Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་།next

ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་།

ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་ཞེས་བྱ་བ་བཞུགས། བསང་རྫས་རྣམས་རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཧཱུྃ། སྔོན་ཚེ་རྒྱལ་བའི་དབང་པོ་པདྨ་འབྱུང་། །བཻ་རོ་ཡབ་སྲས་དགའ་ལོ་ཀརྨ་པ། །ཁྲག་འཐུང་དཔའ་བོ་སྙིང་པོ་རྣམ་གཉིས་སོགས། །རིག་འཛིན་བརྒྱུད་པའི་བཀའ་དམ་ལ་གནས་གཙོ། །རྡོ་རྗེ་གཡུ་ཁྲོམ་དགྲ་བླ་མི་མགོན་དཀར། །དབང་སྡུད་ལྷ་རྩེ་དུང་རྩེ་དྲལ་ལྕམ་དང་། །རྡོ་རྗེ་རབ་བརྟན་དངུལ་རྫི་གཡུ་མཚོ་སོགས། །མི་མིན་དྲེགས་ཚོགས་གཉུག་མར་གནས་སོ་ཅོག །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་དཔུང་དང་བཅས། །གློག་འགྱུའི་རྩལ་བཞིན་ཡིད་མྱུར་རྫུ་འཕྲུལ་གྱིས། །བརྩེ་བས་འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །དགའ་བས་ལུས་བཏུད་དམ་ཚིག་བསྲེ་བས་བསྟོད། །སྤྱན་མའི་ཀློང་དུ་བཟང་ཤིང་སྨན་སྤོས་དྲི། །ཟས་སྣ་ཕྱེ་མར་ཤེལ་ཚིག་འབྱོར་དགུ་སྤུངས། །མ་མ་ཀིས་སྦྱངས་དཀར་མོས་ལེགས་བཞུས་པའི། །ལོངས་སྤྱོད་ཀུན་འབྱུང་ཟག་མེད་དངས་མའི་སྤྲིན། །དབྱིངས་ཕྱུག་མཁའ་ལམ་ཡོངས་སུ་ཡོངས་སུ་འགེངས་བ་འདིས། །རྒྱལ་མོ་ཚ་རོང་ཟོ་དོར་མ་ལུས་བསང་། །ཁྱད་པར་ཕྱོགས་འདིར་དབང་མཛད་ཡུལ་ལྷའི་གཙོ། །དགེ་བསྙེན་རྡོ་རྗེ་གཡུ་ཁྲོམ་འཁོར་བཅས་བསང་། །བུ་ཆུང་ལྷ་རྩེ་ཆོས་རྔའི་བཙན་རྒོད་མཆེད། །ཆུ་དཀར་ཕྱོགས་ཀྱི་ལྷ་ཀླུ་དྲེགས་ཚོགས་བསང་། །གཡུ་མཚོ་དམ་བརྟན་རྡོ་རྗེ་དྲག་མོ་སོགས། །ཆུ་དམར་ཕྱོགས་ཀྱི་ཀླུ་གཉན་སྡེ་བརྒྱད་བསང་། །རིགས་གསུམ་སེམས་དཔའི་གནས་ཀྱི་བསྲུང་མ་མཆོག །ཟབ་གཏེར་བདག་པོ་དབང་བསྡུད་ལྷ་རྩེ་བསང་། །བཀའ་སྡོད་ལས་མྱུར་དཔའ་བོ་སྟག་འཕྲུ་སོགས། །ཤུག་འདབས་སྟོད་སྨད་ལ་གནས་དྲེགས་ཚོགས་བསང་། །འཛད་མེད་གཏེར་གྱི་བདག་པོ་མཐུ་རྩལ་ཅན། །གཡུ་སྙིང་དགྲ་བླ་མི་མགོན་དཀར་པོ་བསང་། །རྡོ་རྗེ་ལྷ་རྩེ་གཡུ་རྩེ་ནོར་བུའི་རི། །གཡུ་ལུང་སྟོད་སྨད་ཉིན་སྲིབ་བདག་པོ་བསང་། །རྒྱལ་མཚན་རྣམ་གཉིས་སྒང་བཙན་རི་བཙན་སོགས། །སྦས་ལུང་སྟོད་སྨད་ལ་གནས་སྡེ་བརྒྱད་བསང་། །སྙུག་ལ་དུང་རྩེ་ཡིག་དྲུག་བསྲུང་མ་སོགས། །སྒེག་ལུང་སྟོད་སྨད་ཉིན་སྲིབ་བདག་པོ་བསང་། །རྟ་ཤར་མཚོ་ལུང་བྲག་དཀར་དུང་མཚོ་སོགས། །འཁྱིལ་ཆེན་སྟོད་ཕྱོགས་ཀླུ་གཉན་ས་བདག་བསང་། །སེང་རྫོང་ཟངས་ཁྲི་སྨར་གྱི་གཞི་བདག་སོགས། །འཁྱིལ་ཆེན་སྨད་ཕྱོགས་མི་མིན་སྡེ་ཚོགས་བསང་། །ལེགས་ཉེས་ཤན་འབྱེད་བསྟན་པའི་བསྲུང་མ་ཆེ། །གནས་བདག་སྐུ་བླ་དུང་རྩེ་འཁོར་བཅས་བསང་། །པདྨ་དྲེགས་འདུལ་ལྷ་རྒོད་དགྲ་འདུལ་དང་། །ཝ་རུ་ཎ་སོགས་ངེས་ལེགས་བསྲུང་མ་བསང་། །དུང་ལྕམ་སྨན་བཙུན་ཀླུ་རྒྱལ་ལྕམ་དྲལ་སོགས། །སྐུ༵་གསུམ་དབེ༵ན་གནས་སྐྱོང་མཛད་མ་ལུས་བསང་། །གནས་གཏེར་བདག་མོ་ཀུན་སྐྱོང་ལྕམ་དྲལ་དང་། །རྨོག་མཐོ་རྩེ་རྒྱལ་ཙིག་ཙིག་སྤུན་གསུམ་བསང་། །བྲེང་ངེ་གཡག་ཕྱུག་བྱ་ཁྱུང་བ་སྦལ་སོགས། །ནུ་དབྱིག་རྒྱ་འུ་གསེར་ཙིར་ལ་གནས་བསང་། །ལྷ་རྗེ་གཙུག་ཏོར་ར་མཁར་ར་མ་གྱོ། །སྤ་ལུང་སྒ་རི་སྒང་གཤོང་ལ་གནས་བསང་། །མོར་ཁྱ་ཀྱུས་བྲག་ཉིན་སྲིབ་ལ་གནས་དང་། །ཡིག་རིའི་བྲག་བཙན་སྨན་མོ་འཁོར་བཅས་བསང་། །མཚོ་སྨན་སྤུན་གསུམ་བཙན་རྒོད་མཆེད་གསུམ་སོགས། །ཕྱོགས་དེར་གནས་པའི་ས་བདག་ཀླུ་གཉན་བསང་། །སྟོབས་ཆེན་སྐུ་བླ་ཉྭ་དཀར་ཉྭ་ལྕམ་དང་། །བ་དཀར་རྡོ་འབྲུག་རྔོན་བྲག་ལ་གནས་བསང་། །ལོངས་སྤྱོད་མཛོད་ལྡན་ལོ༵་ཕྱུགས་དཔལ་སྟེར་མཆོ༵ག །དགེ་བསྙེན་རྡོ་རྗེ་རབ་བརྟན་འཁོར་བཅས་བསང་། །རྡོ་རྗེ་རྩེ་རྒྱལ་གསང་སྔགས་བསྟན་སྐྱོང་དང་། །གྲུབ་པའི་ཆུ་མིག་སོགས་ལ་གནས་ཀུན་བསང་། །སེང་གེ་དཀར་མོ་དགའ་ལྡན་སོ་ཁ་བ། །བྲག་ལྷ་དཀར་མོ་གཡུང་དྲུང་རྒྱལ་བ་དང་། །བསྐོས་ལེགས་ཆུ་མིག་མི་གཉན་ཡུ་ཆོ་དང་། །རི་ཥེའི་ཆུ་མིག་སོགས་ཀྱི་ཀླུ་གཉན་བསང་། །ཙཱ་རིའི་ཡ་ཐུབ་བྲག་དཀར་གནས་གཏེར་བདག །ལྷ་བཙན་ལྕམ་དྲལ་ཞིང་སྐྱོང་ཡབ་ཡུམ་བསང་། །མགོན་ནག་ལྕམ་དྲལ་ཉིན་ལེགས་ཡག་ཐོག་བཙན། །སྙིང་བྱམས་ར་ཆེན་བཙན་ཁང་ལ་གནས་བསང་། །མངའ་རིའི་ཙན་དན་སྡོང་པོ་དམ་དཀར་བྲག །རྨ་ལུང་ཕྱུག་མགོན་གནས་སྲུང་ཀླུ་བཅས་བསང་། །སྐུ་ལྷ་སྲས་རྒྱལ་རྡོ་གཉན་རྡོ་རྗེ་རྒྱལ། །དཀར་ལིང་མཚོ་སྨན་སྡེ་བརྒྱད་འཁོར་བཅས་བསང་། །དགའ་གདོང་ལ་བརྟེན་ཀླུ་བཙན་བདུད་དང་གསུམ། །སོ་སོའི་བཙུན་མོ་འཁོར་བཅས་མ་ལུས་བསང་། །གཡུ་ལུང་ས་ཡི་རྟེན་ཕུར་གནས་གཏེར་བདག །སྐུ་བླ་དངུལ་རྫི་གཡུ་མཚོ་འཁོར་བཅས་བསང་། །ཡུལ་ཕྱོགས་འདིར་གནས་ལྷ་སྲིན་སྡེ་བརྒྱད་ཀུན། །ཟག་མེད་བདུད་རྩིའི་བསང་མཆོད་འདི་ཕུལ་བས། །ནད་གདོན་འཇིགས་བརྒྱད་ཞི་ཞིང་ཚེ་བསོད་རྒྱས། །འདོད་དགུ་དབང་འབྱོར་ལོག་འདྲེན་དྲག་པོས་སྒྲོལ། །མི་ནོར་ལོངས་སྤྱོད་འབྲུ་དྲུག་བསྲུང་སྤེལ་མཛོད། །ཅི་བསམ་ཡིད་བཞིན་འགྲུབ་པའི་དགེ་ལེགས་སྩོལ།། ཞེས་གཡུ་ལུང་ཟོ་དོར་སྤྱིའི་བསང་བསྡུས་འདོད་པ་ཀུན་འབྱུང་ཞེས་བྱ་བ་འདི་ཡང་སྒོས་བསང་རྒྱས་པ་མི་ལྕོགས་ཚེ་འདོན་རྒྱུར་མགོ་སྤྲུལ་གྱིས་བྲིས་པ་འདི་ཡང་བསྟན་འགྲོའི་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། དགེའོ།།


previous ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་།next