Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་དབར་ཡུལ་ལྷ་སྤྱི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆུ་དབར་ཡུལ་ལྷ་སྤྱི་བསང་།next

ཆུ་དབར་ཡུལ་ལྷ་སྤྱི་བསང་།

༄༅། ཏཱ་རེའི་གཞི་བདག་སོགས་ཆུ་དབར་གྱི་ཡུལ་ལྷ་སྤྱི་ཡི་བསང་བསྡུས་འདོད་པ་ཀུན་འབྱུང་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། ཀ་དག་ངོ་བོ་བློ་འདས་ཀྱང་། །ལྷུན་གྲུབ་རང་བཞིན་མ་འགགས་མདངས། །སྲིད་ཞིའི་སྒྱུ་འཕྲུལ་ཐུགས་རྗེའི་གར། །སྣ་ཚོགས་མ་འདྲེས་ཅིར་ཡང་སྣང་། །རྫ་བྲག་མི་རྒོད་གདོང་འདྲ་ལ། །བརྟེན་བཅས་ཡུལ་སའི་བདག་པོ་ནི། །ལས་ཀྱི་དབང་གིས་མཚོ་སྨན་དང་། །གཟའ་བཙན་ཀླུ་དབང་ཚོགས་པའི་སྲས། །སྤྲིན་དབང་འོད་ཁྲོམ་དབང་མཆོག་སྩལ། །མཐིང་དམར་ཤེལ་གྲི་སྦྲུལ་ཞགས་བསྣམས། །དཔའ་བོའི་ཆས་ལྡན་རྟ་སྔོན་བཅིབས། །ཀླུ་བཙན་མཆེད་དགུ་བཙུན་མོར་བཅས། །འབྱུང་བ་ས་ཆུ་རྡོ་ཤིང་ལ། །དབང་མཛད་འཁོར་ཚོགས་མང་པོས་བསྐོར། །ཁྱོད་རྣམས་ཡིད་མྱུར་རྫུ་འཕྲུལ་གྱིས། །འདིར་བྱོན་བསང་དུད་བདུད་རྩིའི་སྤྲིན། །འདོད་དགུའི་ལོངས་སྤྱོད་ནམ་མཁའི་མཛོད། །དགྱེས་ཤིང་བརྩེ་བས་བཞེས་སུ་གསོལ། །མི་གཙང་རྨོངས་འཐིབས་སངས་བྱེད་པའི། །བཟང་ཤིང་སྣ་ཚོགས་དུད་པ་འདིས། །མགྲོན་རིགས་སྤྱི་དང་ཁྱད་པར་དུ། །ཡུལ་ཕྱོགས་འདིར་གནས་བསྲུང་མ་བསང་། །ཡུལ་སྐྱོང་དཔའ་བོ་འོད་ཁྲོམ་བསང་། །གནས་སྲུང་རྡོ་རྗེ་དྲག་རྩལ་བསང་། །གཉན་རི་ནོར་བུ་རྩེ་རྒྱལ་བསང་། །ཆུ་དཀར་གཡུང་དྲུང་དུང་རྩེ་བསང་། །ཀླུ་སྨན་ནོར་བུ་དུང་མཚོ་བསང་། །གཏེར་སྲུང་རྫ་རི་དུང་ཕྲེང་བསང་། །མཚོ་སྨན་རྡོ་རྗེ་དྲག་མོ་བསང་། །དཔའ་མོ་གཡུ་སྒྲོན་ཐོད་དཀར་བསང་། །རྫ་ཁྲ་སྤོས་ཀྱི་དྲི་ལྡན་བསང་། །མཐོ་མཛེས་དཀྱིལ་རི་ཕྱུག་མོ་བསང་། །ཀླུ་ཆུ་ཉིན་སྲིབ་ལ་གནས་བསང་། །ཡུལ་སྐྱོང་རི་རྒྱལ་འཕན་ཕྱུག་བསང་། །ཆུ་དབར་སྟོད་སྨད་ཉིན་སྲིབ་ལ། །གནས་པའི་སྡེ་བརྒྱད་འཁོར་བཅས་བསང་། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ་མཉེས་ཚིམ་ནས། །མི་ཕྱུགས་གོད་ཡམས་ཞི་བ་དང་། །ཚེ་དཔལ་ལེགས་ཚོགས་གོང་འཕེལ་མཛོད། །གང་བསམ་དབང་དུ་འབྱོར་བ་དང་། །དགྲ་བགེགས་འབྱུང་པོའི་གནོད་པ་སོལ། །འཕར་སྤྱང་གཅན་གཟན་ཁ་ཆིངས་ཤིག །གཞི་བྱེས་ཀུན་ཏུ་སྡོང་གྲོགས་མཛོད། །རེ་ཞིང་ལྟོས་པའི་ཡོན་སྦྱོར་ཀུན། །མི་མཐུན་གཡུལ་ལས་རྒྱལ་བར་མཛོད།། ཅེས་ཆུ་དབར་གྱི་ཡུལ་ལྷ་སྤྱིའི་བསང་བསྡུས་འདོད་པ་ཀུན་འབྱུང་ཞེས་བྱ་བ་འདི་ཡང་ཕྲན་སྔགས་འཇིགས་རྣམ་པས་བྲིས་པ་དགེའོ།། དགེའོ།། དགེའོ།།


previousཆུ་དབར་ཡུལ་ལྷ་སྤྱི་བསང་།next