Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་དམར་དགོན་ཤར་གནས་བདག་གི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་དམར་དགོན་ཤར་གནས་བདག་གི་བསང་མཆོད།next

ས་དམར་དགོན་ཤར་གནས་བདག་གི་བསང་མཆོད།

༄༅། ས་དམར་དགོན་ཤར་གྱི་གནས་བདག་མཆོད་ཐབས་བསྡུས་པ་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། ཧྱ་གྷྲྀ་ཝ་ལ་ན་མོ། འདིར་དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་བདག་དབང་དྲག་རོལ་པའི་བཀའ་ཉན་སྐྱེས་བུ་མཆེད་གསུམ་ལ་བསང་མཆོད་བྱེད་པར་འདོད་པས། བསང་རྫས་འབྱོར་དཔག་བསྲེགས་པའི་དུད་སྤྲིན་གཏོང་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ་རིམ་གཉིས་ཏིང་འཛིན་བརྟན་པོས་འདི་སྐད་བརྗོད་པར་བྱའོ།། ཀྱཻ། མདོ་སྨད་ཟལ་མོ་སྒང་གི་འདབ། །རྒྱལ་མོ་རོང་གི་ཡུལ་གྲུའི་ཆར། །གནས་ཆེན་ཉེར་ལྔ་འདབ་འབྲེལ་བའི། །ནང་ཚན་དབང་མདོག་ལྗོངས་ཀྱི་ཉིན། །རཱ་གའི་མདངས་ལྡན་ལྷུན་པོའི་སྤོར། །གནས་བཅས་ཡུལ་སའི་དབང་པོ་ཡི། །མཚན་དང་སྐུ་ཡི་རྣམ་འགྱུར་ནི། །གཅིག་ཉིད་ཁོ་ནར་མ་ངེས་ཏེ། །བསྟན་དང་དེ་འཛིན་སྐྱོང་བའི་ཕྱིར། །དཀར་གསལ་མཛེས་འཛུམ་རབ་བྱུང་ཆས། །རབ་འབྱམས་ཕྲིན་ལས་མཛད་པའི་ཕྱིར། །རེས་འགའ་བྲམ་ཟེ་ཨ་ཙ་ར། །དུང་མདོག་དབུ་སྐྲ་ཨག་ཚོམ་ཅན། །གོས་དཀར་གྱོན་པའི་གཟུགས་སུ་སྟོན། །ཕལ་ཆེར་རྟ་པ་ཞུབ་ཅན་སོགས། །སྣང་ཚུལ་སྣ་ཚོགས་ཅིར་ཡང་སྟོན། །ད་ལྟ་རྣལ་འབྱོར་བློ་ངོ་རུ། །རྟེན་འབྱུང་སྣང་ཆ་སྒྱུ་མའི་འཕྲུལ། །དབུས་དང་གཡས་གཡོན་རི་བོ་གསུམ། །ཕྱི་བལྟས་རྩེ་མོ་དགུང་ལ་རེག །རྩ་བ་ནེའུ་ཐང་འབབ་ཆུས་བརྒྱན། །རྐེད་པར་རྫ་སྤང་བྲག་རི་མཛེས། །ནང་ལྟར་བཀོད་ལེགས་ཕོ་བྲང་དབུས། །སྣ་ཚོགས་རཏྣའི་ཁྲི་སྟེང་དུ། །ལྷ་བཙན་སྐྱེས་བུ་དཀར་དམར་མདངས། །དར་དམར་གོས་སྟེང་བེར་སྨུག་གསོལ། །ཕྱག་གཡས་ཆོས་ཀྱི་གཏེར་སྒྲོམ་དང་། །གཡོན་པས་ནོར་གྱི་སྒྲོམ་བུ་བསྣམས། །རིན་ཆེན་པྲོག་ཞུ་རྒྱན་ཕྲེང་མཛེས། །ཞི་འཛུམ་རོལ་པའི་སྟབས་ཀྱིས་བཞུགས། །དེ་ཡི་གཡས་སུ་དངུལ་གྱི་ཁྲིར། །ལྷ་ཡི་སྐྱེས་བུ་གངས་རིའི་མདོག །ཕྱག་གཉིས་རྒྱལ་མཚན་ནོར་བུ་འཛིན། །དར་དཀར་བེར་གསོལ་ཕྱེད་སྐྱིལ་བཞུགས། །གཡོན་དུ་རིན་ཆེན་གསེར་གྱི་ཁྲིར། །ས་བདག་གཉན་གྱི་སྐྱེས་བུ་ནི། །ལྗང་སེར་རལ་གྲི་ནོར་བུ་འཛིན། །བེར་སྔོན་གསོལ་ཞིང་རོལ་སྟབས་བཞུགས། །ཁྱེད་རྣམས་རང་རང་སོ་སོ་ཡི། །དགྱེས་སྡེ་བཀའ་ཉན་སྤྲུལ་འཁོར་བཅས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་བྱོན་ལ། །རང་རང་དགྱེས་པའི་གདན་ལ་བཞུགས། །གཡུ་ཤུག་ཕྱེ་མར་དུད་པའི་སྤྲིན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །འདོད་འབྱུང་ནམ་མཁའི་མཛོད་ཆེན་པོར། །སྤེལ་ཞིང་བསྒྱུར་ཏེ་མཆོད་པ་འབུལ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །ཐུགས་རྒྱུད་དགྱེས་ཤིང་ཚིམ་གྱུར་ཅིག །ཁྱེད་རྣམས་སྔོན་ཚེ་ཡུལ་ཁམས་འདིར། །རྣམ་སྣང་ལོ་ཙཱ་བྱོན་པའི་ཚེ། །དབང་ཆེན་དཀྱིལ་འཁོར་ཞལ་ཕྱེས་ནས། །དབང་བསྐུར་དམ་ཚིག་བསྩལ་བའི་དུས། །ལྷ་བཙན་མེ་ཏོག་དབུས་སུ་བབས། །དབང་ཆེན་མཆོག་གྲུབ་རྩལ་དུ་བཏགས། །ལྷ་དབང་མེ་ཏོག་ཤར་དུ་བབས། །རྡོ་རྗེ་དགའ་བ་ཞེས་སུ་གསོལ། །གཉན་རྗེ་མེ་ཏོག་བྱང་དུ་བབས། །ཕྲིན་ལས་ཐོགས་མེད་ཅེས་སུ་བཏགས། །དེ་ཚེ་རང་རང་སྲོག་སྙིང་ཕུལ། །གསང་ཆེན་བསྟནཔའི་བསྲུང་མར་བསྐོས། །ཟབ་གཏེར་སྟོང་དང་ལྔ་བརྒྱ་གཏད། །ལས་བཞི་བསྒྲུབ་པའི་དངོས་གྲུབ་བརྙེས། །བསྟན་འགྲོའི་དོན་ལ་བརྩོན་པར་ཆད། །ཐུགས་དམ་ཞལ་བཞེས་དེ་དགོངས་ལ། །བསྟན་གཞི་གཙུག་ལག་དགོན་གནས་སྲུངས། །བསྟན་འཛིན་འདུས་པའི་སྡེ་ཚོགས་སྤེལ། །བསྟན་པའི་སྦྱིན་བདག་དཔལ་འབྱོར་རྒྱས། །བསྟན་འགྲོ་ལེགས་ཚོགས་གོང་འཕེལ་ཤོག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་རྐྱེན་དང་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །ཉམས་རྟོགས་ཡོན་ཏན་འཕེལ་བར་མཛོད། །སྣ་ཚོགས་སྣང་བ་དབང་འདུས་ཤིང་། །ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད། །མདོར་ན་ཆོས་སྲིད་འདོད་པའི་དོན། །ཇི་ལྟར་རེ་ཞིང་སྨོན་པ་ཀུན། །ཆོས་དང་མཐུན་པར་འབད་མེད་དུ། །འགྲུབ་པའི་སྡོང་གྲོགས་གཡེལ་མེད་མཛོད།། ཅེས་ས་དམར་དགོན་ཤར་གྱི་གནས་བདག་གི་བསང་བསྡུས་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་བཙུན་ཆུང་པདྨའི་མིང་ཅན་གྱིས་ལྷ་རྫས་དྲི་བྲལ་བཅས་བསྐུལ་ངོར། སྙོམ་ལས་པ་ཆོས་དབྱིངས་ཀུན་གསལ་ལམ་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པ་དགེ་བར་གྱུར་ཅིག དགེའོ།། དགེའོ།། དགེའོ།།


previousས་དམར་དགོན་ཤར་གནས་བདག་གི་བསང་མཆོད།next