཿ སྐུ་གསུམ་ཕྲིན་ལས་དབང་ཕྱུག་ཆེ། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཚིག་བསྲེ་ཞིང་དགའ་བས་འདུད། །ལྷ་དང་མི་ཡི་འཇིག་རྟེན་ན། །བདག་པོས་བཟུང་དང་དེར་གཞན་པའི། །ཕྱི་ནང་གསང་བའི་མཆོད་བསྐང་རྫས། །དཔག་མེད་བློ་ཡིས་བླངས་ཏེ་འབུལ། །དགྱེས་པར་བཞེས་ལ་བདག་ཅག་གི། །ཡིད་ལ་རེ་ཞིང་སྨོན་པ་ཡི། །ཆོས་སྲིད་འདོད་དོན་མ་ལུས་ཀུན། །གེགས་མེད་མྱུར་འགྲུབ་དངོས་གྲུབ་རྩོལ།། ཨོཾ་མ་ཧཱེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་པཱདྱཾ༴སོགས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་ཧོ། ཞེས་དང་། ལྷ་ཆེན་འཁོར་བཅས་ཀྱི་ལྗགས་འོད་དམར་ལྕགས་ཀྱུའི་དབྱིབས་ཅན་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པཱ་རི་ཝ་ར་ཨ་མྲྀ་ཏ་རཀྟ་བཱ་ལིང་ཏ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་མགྲིན་སྔོན་དྲག་པོ་ལྕམ་དྲལ་བཀའ་སྡོད་འཁོར་ཚོགས་དང་བཅས་པ་རྣམས་ཀྱིས་དམ་རྫས་ཀྱི་གཏོར་མ་འདི་བཞེས་ལ། བསྟན་པ་དང་བསྟན་འཛིན་སྤེལ་ཅིག རྣལ་འབྱོར་བའི་མགོན་སྐྱབས་མཛོད་ཅིག འཇིག་རྟེན་གྱི་རྒུད་པ་སོལ་ཅིག ནད་མུག་དང་མཚོན་འཁྲུག་ཟློག་ཅིག ཆོས་སྲིད་ཀྱི་འདོད་དོན་སྤེལ་ཅིག མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པར་མཛོད་ཅིག ཅེས་གསོལ། ཧྲཱིཿ དབང་དྲག་རོལ་པའི་བཀའ་ཉན་གཙོ། །དབང་ཕྱུག་མགྲིན་སྔོན་ནག་པོ་ཆེ། །དབང་ལྷ་རིགས་ལྔ་སྟངས་དཔྱལ་བཅས། །དབང་གི་ཕྲིན་ལས་མཛད་ཕྱིར་བསྟོད། །དབང་ཕྱུག་ཆེན་པོའི་བཀའ་འཁོར་དུ། །དབང་དྲག་ལས་ལ་དགྱེས་པ་ཡི། །དབང་ཆེན་ལྷ་ཚོགས་མ་ལུས་ལ། །དབང་སྡུད་མཛད་ཕྱིར་བསྟོད་པ་འབུལ། ཧྲཱིཿ མ་ཧཱ་དཱེ་ཝ་དབང་གི་ལྷ། །ལྕམ་དྲལ་སྤྲུལ་འཁོར་བཅས་པ་རྣམས། །བཤོས་དང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་དབྱིངས་སུ་བཤགས། །བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོ། །འཁོར་དང་ལོངས་སྤྱོད་གཉེར་དུ་གཏད། །ཐུགས་བསྐྱེད་དམ་བཅས་གནད་ནས་བསྐུལ། །ཆོས་དང་སྲིད་ཀྱི་ལས་ཀུན་བཅོལ། །ཁམས་གསུམ་དབང་སྡུད་དངོས་གྲུབ་ཞུ། །མ་གཡེལ་རེ་ཞིང་སྨོན་པ་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པར་མཛོད། ཞེས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ།། དབང་ཆེན་གསང་བ་ཀུན་རྫོགས་ཀྱི་བཀའ་སྲུང་ལྷ་ཆེན་མགྲིན་སྔོན་གྱི་གསོལ་མཆོད་འགྲོ་བ་དབང་སྡུད་ཅེས་བྱ་བ་འདི་ཡང་། སྙིང་གྲོགས་དམ་པའི་ངོར་སྔགས་ནག་འཇིགས་མེད་རྣམ་རྒྱལ་གྱིས་ཤར་མར་སྤེལ་བ་དགེའོ།། དགེའོ།། དགེའོ།།


previousགེ་སར་གཡང་འགུགས་དགོས་འདོད་ཀུན་འབྱུང་།next