Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤའི་ར་མ་གྱོ་བཙན་གྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤའི་ར་མ་གྱོ་བཙན་གྱི་བསང་མཆོད།next

སྤའི་ར་མ་གྱོ་བཙན་གྱི་བསང་མཆོད།

༄༅། ཡུལ་ལྷའི་བསང་བསྡུས་དགོས་འབྱུང་ནོར་བུ་ཞེས་བྱ་བ་བཞུགས། བསང་རྫས་ཀྱི་དངོས་འཛིན་རཾ་ཡཾ་ཁཾ་བརྗོད་པས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར། སླར་ཡང་ནམ་མཁའ་མཛོད་ཀྱི་སྔགས་གསུམ་མ་བདུན་སོགས་བརྗོད་པས་མཐུན་རྫས་བསམ་གྱིས་མི་ཁྱབ་པར་བསྒྱུར་ལ། ཧྲཱིཿ སྣོད་བཅུད་ཐ་མལ་མ་ཡིན་རྔ་ཡབ་གླིང་། །དག་པ་རབ་འབྱམས་མཁའ་སྤྱོད་དཔལ་རིའི་གླིང་། །སྐུ་གསུམ་ཡོངས་རྫོགས་རྡོ་རྗེ་དྲག་པོ་རྩལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་བཅས་གསལ། །བསང་མཆོད་མཚོན་ཙམ་མ་ཡིན་མཁའ་དབྱིངས་མཛོད། །ཟག་མེད་བདེ་སྟོང་ཡེ་ཤེས་བདུད་རྩིའི་སྤྲིན། །ཅི་འདོད་ལོངས་སྤྱོད་མི་ཟད་ཆར་འབེབས་པས། །ཡུལ་ལྷ་འཁོར་བཅས་དགྱེས་སྐོང་དམ་པར་གྱུར། །མ་དག་འཇིག་རྟེན་གཞན་ལས་ཁྱད་འཕགས་པ། །རྣམ་སྣང་གངས་ཆེན་ཐུགས་དབུས་པདྨོའི་སྟེང་། །འདྲེན་མཆོག་སྟོང་གིས་ཆོས་སྟོན་བསྐུལ་བ་པོ། །ཚངས་ཆེན་དབང་པོ་ཆོས་ཀྱི་བློ་གྲོས་ཀྱིས། །དབང་བསྒྱུར་སངས་རྒྱས་སྟོང་རྩའི་གདུལ་བྱའི་ཞིང་། །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ཡི། །དབུས་ཀྱི་འཇིག་རྟེན་ཁམས་འདིའི་ལྷོ་ཡི་ཆ། །འཛམ་གླིང་ལས་ཀྱི་ས་ཡི་བོད་ཆེན་ལྗོངས། །མདོ་ཁམས་ཟལ་མོ་སྒང་མཇུག་ཚ་བ་རོང་། །སྦས་གནས་དགའ་བ་ལྗོངས་འདབས་གཡི་རོང་ཉིན། །སྤ་ལུང་སྒ་རི་མཐོན་པོར་བརྟན་བཞུགས་པའི། །གཟའ་བཙན་ཀླུ་ལས་མཆེད་པའི་དྲེགས་པ་ཅན། །འབྱུང་པོ་ཕལ་པ་མ་ཡིན་སྤྲུལ་པའི་ལྷ། །སྤྱིར་སྣང་སྐུ་ལྷ་མཁའ་རི་གཉན་གྱི་རྗེ། །སྒོས་སུ་ཐང་ལྷ་རྡོ་རྗེ་འབར་བ་རྩལ། །ཡང་སྒོས་དགེ་བསྙེན་བསྙོན་ཁ་ནག་པོ་དངོས། །ར་མ་གྱོ་བཙན་ཕྲིན་ལས་དབང་ལྡན་རྩལ། །ཆ་ལུགས་མ་ངེས་འབྲོག་གནས་ཕལ་བའི་ཆས། །སྦ་ལྕགས་ཞགས་པས་གང་དམིག་སྡུད་ཅིང་འཆིང་། །ཅང་ཤེས་མོག་དཀར་བཅིབས་ནས་ཕྱོགས་ཀུན་ཉུལ། །ལྷ་ཁྱོད་འཁོར་བཅས་གནོད་སྡང་སེམས་བོར་ལ། །བྱམས་བརྩེའི་ཐུགས་ཀྱིས་བསང་མཆོད་མགྲོན་ལ་སྤྱོན། །བཞེད་དགུའི་ལོངས་སྤྱོད་འཛད་མེད་བསང་མཆོད་སྤྲིན། །དགྱེས་པ་ཆེན་པོས་བདག་གིར་བཞེས་སུ་གསོལ། །བཟང་ཤིང་དྲི་སྨན་བསྲེགས་པའི་བསང་དུད་ཀྱིས། །མི་གཙང་སྨེ་བཙོག་མནོལ་གྲིབ་དག་གྱུར་ཅིག །རྨོངས་འཁྲུལ་བྱིང་རྨུགས་འཐིབ་པ་སངས་གྱུར་ཅིག །བར་ཆད་རྐྱེན་གེགས་ནད་རིགས་ཞི་གྱུར་ཅིག །མཐུན་རྫས་འབྱོར་ཚོགས་བཞུས་པའི་དུད་སྤྲིན་ལས། །རྐང་འགྲོས་ནོར་རྫས་ཡོ་བྱད་ཟས་གོས་རྒྱན། །སྐྱེད་ཚལ་གནས་གཞི་ཁང་ཁྱིམ་བྲན་འཁོར་སོགས། །ཅི་འདོད་ལོངས་སྤྱོད་ཆར་ལྟར་འབབ་གྱུར་ཅིག །འདོད་སྲེད་སེར་སྣས་མ་སྦག་བཟང་ཤིང་དང་། །ཤེལ་ཚིག་ཟས་སྣ་ཕྱེ་མར་སྐྱེམས་ཕུད་སོགས། །དངོས་བཤམས་ཡིད་སྤྲུལ་སྔགས་རྒྱ་ཏིང་འཛིན་གྱིས། །འཛད་མེད་ནམ་མཁའ་མཛོད་དུ་བྱིན་རླབས་པའི། །ཕན་བདེའི་འབྱུང་གནས་བསང་མཆོད་རིན་ཆེན་གཏེར། །སྐུ་གསུམ་རྒྱལ་བ་སྲས་བཅས་སྦྱིན་སྟོབས་དང་། །ཆོས་ཉིད་འགྱུར་མེད་རྒྱུ་འབྲས་བསླུ་མེད་མཐུས། །སྨོན་བཞིན་ཐོབ་ནས་རྟག་ཏུ་ལོངས་སྤྱོད་ཤོག །བསོད་ནམས་ཚོགས་ཆེན་རྨད་བྱུང་འདི་ཡི་མཐུས། །ཡུལ་ལྷ་འཁོར་བཅས་མི་དང་ཐུགས་ཡིད་མཐུན། །ཚེ་བསོད་དཔལ་འབྱོར་དབང་ཐང་འཕེལ་ཞིང་རྒྱས། །འཕྲལ་ཡུན་ཕུན་ཚོགས་དཔལ་ལ་ལོངས་སྤྱོད་ཤོག །ཅེས་ཡུལ་ལྷའི་བསང་བསྡུས་དགོས་འབྱུང་ནོར་བུ་ཞེས་བྱ་བ་འདི་ཡང་རྡོ་རྗེ་ཚེ་དབང་ནས་ཡང་ཡང་བསྐུལ་ངོར། མགོ་སྤྲུལ་ཀུན་བཟང་གཞན་ཕན་ཉི་མས་སྤེལ་བ་མངྒ་ལཾ། དགེའོ།།


previousསྤའི་ར་མ་གྱོ་བཙན་གྱི་བསང་མཆོད།next