Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ།next

གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ།

༄༅། གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ་བཞུགས། ན་མོ་སརྦ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ། འདིར་ཡུལ་སྐྱོང་དྲེགས་པའི་གཙོ་བོ་གངས་དཀར་ཏི་སེ་ལ་བསང་མཆོད་འབུལ་བར་འདོད་པས། བཟང་ཤིང་ཕྱེ་མར་འབྲུ་སྣ་དར་ཟབ་སོགས་བསྲེགས་པའི་བསང་དུད་གཏོང་ཞིང་། བཤོས་དཀར་འདབ་ལྡན་རྒྱན་སྤྲོས་དང་། སྐྱེམས་ཕུད་བཤམས་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཧྲཱིཿ རང་ཉིད་སྐད་ཅིག་དྲན་རྫོགས་སུ། །དུས་གསུམ་རྒྱལ་བ་མ་ལུས་པའི། །ཐུགས་རྗེ་ཕྲིན་ལས་འདུས་པའི་དཔལ། །སྣང་སྲིད་ཟིལ་གནོན་བླ་མའི་སྐུར། །གསལ་བའི་ཐུགས་ལས་འོད་ཟེར་འཕྲོས། །གངས་དཀར་ཏི་སེ་འཁོར་བཅས་ཀྱི། །སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་བས། །མཁའ་ལ་ཆུ་འཛིན་འཁྲིགས་པའམ། །ཏིལ་གྱི་གང་བུ་ཕྱེས་པ་བཞིན། །གནས་འདིར་ཐོགས་མེད་བྱོན་པར་གྱུར།། ཞེས་བསམ། སྤོས་རོལ་དར་དམར་གྱི་གཡབ་མོ་བཅས། ཀྱཻ། པདྨའི་བཀའ་ཉན་ཟོ་དོར་གཙོ། །ལྷ་གཉན་གངས་དཀར་ཏི་སེ་ཞེས། །འཛམ་གླིང་སྤྱི་དང་གངས་ཅན་གྱི། །རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་ལྷ། །ཁྱོད་ཀྱི་སྐུ་མདོག་ཕྱག་མཚན་སོགས། །རྣམ་པ་གཅིག་ཏུ་མ་ངེས་ཀྱང་། །ཟབ་གསང་བསྟན་པ་སྤེལ་བ་དང་། །དེ་འཛིན་བུ་བཞིན་སྐྱོང་བའི་ཕྱིར། །གཙོ་བོ་གངས་དཀར་ཏི་སེ་ནི། །ཡ་མཚན་དུང་གི་མི་ཕོ་ཡིས། །སྐུ་ལ་དར་དཀར་བེར་ཆེན་གསོལ། །དབུ་ལ་གཡུ་ཡི་གདུགས་ཆེན་བསྐོར། །ཕྱག་གཡས་རྒྱལ་མཚན་དཀར་པོ་ཕྱར། །གཡོན་པས་གཏེར་སྒྲོམ་ངོམས་ཤིང་སྟེར། །གངས་ཀྱི་སེང་གེ་ཆིབས་སུ་བཅིབས། །ཕྱོགས་རྣམས་ཀུན་ཏུ་སྤྲུལ་པའི་འཁོར། །མི་དཀར་རྟ་དཀར་ཞོན་པ་གསུམ། །དུང་ཁྲབ་དུང་རྨོག་རྒོད་འཕྲུས་བརྒྱན། །ཕྱག་ན་མདུང་དར་བ་དན་ཕྱར། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི། །འཁོར་ཚོགས་བསམ་མི་ཁྱབ་པས་བསྐོར། །ཁྱེད་རྣམས་སྔོན་གྱི་ཐ་ཚིག་བཞིན། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ཕྱི་ནང་གསང་བ་ཡང་གསང་གི། །མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །དངོས་ཡིད་སྔགས་རྒྱས་སྤེལ་བ་འདིས། །ཐུགས་དམ་བསྐང་ལ་ཉམས་ཆགས་བཤགས། །ཁྱད་པར་བཟང་ཤིང་སྨན་སྤོས་འབྲུ། །རིན་ཆེན་དར་ཟབ་ཕྱེ་མར་སོགས། །འབར་བ་མེ་ཡིས་བཞུས་པ་ཡི། །བསང་དུད་འདོད་དགུའི་སྤྲིན་ཕུང་གིས། །གངས་རི་ཆེན་པོ་ཏི་སེ་ལ། །གནས་བཅས་སྲིད་པའི་ལྷ་ཆེན་པོ། །དགྱེས་སྡེ་ཡུམ་འཁོར་སྤྲུལ་པར་བཅས། ཐུགས་རྒྱུད་མཉེས་ཤིང་ཚིམ་གྱུར་ནས། །རྒྱལ་དབང་པདྨ་སཾ་བྷ་ཝ། །གྲུབ་མཆོག་བཞད་པ་རྡོ་རྗེ་དང་། །ཀུན་མཁྱེན་འཇིགས་མེད་གླིང་པ་སོགས། །ཡབ་སྲས་བརྒྱུད་པར་བཅས་རྣམས་དང་། །ཁྱད་པར་འགྲོ་འདུལ་ལུང་རིག་གླིང་། །དབང་ཆེན་དགའ་བཞི་བཞད་པ་སོགས། །རྩ་རྒྱུད་རིག་འཛིན་བླ་མ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཞག་ལྟར། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །འདོད་པའི་དོན་དང་གཉེར་བའི་ལས། །ཐུན་མཆོག་རིགས་ཀྱི་དངོས་གྲུབ་ཀུན། །འབད་མེད་འགྲུབ་པའི་སྡོང་གྲོགས་མཛོད། །ནད་གདོན་འཇིགས་བརྒྱད་མི་མཐུན་ཚོགས། །ལྷག་མེད་དབྱིངས་སུ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །ཉམས་རྟོགས་ཡོན་ཏན་རྒྱས་པར་མཛོད། སྲིད་གསུམ་ཆེ་དགུ་མོས་པ་བཞི། །རླུང་སེམས་སྣང་བ་དབང་དུ་བསྡུས། །དགྲ་བགེགས་ལོག་འདྲེན་དམ་སྲི་བདུད། །དབྱིངས་སྒྲོལ་དྲག་པོའི་ཕྲིན་ལས་མཛོད། །མདོར་ན་རིག་འཛིན་བླ་མ་ཡིས། །ཐུགས་ལ་དགོངས་ཤིང་བཞེད་པའི་དོན། །རབ་འབྱམས་ལས་དང་དངོས་གྲུབ་ཀུན། །ཐོགས་མེད་མྱུར་འགྲུབ་ཤིས་པ་སྩོལ།། ཞེས་པ་འདི་ནི་སྐྱབས་མཆོག་དམ་པ་གང་གིས་བཀའ་ལུང་ལྷ་རྫས་བཅས་གནང་བ་སྤྱི་བོར་མཆོད་དེ་རྗེ་ཉིད་ཀྱི་དག་ཆེན་ཡེ་ཤེས་སྒྱུ་མའི་གཟིགས་སྣང་བཞིན་མགོ་སྤྲུལ་གྱིས་མེ་ལུག་ཐ་སྐར་ཟླ་བའི་རྒྱལ་བ་དང་པོའི་ཉིན་བྲིས་པ་དགེའོ།།


previousགངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ།next