Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫ་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫ་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱི་བསང་།next

རྫ་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱི་བསང་།

༄༅། ལྷ་ལུང་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱིའི་བསང་བསྡུས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས། རཾ་ཡཾ་ཁཾ། བསང་རྫས་མ་དག་དམེ་མནོལ་བསྲེག་གཏོར་བཀྲུས། རྣམ་དག་ཟག་མེད་བདུད་རྩིར་སྦྱངས་སྤེལ་བསྒྱུར། །གནས་སྲུང་ཡུལ་ལྷ་སོ་སོའི་དགྱེས་སྐོང་སྤྲིན། །བཞེད་དགུའི་ཆར་འབེབས་མཁའ་དབྱིངས་མཛོད་དུ་གྱུར།། ཨོཾ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ། ཀྱཻ། འགྱུར་མེད་མཐའ་བྲལ་གཉུག་མའི་དེ་བཞིན་ཉིད། །བདེ་སྟོང་ཡེ་ཤེས་མ་འགགས་རང་གསལ་མདངས། །སྲིད་ཞི་མཉམ་བརྡལ་ཀུན་ཁྱབ་ཐུགས་རྗེའི་རྩལ། །སྒྱུ་འཕྲུལ་རྣམ་རོལ་མ་འདྲེས་ཅིར་ཡང་སྣང་། །སྐལ་བཟང་འདྲེན་མཆོག་ཆོས་ཀྱི་བློ་གྲོས་ཀྱིས། །དབང་བསྒྱུར་མི་མཇེད་ཐུགས་ཀྱི་འཇིག་རྟེན་དབུས། །འཛམ་གླིང་ལས་ཀྱི་ས་གཞིའི་བོད་ཆེན་ཤར། །བཀྲ་ཤིས་གཡས་འཁྱིལ་རྒྱལ་རོང་རྫ་བྲག་ལྗོངས། །ཕྱོགས་ཞེན་རྩོད་བྲལ་བདེ་གཤེགས་འབུམ་རྫོངས་ཞེས། །གནས་མཆོག་རྒྱལ་མོ་མུ་རྡོའི་དབུ་རྩེའི་ཆར། །ལས་སྨོན་ཐུགས་རྗེའི་ཚོགས་པའི་ཕན་མཛད་ལྷ། །ལུགས་གཉིས་ཕྱོགས་འཛིན་གཉུག་མར་གནས་སོ་ཅོག །སོ་སོའི་འཁོར་བཅས་ཡིད་མྱུར་རྫུ་འཕྲུལ་གྱིས། །འདིར་བྱོན་བསང་མཆོད་བདག་གིར་བཞེས་སུ་གསོལ། །ཀྱཻ། བསང་མཆོད་ཟག་མེད་བདུད་རྩིའི་སྤྲིན། །ལྷ་ལམ་བཞེད་དགུའི་གང་བ་འདིས། །རྩ་གསུམ་དམ་ཅན་བསྲུང་མ་བསང་། །ནོར་ལྷ་གཡང་ལྷ་གཏེར་བདག་བསང་། །མདོ་སྔགས་བཤད་སྒྲུབ་ཆོས་གླིང་གི། །ལྷ་དང་བསྲུང་མ་ཐམས་ཅད་བསང་། །བྲག་དམར་བདེ་གཤེགས་འབུམ་རྫོངས་ཀྱི། །རྟེན་གསུམ་རང་བྱུང་ཐམས་ཅད་བསང་། །དབུས་རི་སྐུ་གསུམ་གཞལ་ཡས་ནས། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་བསང་། །རྒྱབ་རི་བདེ་ཆེན་པོ་ཊ་ལར། །སྤྱན་རས་གཟིགས་ཀྱི་ལྷ་ཚོགས་བསང་། །གཡས་རི་ལྕང་ལོ་ཅན་གནས་ནས། །གསང་བའི་བདག་པོའི་ལྷ་ཚོགས་བསང་། །གཡོན་རི་གེའུ་དེ་ཤན་ནས། །འཇམ་པའི་དབྱངས་ཀྱི་ལྷ་ཚོགས་བསང་། །གནས་གཏེར་བསྟན་པའི་སྲུང་མ་མཆོག །ལྷ་ཆེན་བྲག་དམར་རྨོག་མཐོ་བསང་། །བདེ་གཤེགས་ལྔ་སོགས་རྒྱབ་དང་མདུན། །ཐུགས་དྲུག་གདག་ཕྱོགས་གཡས་ཀྱི་རི། །སྒོ་སྲུང་སྲིབ་རི་གཡོན་ཕྱོགས་ལ། །གནས་པའི་ས་བདག་ཀླུ་གཉན་བསང་། །གྲུབ་ཆུ་ཚེ་ཆུ་ངོས་ཤོད་དང་། །བྱ་སྐྱིབས་ཕུག་པ་ལ་གནས་བསང་། །རྒྱལ་རིགས་ས་འོག་མཛོད་བདག་མོ། །གནས་སྲུང་མཚོ་སྨན་ཕྱུག་མོ་བསང་། །མིང་པོ་སྲས་འཁོར་བྲན་རྣམས་བསང་། །ཆུ་མིག་ལ་གནས་ཀླུ་འཁོར་བསང་། །བྲག་ལ་གནས་པའི་བཙན་རྣམས་བསང་། །རྡོ་ཤིང་ལ་གནས་གཉན་རྣམས་བསང་། །ཕུར་སྲུང་བདུད་ནག་དགྲ་བླའི་གཙོ། །རི་དཀར་རྡོ་རྗེ་རྒྱལ་མཚན་བསང་། །དགྱེས་སྐོང་དཀྱིལ་རི་ཕྱུག་མོ་བསང་། །སྐྱོ་གྲོགས་ཀླུ་མོ་ཡུམ་སྲས་བསང་། །ཀླུ་བཙན་གདུག་པའི་འཁོར་ཚོགས་བསང་། །བ་སྦལ་ཁྱུང་གསུམ་ལ་གནས་བསང་། །མཛོད་སྒོ་བཙན་ལམ་སྒང་གཤོང་ལ། །གནས་དང་རྒྱུ་བ་ཐམས་ཅད་བསང་། །གནས་གཏེར་བསྟན་བསྲུང་ཡུལ་གྱི་ལྷ། །དམ་ལྡན་རྡོ་རྗེ་དགྲ་འཇོམས་བསང་། །དགྱེས་སྐོང་ཀླུ་མོ་བདེ་དབང་བསང་། །སྐུ་ཡི་མཆེད་པོ་རྣམ་གཉིས་བསང་། །བཙན་ཁང་རྒྱལ་བ་གློག་ཕྲེང་བསང་། །ལས་བཞིའི་སྐུ་མཆོག་རྣམ་བཞི་བསང་། །སྤྲུལ་པ་སྲིན་པོ་མ་སང་བཙན། །ནོར་བདག་ཤན་པ་བདུན་ཚོགས་བསང་། །རཱ་གའི་མདངས་ལྡན་ཡུལ་གྱི་ལྷ། །ཁྱུང་རིའི་ས་འཛིན་རྒྱལ་པོ་བསང་། །དགྱེས་སྡེ་མཚོ་ཆུང་སྲས་འཁོར་བསང་། །ཚ་རིའི་འདོད་འཇོའི་བ་དཀར་བསང་། །སྦལ་རིའི་སྲིད་པའི་རུས་སྦལ་ལ། །གནས་པའི་ཀླུ་གཉན་ས་བདག་བསང་། །ཡུལ་སྐྱོང་དུང་ཕྲེང་ཕྱུག་མོ་བསང་། །བདེ་སྟེར་གཡུ་ཡི་མཚོ་མོ་བསང་། །རི་གཤིས་དུང་རྡོ་དཀར་པོ་བསང་། །དུང་ལུང་རི་རྫོང་ཟོ་དོར་སོགས། །གཡས་ལུང་སྟོད་སྨད་ཉིན་སྲིབ་ལ། །གཉུག་མར་གནས་པ་ཐམས་ཅད་བསང་། །རི་དར་ཕྱུག་མོ་དུང་མཚོ་སོགས། །ནུབ་ཝོར་སྐོར་གྱི་གནས་བདག་བསང་། །བསྟན་གཉིས་དབྱེར་མེད་སྐྱོང་མཛད་པའི། །ལྷ་ལུང་མུ་ལ་འོད་དཀར་བསང་། །མ་སང་དཀར་ལ་ཡར་རྩེ་བསང་། །གཡུ་སྙིང་ནོར་བུའི་རིར་གནས་བསང་། །རྨོག་ཆེན་རྣམ་རྒྱལ་བྲག་རྫོང་གི། །གནས་གཏེར་སྲུང་མ་དང་བཅས་བསང་། །གནས་བདག་ནོར་བུ་བསམ་འཕེལ་བསང་། །མཇིང་ཟབ་མཐིང་མཚོ་སྔོན་མོ་བསང་། །འབྲུག་གོང་ཁྱེའུ་སྟག་ཐུལ་ཅན། །ལུང་རྒན་མཚོ་བྲག་གསེར་རི་སོགས། །གཡུ་འབྲུག་ཆེ་ཆུང་ལ་གནས་པའི། །དྲེགས་ཚོགས་མ་ལུས་འཁོར་བཅས་བསང་། །སེང་རི་ཆེ་ཆུང་མཚོ་ལུང་དང་། །སྦལ་ལུང་མཚོ་ནག་ཀླུ་རྣམས་བསང་། །ལྗགས་ལུང་སྟོད་སྨད་བར་གསུམ་ལ། །གནས་པའི་སྡེ་བརྒྱད་འཁོར་བཅས་བསང་། །ཕུག་རིང་ལ་གནས་ཡུལ་ལྷའི་གཙོ། །བསྟན་སྲུང་བཀྲ་ཤིས་ལྷ་རྩེ་བསང་། །དགྱེས་བྱེད་མཚོ་ལུང་རྗེ་མོ་བསང་། །ཡོལ་རི་ནོར་བུ་ཆེ་ཆུང་བསང་། །དུང་ཆུ་རླངས་ཅན་ཆུ་བདག་བསང་། །གླག་ཚང་བྲག་གི་སྲུང་མ་བསང་། །ཟོ་དོར་དཔའ་བོ་མདུང་ཡག་བསང་། །རྫིང་བུ་ཉམས་དགའི་ཀླུ་རྣམས་བསང་། །ལུགས་གཉིས་སྲུང་དང་སྤེལ་མཛད་པའི། །གཉན་ཆེན་ནོར་བུ་ལྷ་རྩེ་བསང་། །དགྱེས་སྡེ་ཀླུ་བྲག་སྨན་མོ་བསང་། །གཉན་རི་བོན་ལ་གནས་པ་བསང་། །གཡོན་ལུང་སྟོད་སྨད་ཉིན་སྲིབ་ལ། །གཉུག་མར་གནས་པ་ཐམས་ཅད་བསང་། །ཇོ་རི་ཟུར་གསུམ་དུང་རི་དང་། །ཆུ་མིག་སོགས་ལ་གནས་པ་བསང་། །གནས་སྲུང་གཏེར་བདག་ཟོ་དོར་གཙོ། །བཙན་རྒོད་རྨ་རི་ལྷ་ཕྱུག་བསང་། །སིདྡྷིའི་གནས་ཀྱི་རང་བྱུང་དང་། །ཟབ་གཏེར་རྟེན་གསུམ་ཐམས་ཅད་བསང་། །བཙན་རྒོད་དཔའ་བོ་ཟངས་རྩེ་བསང་། །ལྷ་སྨན་དགྱེས་ལྕམ་ཕྱུག་མོ་བསང་། །བ་མིག་མཚོ་མོ་ཟུང་བདག་བསང་། །གསེར་ཤར་རྡོ་རྗེ་དཔའ་རབ་བརྩེགས། །བདུད་བཙན་ཀླུ་གསུམ་འཁོར་བཅས་བསང་། །སྦས་གནས་དགའ་བ་ལྗོངས་ཀྱི་ཀླུ། །ས་བདག་གནས་བདག་གཏེར་བདག་བསང་། །དཀར་ཕྱོགས་སྐྱོང་མཛད་སྐུ་ལྷ་ཆེ། །རབ་ཁྲོ་རྡོ་རྗེ་དབང་རྒྱལ་བསང་། །བདེ་སྐྱོང་ཀླུ་མོ་སྨན་གཅིག་མ། །དུས་བཞིར་དབང་བསྒྱུར་སྤྲུལ་ཚོགས་བསང་། །གཡས་ཕྱོགས་ལྷ་ཆེན་གོང་རྒྱལ་གཙོ། །གཡོན་ཟུར་ལས་མཁན་སྐྱེས་བུ་དང་། །མདུན་གྱི་སྨན་ཕྲན་མྱུར་མགྱོགས་ཅན། །ལྷ་ཀླུ་གཉན་གྱི་འཁོར་ཚོགས་བསང་། །སྨར་མདོའི་ཟོ་དོར་དྲེགས་ཚོགས་རྗེ། །ལྷ་ཆེན་གཞུ་རྒྱལ་འཁོར་དང་བཅས། །ནུབ་རིའི་མཚོར་གནས་ཀླུ་ལ་སོགས། །ཕུ་མདར་གནས་ཤིང་དབང་མཛད་བསང་། །མདོར་ན་རྫ་ཡུལ་འཛིན་མའི་ཁྱོན། །གདག་སྲིབ་སྟོད་སྨད་བར་གསུམ་གྱི། །རྫ་བྲག་གཡའ་རི་ནགས་ཚལ་སྤང་། །མཚོ་རྫིང་ཆུ་མིག་ནེའུ་ཐང་ལ། །གཉུག་མར་གནས་ཤིང་བརྟེན་པའི་ལྷ། །དྲི་ཟ་གནོད་སྦྱིན་མི་མ་ཡིན། །རྒྱལ་བཙན་གཟའ་བདུད་ཀླུ་བདག་གཉན། །སྲིན་བདུད་དམུ་གཤིན་འགོང་ཐེའུ་གཏོད། །མ་སྨན་འདྲེ་བསེན་ཡིད་གཟུགས་ཅན། །འཁོར་བཅས་མ་ལུས་ཐམས་ཅད་བསང་། །དམེ་རྩོག་མནོལ་གྲིབ་བསང་གྱུར་ཅིག །ཕོག་ཐུག་རྨས་འགྲམ་གསོས་གྱུར་ཅིག །འཁྲུགས་རྩོད་འཁོན་འགྲས་བྱང་གྱུར་ཅིག །ཀོ་ལོང་ཕྲག་ཏོག་ཞི་གྱུར་ཅིག །བཞེད་དགུའི་ལོངས་སྤྱོད་འབྱུང་གྱུར་ཅིག །སོ་སོའི་དགྱེས་པ་སྐོང་གྱུར་ཅིག །ཀྱཻ། གནས་ཡུལ་ཞིང་སྐྱོང་དྲེགས་པ་ཅན་རྣམས་ལ། །མཐུན་པའི་དངོས་གྲུབ་འདོད་དོན་གསོལ་བ་ནི། །བདག་ཀྱང་དམ་ལས་མི་འདའ་ཁྱོད་མཆོད་ན། །ཁྱེད་རྣམས་སྔོན་ཚེ་རྡོ་རྗེ་གྲོ་ལོད་དང་། །དཔལ་རྡོར་བཻ་རོ་ཡབ་སྲས་བཀའ་དམ་བཞིན། །རྣལ་འབྱོར་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཆོས་སྲུང་རྣམས་ཀྱིས་བཤད་སྒྲུབ་སྡེ་འདི་སྐྱོངས། །ཐོས་བསམ་སྒོམ་པའི་བྱ་བ་གོང་འཕེལ་མཛོད། །གནས་གཏེར་སྲུང་མ་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ལྗོངས་འདིའི་འགྲོ་ཀུན་ཆོས་ལ་སྤྱོད་པ་དང་། །མགོན་སྐྱབས་གྲོགས་མཛོད་གཞིར་སྡོད་སྲུང་མ་རྣམས། །མི་ཕྱུགས་དཀོར་ནོར་ལོངས་སྤྱོད་བསྲུང་སྤེལ་མཛོད། །བྱེས་བགྲོད་དོན་གཉེར་རྒྱལ་བྱེད་ལམ་ལྷ་མཛོད། །ཉེས་པ་ཀུན་སོལ་དོན་གྲུབ་བདེ་ལེགས་མཛོད། །མཐུ་སྟོབས་རྩལ་ལྡན་དྲེགས་པ་ཅན་རྣམས་ཀྱིས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །རེ་ལྟོས་འོས་པའི་ཕོ་ལྷ་དགྲ་ལྷ་རྣམས། །མངའ་ཐང་རླུང་རྟ་སྙན་གྲགས་རྒྱས་པར་མཛོད། །ནད་གདོན་འཇིགས་བརྒྱད་བར་ཆད་མི་མཐུན་ཕྱོགས། །མ་ལུས་ལྷག་མེད་དབྱིངས་སུ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ལེགས་པའི་ཡོན་ཏན་རྣམས། །གོང་ནས་གོང་དུ་འཕེལ་རྒྱས་བརྟན་པར་མཛོད། །ཟས་གོས་ལོངས་སྤྱོད་ཡིད་ལ་འདོད་པ་ཀུན། །འབད་རྩོལ་མེད་པར་དབང་དུ་འདུ་བ་དང་། །གནོད་སེམས་གདུག་པའི་བསམ་སྦྱོར་ཤོམ་པ་རྣམས། །དྲག་པོའི་ལས་ཀྱིས་ལྷག་མེད་བསྒྲལ་འདྲེན་མཛོད། །ཆོས་དང་སྲིད་ཀྱི་འདོད་དོན་གཉེར་བའི་ལས། །ཡིད་ལ་རེ་ཞིང་སྨོན་པ་མཐའ་དག་ཀུན། །ཆོས་དང་མཐུན་པར་གེགས་མེད་ཡིད་བཞིན་དུ། །འགྲུབ་པའི་ཕྲིན་ལས་རབ་འབྱམས་མ་གཡེལ་མཛོད།། ཅེས་ལྷ་ལུང་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷའི་སྤྱི་བསང་བསྡུས་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ཡང་། རྡོ་རྗེའི་མཆེད་གྲོགས་དམ་པར་གྱུར་པ་མཁན་པོ་སྐལ་བཟང་དར་རྒྱས་ནས་འབྲི་ཤོག་དང་། གནང་སྦྱིན་ལྷ་རེག་བཅས་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོ་མི་ལྡོག་ཙམ་དུ། སྔགས་རྒན་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པ་དགེའོ།། དགེའོ།། དགེའོ།།


previousརྫ་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱི་བསང་།next