Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་དབར་མཚོ་ལུང་གི་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   


 
previousཆུ་དབར་མཚོ་ལུང་གི་བསང་བསྡུས།next

ཆུ་དབར་མཚོ་ལུང་གི་བསང་བསྡུས།

༄༅། ཆུ་དབར་མཚོ་ལུང་གཡུང་དྲུང་དུང་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ་བཞུགས། མཚོ་ལུང་གཡུང་དྲུང་དུང་རྩེ་ལ་བསང་མཆོད་འབུལ་བར་འདོད་པས། བསང་རྫས་རྣམས་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཀྱཻ། དོན་དམ་བློ་འདས་ཆོས་དབྱིངས་ཀློང་། །མཚན་འཛིན་སྤྲོས་པ་ལས་འདས་ཀྱང་། །ཀུན་རྫོབ་འཁྲུལ་བའི་སྣང་ཆ་ལས། །པྲ་ཕབ་བཞིན་དུ་ཅིར་ཡང་སྣང་། །གངས་ལྗོངས་མདོ་གཡི་གཉིས་ཀྱི་མཚམས། །རབ་དཀར་ཉལ་འགྲོ་ཟུང་གི་དབུས། །མཚོ་ལྡན་ལྷུན་ཆགས་རི་བོ་ལ། །རྟེན་མཛད་འབྲོག་གནས་གཉན་པོ་ནི། །གཡུང་དྲུང་དུང་རྩེ་གངས་རིའི་མདོག །སྐུ་ལ་དུང་གི་ཁྲབ་རྨོག་གསོལ། །ཕྱག་གཡས་རུ་མཚོན་དཀར་པོ་ཕྱར། །ཕྱག་གཡོན་ཀླུ་ཡི་ནོར་བུ་བསྣམས། །དུང་རྟ་དངུལ་གྱི་སྒ་སྲབ་ཅན། །བཅིབས་ཤིང་དཔའ་བོའི་ཆས་ཀྱིས་བརྗིད། །རྒྱལ་རིགས་ཀླུ་ཡི་སྲས་མོ་གསུམ། །མཛེས་སྡུག་ངོམས་ཤིང་མདུན་ན་འགྲོ། །སྲས་མཆོག་སྒྲོ་བྲག་ལྷ་གཉན་ནི། །རལ་གྲི་འཕྱར་ཞིང་གཡས་ན་འགྱིང་། །བཀའ་ཉན་མཆེ་བའི་བདུད་སྲིན་ནི། །ཨམ་གཙིགས་བསྡམས་ཤིང་གཡོན་ན་རྔམས། །ལས་མཁན་བཙན་རྒོད་དམར་ནག་ནི། །མདའ་གཞུ་འགེངས་ཤིང་ཕྱི་ནས་འབྲང་། །ཁྱེད་རྣམས་རང་རང་འཁོར་དང་བཅས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་བྱོན་ལ། །རྨད་བྱུང་འདོད་དགུ་འབྱུང་བའི་གནས། །བསང་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན། །དགྱེས་ཤིང་ཚིམ་པར་བཞེས་མཛོད་ལ། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །བསྟན་དང་འགྲོ་བའི་ཕུན་ཚོགས་སྤེལ། །མི་མཐུན་དུས་ཀྱི་རྒུད་པ་སོལ། །རྣལ་འབྱོར་ཆོས་སྲིད་འདོད་པའི་དོན། །མ་ལུས་ཡིད་བཞིན་འགྲུབ་པར་མཛོད།། ཅེས་ཆུ་དབར་མཚོ་ལུང་གཡུང་དྲུང་དུང་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་སྔགས་མིང་པ་གར་དབང་འཇིགས་མེད་རྣམ་རྒྱལ་ལམ་རོལ་བའི་རྡོ་རྗེ་ཞེས་བྱ་བའི་བློ་མཚོ་ལས་བྱུང་བའོ།།


previousཆུ་དབར་མཚོ་ལུང་གི་བསང་བསྡུས།next