Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་།next

བསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་།

༄༅། བསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་བཞུགས། རཾ་ཡཾ་ཁཾ། ལན་གསུམ། བསང་རྫས་ཀྱི་འབག་རྩོག་མནོལ་གྲིབ་མི་གཙང་ཐམས་ཅད་རཾ་གྱིས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུ་བྱུང་བས་བཀྲུས། སླར་ཡང་བཟང་ངན་དང་གཙང་དམེ་འཛིན་པའི་རྣམ་རྟོག་བག་ཆགས་དང་བཅས་པ་ཨོཾ་གྱིས་སྟོང་པ་ཉིད་ཀྱི་དབྱིངས་སུ་སྦྱངས། ཨཱཿཡིས་མཆོད་སྤྲིན་ནམ་མཁའ་གང་བར་སྤེལ། ཧཱུྃ་གིས་མྱོང་གྲོལ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བསང་དུད་འདོད་དགུའི་སྤྲིན་ཕུང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཉམ་པ་འདིས་བསང་ཞིང་མཆོད་པའི་ཡུལ་ནི། བརྒྱུད་གསུམ་རིག་འཛིན་བླ་མ། ཡི་དམ་ཞི་ཁྲོ་རབ་འབྱམས། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་མཁའ་འགྲོ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་སྲུང་མ། ཆོས་འཁོར་ལྷ་སའི་སྲུང་མ། ཨོ་རྒྱན་སྨིན་གྲོལ་གླིང་དང་རྡོ་བྲག་སྟོད་སྨད་ཀྱི་སྲུང་མ། ཀཿདཔལ་རྫོགས་གསུམ་གྱི་སྲུང་མ། ཇོ་ཤང་ཀར་འབྲུག་གི་སྲུང་མ། སེར་འབྲས་དགའ་གསུམ་གྱི་སྲུང་མ། བོད་ཆབ་དཀར་དང་འདྲ་བསྒྱུར་གྱི་སྲུང་མ། བཀའ་གཏེར་གནས་གསུམ་གྱི་བདག་པོ། རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་བསང་ངོ། །གསོལ་ལོ། །མཆོད་དོ།། དཔལ་མགོན་བདུན་ཅུ་རྩ་ལྔ། སྲིད་པ་ཆགས་པའི་ལྷ་དགུ། རང་ལ་འགོ་བའི་ལྷ་ལྔ། སྲུང་ཞིང་སྐྱོབས་པའི་ལྷ་དགུ། དགྲ་ལྷ་བཅུ་གསུམ། མགུར་ལྷ་བཅུ་གསུམ། རྩེ་ལྷ་བཅུ་གསུམ། བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡང་མ་བཅུ་གཉིས། གླིང་རྗེ་གེ་སར་རྒྱལ་པོ། དཔའ་འཁོར་སྡེ་དཔོན་སུམ་ཅུ། ཡང་ཐུལ་གྲུབ་ཆེན་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ། ལྷོ་འཛམ་བུ་གླིང་། སྟོད་མངའ་རིའི་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་ལྷ་སྲིན་སྡེ་བརྒྱད། མངོན་ཤེས་རྫུ་འཕྲུལ་ཅན། མཐུ་སྟོབས་དཔའ་རྩལ་ཅན་ཁྱེད་རྣམས་རང་རང་སོ་སོའི་འཁོར་དང་བཅས་པ་ཐམས་ཅད་བསང་ངོ་། །གསོལ་ལོ། །མཆོད་དོ།། སྟོད་ཀྱི་གངས་རི་ཏི་སེ། ཡར་སྟོད་ཤམ་པོ་གངས་རི། གཉན་ཆེན་ཐང་ལྷ་ཡར་ཞུ། གཏེར་བདག་རྨ་རྒྱལ་སྤོམ་ར། ཤར་གྱི་གཉན་པོ་གཡུ་རྩེ། མགོན་པོ་འབྲོང་རི་སྨུག་པོ། ཉག་སྟོད་ཁ་བ་ལབ་རི། དགེ་བསྙེན་བཞག་ར་ལྷ་རྩེ། གནས་ཆེན་རྒྱལ་མོ་མུ་རྡོ། རོང་བཙན་ཁ་བ་དཀར་པོ། འབོ་གངས་དཀར། ཤར་དུང་རི། དཔལ་རི་བདེ་ཆེན་རྫོངས་སོགས་ལ་གནས་པའི་ས་བདག གཞི་བདག གནས་བདག་ཐམས་ཅད་བསང་ངོ། །གསོལ་ལོ། །མཆོད་དོ། །རྨ་རྫ་འབྲི་གསུམ་ལ་གནས་ལ། རྡོ་འཛི་སྨར་གསུམ་ལ་གནས་པ། ཏྲེ་ཧོར་སྙི་གསུམ་ལ་གནས་པ། རྫ་མདོ་མུར་ཤོག་གསུམ་ལ་གནས་པའི་ས་བདག་གཞི་བདག་གནས་བདག་ཐམས་ཅད་བསང་ངོ་། །གསོལ་ལོ། །མཆོད་དོ།། གཡུ་སྟོད་རྡོ་རྗེ་གཡུ་ཁྲོམ། གཡུ་སྨད་དངུལ་རྫི་གཡུ་མཚོ། གཡུ་སྙིང་དགྲ་བླ་མི་མགོན། གནས་ལུང་དབང་བསྡུད་ལྷ་རྩེ། གདུགས་ཆེན་དཔའ་བོ་སྟག་འཕྲུ། གཡུ་མཁར་ནོར་བུ་ལྷ་རྩེ། དཔའ་བོ་རྡོ་རྗེ་ལྷ་རྩེ། དགྲ་འདུལ་གཉན་པོ་གཡུ་རྩེ། ཆུ་ལུང་གླང་པོ་དམ་བརྟན། མཚོ་ལུང་མཚོ་སྨན་རྒྱལ་མོ། འཁྱིལ་ཆེན་རྟ་ཤར་རྨོག་མཐོ། བསྟན་བསྲུང་སྐུ་བླ་དུང་རྩེ། སྐུ་བླ་ར་ཁང་། སྲིད་པའི་བ་སྦལ་ཁྱུང་གསུམ། སྒ་ནུབ་མཚོ་སྨན་སྤུན་གསུམ། ཉིན་གྱི་བཙན་རྒོད་མཆེད་གསུམ། སྲིབ་ཀྱི་སྐུ་བླ་ཉྭ་དཀར། ལོ་མཆོག་རྡོ་རྗེ་ཞལ་དཀར། གཡུ་རོང་སྙི་བོ་སྤུན་གསུམ། གནས་སྲུང་གསང་སྔགས་བསྟན་སྐྱོང་། བསྟན་འཛིན་སོ་ཀོ་དགའ་ལྡན། རྒུ་རྡབ་ཕོ་བཟོ་མོ་བཟོ། སྐུ་བླ་སྲིད་རྒྱལ། རྨ་ལུང་ལྷ་བཙན་ལ་སོགས་པའི། ཕ་རི་གཡས་ལ་གནས་པ། ཚུ་རི་གཡོན་ལ་གནས་པ། ཉིན་རི་དཀར་ལ་གནས་པ། སྲིབ་རི་ནགས་ལ་གནས་པ། མཐོ་བ་རྫ་ལ་གནས་པ། འཁྱིལ་བ་མཚོ་ལ་གནས་པ། སྲ་བ་བྲག་ལ་གནས་པ། འབབ་པ་ཆུ་ལ་གནས་པ། སྐྱེས་པ་ཤིང་ལ་གནས་པ། འགྲོ་བ་ལམ་ལ་གནས་པ། ཟུག་པ་རྡོ་ལ་གནས་པ། མཚེར་ས་ཆུ་མིག་ལ་གནས་པ། ཞིང་དང་ཁང་ཁྱིམ་ལ་གནས་པ། ཐབ་དང་བང་བ་ལ་གནས་པ། ཕ་མྱེས་བརྒྱུད་པའི་ལྷ་བསྲུང་། ཚེ་རབས་ལས་ཀྱི་ལྷ་བསྲུང་། བརྟེན་བསྒྲུབ་མཆོད་པའི་ལྷ་བསྲུང་། མ་བརྟེན་རང་འཁོར་གྱི་ལྷ་བསྲུང་། ས་འདིའི་ས་བདག ཡུལ་འདིའི་ཡུལ་བདག ཨེ་མཆོད་དང་ཨེ་བསྟོད་ལ་རེ་བ་ཁྱེད་རྣམས་བསང་ངོ། །གསོལ་ལོ། །མཆོད་དོ།། དམ་ཚིག་གི་རྗེས་གཅོད་པ། ལེགས་ཉེས་ཀྱི་སྟངས་འཛིན་པ། བླང་དོར་གྱི་ཤན་འབྱེད་པ། བདེན་རྫུན་གྱི་དཔང་པོ་མཛད་པ། མངོན་ཤེས་ཀྱི་སྤྱན་དང་ལྡན་པ། རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། མཐུ་སྟོབས་ཀྱི་རྩལ་དང་ལྡན་པ་ཁྱེད་རྣམས་ཀྱིས་བསང་མཆོད་དམ་པ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་འཁོར་དང་བཅས་པའི་ནད་དང་གནོད་པ་སོལ་ཅིག རྐྱེན་དང་བར་ཆད་ཟློག་ཅིག སྲོག་ལུས་དབང་ཐང་སྐྱེད་ཅིག ཁ་རྗེ་རླུང་རྟ་སྤེལ་ཅིག སྙན་པའི་དར་ཕྱོར་ཅིག གྲགས་པའི་དུང་བུས་ཤིག བཟང་པོ་བརྒྱ་དང་སྤྲོད་ཅིག ངན་པ་སྟོང་དང་སྣོལ་ཅིག ཆུ་ཟམ་པ་མེད་པ་ལ་རབ་ཕྱེས། བྲག་ཐེམ་སྐས་མེད་པ་ལ་ཐེམ་ལམ་གྱིས། གཞི་ལ་འདུག་པའི་བྱ་ར་གྱིས། བྱེས་སུ་འགྲོ་བའི་བསུ་སྐྱེལ་གྱིས། ཉིན་ལ་བྱ་ར་གྱིས། མཚན་ལ་མེལ་ཚེ་གྱིས། མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ཟས་ནོར་ལ་ཇག་རྐུན་མ་གཏོང་། ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་། ཁ་སྨྲས་དང་གླེང་བརྗོད་མ་གཏོང་། དགྲ་གྱོད་དང་འདྲེ་གདོན་མ་གཏོང་། གཅན་གཟན་འཕར་སྤྱང་གི་ཁ་མ་གཏོང་། དགྲ་ཡོང་ན་བྱ་ཐོངས། ནད་ཡོང་ན་སྨན་ཐོངས། དུག་ཡོང་ན་རྩི་སྐྱོལ། བྱད་ཡོངས་ན་རང་གཤེད་དུ་ཕོབས། ཁ་ཡི་ཟས་འདོད་ཟས་དང་སྤྲོད། རྐང་པའི་རྟ་འདོད་རྟ་དང་སྤྲོད། སྙིང་གི་ཆོས་འདོད་ཆོས་དང་སྤྲོད། དབུལ་པོ་ནོར་འདོད་ནོར་དང་སྤྲོད། དམངས་པོ་བུ་འདོད་བུ་དང་སྤྲོད། ཅི་བསམ་པའི་དོན་སྒྲུབ། ཅི་འདོད་པའི་རེ་བ་སྐོངས། ཅི་བཅོལ་པའི་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག ལྷ་དང་སྲུང་མ་གཉན་པོ་ཁྱེད་རྣམས་ལ། སྔོན་ཆད་བཟང་པོ་བྱས་པའི་གཏང་རག ཕྱིན་ཆད་བཟང་པོ་བྱེད་པའི་ཞུ་སྐྱེམས་སུ་བསང་མཆོད་རྒྱན་ཆེན་པོ་འདིས་བསང་ངོ། བརྔན་ནོ། །གསོལ་ལོ། །མཆོད་དོ།། ཨོཾ་ཨཱཿཧཱུྃ། ཞེས་བསང་གི་ཁ་སྨོན་གནའ་ལུགས་བཟང་པོའི་རྗེས་སུ་ཟློས་ཚུལ་འདི་ཡང་ཆོས་གྲོགས་ཚེ་རིང་དོན་གྲུབ་ཀྱིས་བསྐུལ་ངོར། མགོ་སྤྲུལ་གྱིས་བྲིས་པའོ།།

༧ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་འདོད་དགུ་ཕང་མེད་པར། །གོང་ནས་གོང་དུ་མི་ཟད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །

#div1 ཕུར་སྲུང་བསང་བསྡུས།

༄༅། ཕུར་སྲུང་བསང་བསྡུས་ནི། ཧཱུྃ། རྡོ་རྗེ་ཕུར་པའི་བཀའ་སྲུང་གཙོ། །དཔལ་ལྡན་དཀར་མོ་ཉི་ཟླ་དང་། །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །ཤྭ་ན་ས་བདག་བདག་ཉིད་མ། །སྐྱེས་བུ་གིང་ཆེན་བདུད་པོའི་ཚོགས། །དབང་ཕྱུག་ཆེན་པོ་བྱིས་པའི་ལྷ། །དྲཀྴད་བདུད་ཀྱི་མགོན་པོ་དང་། །མ་མོ་ཙིཏྟ་དུག་ཐུར་མ། །གཏེར་གྱི་བདག་པོ་འཁོར་བཅས་རྣམས། །བསང་མཆོད་བདུད་རྩིའི་སྤྲིན་ཕུང་གིས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །ཁྱེད་རྣམས་ཐུགས་དམ་དགྱེས་སྐོང་ནས། །བདག་ཅག་ཡོན་མཆོད་སྲུང་ཞིང་སྐྱོབས། །ལས་བཞི་གང་བརྩམས་མྱུར་འགྲུབ་མཛོད།། ཅེས་ཕུར་སྒྲུབ་ཀུན་ལ་འཐད་འོས་སུ་སྔགས་བན་དྷརྨའི་མིང་གིས་བྲིས་པའོ།། དགེའོ།།


previousབསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་།next