Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒེག་གི་གནས་སྲུང་ཀླུ་རྒྱལ་ཟླ་སྐྱོང་གི་བསང་མཆོད།
   
   
   
   
   
   
   
   
   
   
   
   


 
previousསྒེག་གི་གནས་སྲུང་ཀླུ་རྒྱལ་ཟླ་སྐྱོང་གི་བསང་མཆོད།next

སྒེག་གི་གནས་སྲུང་ཀླུ་རྒྱལ་ཟླ་སྐྱོང་གི་བསང་མཆོད།

༄༅། ཡིག་དྲུག་གནས་ཀྱི་སྲུང་མ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གི་བསང་མཆོད་ཡིད་བཞིན་ཆར་འབེབས་བཞུགས། རིན་པོ་ཆེའི་སྣོད་དུ་བཤོས་ཟླུམ་དཀར་པོ་རྒྱབ་ཡོལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། དཀར་མངར་ཀླུ་ནོར་ཀླུ་སྨན་དར་སྔོན་ཕུད་སྐྱེམས་སོགས་མཆོད་རྫས་གྱ་ནོམ་པ་གཙང་བར་འདུ་བྱས་ལ། རྣལ་འབྱོར་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་བསང་རྫས་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱ༔ཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ལ།

ཀྱཻ། ཤིང་གཅིག་སྡོང་པོ་གསེར་སླག་ཅན་གྱི་དྲུང་། །ཆུ་མིག་དྲག་པོ་གནམ་དུ་འཕྱུར་བའི་ནང་། །ཡིད་བཞིན་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །པད་ཟླ་མ་ཧཱ་གསེར་གྱི་རུས་སྦལ་སྟེང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ། །གདུག་པ་ཀླུ་རྒྱལ་དྲག་པོ་ཟླ་བ་སྐྱོང་། །སྐུ་མདོག་དཀར་ལ་སྔོ་བསང་འཇའ་འོད་འཕྲོ། །སྦྲུལ་མགོ་འབར་བ་བདུན་གྱི་གདེངས་ཀ་མཛེས། །ཕྱག་གཉིས་ཐལ་སྦྱར་ཡིད་བཞིན་ནོར་བུ་འཛིན། །དར་དང་རིན་ཆེན་ནོར་བུའི་རྒྱན་ཆས་སྤུད། །སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ། །རྒྱལ་རིགས་རྗེ་རིགས་དམངས་རིགས་གདོལ་བ་སོགས། །ས་བདག་ཀླུ་གཉན་བྱེ་བ་དུང་ཕྱུར་བཅས། །སྣ་ཚོགས་ཤིང་སྣ་བསྲེགས་པའི་དུད་སྤྲིན་དང་། །གཏོར་མ་དཀར་མངར་འོ་ཞོ་གསེར་གཡུའི་སྐྱེམས། །མེ་ཏོག་ནེའུ་སིང་ལྗོན་པ་སྐྱེད་མོས་ཚལ། །ཚ་བའི་གདུང་བསིལ་གྲང་བའི་ཆབ་གཏོར་སོགས། །གང་ཡང་མ་ཚང་མེད་པའི་མཐུན་རྫས་ཀྱིས། །བསང་ངོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །སྔོན་ཚེ་རྒྱལ་བའི་དབང་པོ་པདྨ་འབྱུང་། །བར་དུ་པ་གོར་བཻ་རོ་ཡབ་སྲས་དང་། །ཐ་མ་བསམ་གཏན་ཡེ་ཤེས་གླིང་པ་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །བཀའ་དང་དམ་ཚིག་བསྒྲགས་པ་དྲན་མཛོད་ལ། །སངས་རྒྱས་བསྟན་དང་ཡིག་དྲུག་གནས་རི་སྲུངས། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གཉན་ལྷོག་མཛེ་རིགས་ནད་རྣམས་ཞི་བ་དང་། །ཆར་ཆུ་དུས་འབབ་ལོ་ཕྱུགས་ཕུན་སུམ་ཚོགས། །ཀླུ་ཡི་ཕྱྭ་གཡང་དཔལ་གྱི་དངོས་གྲུབ་སྩོལ། །བདག་དང་བསྟན་ལ་སྡང་བའི་དགྲ་བོ་ལ། མཛེ་ནད་ལྷོག་རྒོད་འབེབ་པས་དུས་མཐའ་སྟུངས། །གང་བཅོལ་ལས་རྣམས་འགྲུབ་པར་མཛད་དུ་གསོལ།། ཅེས་ཡིག་དྲུག་གནས་སྲུང་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གི་བསང་མཆོད་ཡིད་བཞིན་ཆར་འབེབས་ཅེས་བྱ་བ་འདི་ཡང་བསམ་གཏན་ཡེ་ཤེས་གླིང་པའི་གསུང་གཞིར་བྱས་ནས་མགོ་སྤྲུལ་རྒྱ་རས་བྲིས་པ་དགེ་ལེགས་འཕེལ།


previousསྒེག་གི་གནས་སྲུང་ཀླུ་རྒྱལ་ཟླ་སྐྱོང་གི་བསང་མཆོད།next