Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡུ་རོང་གླ་ཡུམ་གནས་བདག་གི་བསང་མཆོད།
   
   
   
   
   
   
   
   
   
   
   


 
previousགཡུ་རོང་གླ་ཡུམ་གནས་བདག་གི་བསང་མཆོད།next

གཡུ་རོང་གླ་ཡུམ་གནས་བདག་གི་བསང་མཆོད།

སྐུ་གསུམ་དགོངས་མཛོད་ཀྱི་ཆ་རྐྱེན་གཡི་སྨད་གནས་བདག་གི་བསང་མཆོད་ཕྲིན་ལས་ཀུན་འབྱུང་བཞུགས། སྐུ་གསུམ་ཡོངས་འདུས་པད་འབྱུང་ལ། །འདུ་འབྲལ་མེད་པར་ཕྱག་བགྱིས་ནས། །པདྨའི་དམ་འཛིན་འགོ་བའི་ལྷ། །མཆོད་ཐབས་བསང་གི་ལས་ཚོགས་སྤྲོ། །མཆོད་སྟེགས་གཙང་མར་འབྲུ་དཀར་གྱི། །ཚོམ་བུ་བཀོད་སྟེགས་སྣོད་གཙང་ལ། །འབྲུ་དཀར་ཕྱེ་མས་གདན་གྲུ་བཞི། །བང་རིམ་གསུམ་བཀོད་དེ་ཡི་སྟེང་། །ཆོས་སྲུང་སྤྱི་ཡི་དཔལ་གཏོར་རམ། །དཀར་གཏོར་འདབ་ལྡན་རྒྱན་སྤྲོས་འགོད། །དེ་མདུན་སྲས་བཤོས་དམར་གཏོར་གསུམ། །གཡས་སུ་ཡུམ་གཏོར་ཀླུ་བཤོས་གསུམ། །རྒྱབ་ཏུ་བཀའ་བློན་བཤོས་དཀར་གསུམ། །གཡོན་དུ་ལས་བྱེད་བཤོས་ནག་གསུམ། །དེ་མཐར་གཡག་ལུག་ར་གསུམ་སོགས། །ལྷ་ཀླུ་དགྱེས་པའི་མཐུན་རྫས་བཀྲམ། །འབྲུ་ཡི་ཕྱེ་མར་ཕུད་སྐྱེམས་བསགས། །བཟང་ཤིང་སྣ་ཚོགས་དུད་སྤྲིན་གཏོང་། །དར་ཕྱར་དུང་འབུད་རྔ་གཤང་བསྒྲགས། །སྙན་པའི་དབྱངས་ཀྱིས་འདི་ལྟར་བརྗོད།། ཨེ་མ་ཧོ། རང་སྣང་དག་པ་རབ་འབྱམས་དབྱིངས་བཞུགས་ལྷ། །རང་དང་འབྲལ་མེད་ཤེས་པས་སྐྱབས་སུ་མཆི། །རང་ངོ་མ་ཤེས་འཁྲུལ་བའི་སེམས་ཅན་རྣམས། །རང་རིག་སྐུ་གསུམ་རྟོགས་པར་སེམས་བསྐྱེད་དོ།། ཨཱཿ ཀུན་བརྟགས་གཞན་དབང་འཁྲུལ་ཞེན་ཀ་ནས་དག །ཡེ་གདངས་རིག་པ་བདེ་གཤེགས་སྙིང་པོའི་ལྷ། །སྐུ་གསུམ་ཡོངས་འདུས་དོན་གྱི་པདྨ་འབྱུང་། །ཡེ་ནས་མ་བསྐྱེད་ཡོངས་གྲུབ་དྲན་རྫོགས་གསལ། །ཐུགས་ཀའི་འོད་ཀྱིས་སྲིད་ཞིའི་དྭངས་བཅུད་བསྡུས། །བསང་རྫས་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །དཔག་ཡས་ཀུན་བཟང་རྣམ་འཕྲུལ་རྗེས་འགྲོ་བ། །གནས་སྲུང་འཁོར་བཅས་དགྱེས་སྐོང་དམ་པར་གྱུར། །ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ༴སོགས་ནས། ཁཾ་སྭཱ་ཧཱ། ལན་གསུམ། ཀྱཻ། གླིང་གི་མཆོག་གྱུར་འཛམ་བུའི་གླིང་། །ཡུལ་བཟང་གངས་ཅན་བོད་ཀྱི་ལྗོངས། །ཤར་ཕྱོགས་མདོ་ཁམས་སྨད་ཀྱི་ཆར། །རྩུབ་འགྱུར་རྒྱལ་མོ་ཚ་བ་རོང་། །གཡི་ལུང་རྟེན་ཕུར་འཕགས་པའི་གནས། །གྲུ་འཛིན་བདེ་ཆེན་ཡང་རྫོངས་ལ། །རྟེན་བཅས་ཡུལ་ལྷ་གཉན་པོ་ནི། །སྐུ་བླ་དངུལ་རྫི་གཡུ་མཚོ་ཞེས། །གནས་གཏེར་བསྟན་པའི་བསྲུང་མ་མཆོག །དཔའ་བོ་རྡོ་རྗེ་དབང་བསྡུད་རྩལ། །བཙུན་མོ་སྲས་བློན་ལས་བྱེད་འབངས། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །སྔོན་ཚེ་རྡོ་རྗེ་གྲོ་ལོད་དང་། །སྟོབས་ལྡན་དངོས་བྱོན་བཻ་རོའི་བཀའ། །བར་དུ་ལྷ་ལུང་དཔལ་རྡོར་དང་། །བཀའ་བརྒྱུད་ཤིང་རྟ་ཀརྨ་པ། །དེ་རྗེས་ཉི་ཟླ་སྙིང་པོ་དང་། །འགྲོ་མགོན་ལུང་རིག་གླིང་པ་སོགས། །མཁས་གྲུབ་རིག་པ་འཛིན་རྣམས་ཀྱི། །བཀའ་དམ་རྡོ་རྗེའི་ཡལ་གམ་བཞིན། །མ་ཐོགས་ཡིད་མྱུར་རྫུ་འཕྲུལ་གྱིས། །དེ་རིང་བསང་གི་མགྲོན་ལ་བྱོན། །རིན་ཆེན་པད་ཉི་དར་ཟབ་སོགས། །རང་རང་དགྱེས་པའི་གདན་ལ་བཞུགས། །དམ་ཚིག་བསྲེ་ཞིང་གདུང་བས་འདུད། །རང་རང་མཉེས་པའི་དམ་རྫས་འབུལ། །བྱམས་བརྩེའི་ཐུགས་ཀྱིས་དགོངས་ཤིང་བཞེས། །རེ་བ་སྐོངས་ལ་སྨོན་པ་སྒྲུབས། །ཀྱཻ། ཆོས་ཉིད་འགྱུར་མེད་སྤྲོས་ཀུན་ཉེར་ཞི་ཡང་། །ཆོས་ཅན་རྟེན་འབྲེལ་སྣང་སྲིད་སྒྱུ་མའི་གར། །འཁོར་འདས་མཉམ་བརྡལ་ཀུན་བྱེད་རྒྱལ་པོའི་མདངས། །གཅིག་ཏུ་མ་ངེས་ལས་བཞིའི་སྤྲུལ་བསྒྱུར་ངོམས། །རང་རྒྱུད་འབྱུང་ལུས་ཞོ་ཤའི་རྟེན་མིན་ཡང་། །ཡིད་ལུས་ཅིས་བསྐྲུན་རིགས་དེའི་མཐུན་སྣང་གཟུགས། །མཐིང་གསལ་ཁྲོ་འཛུམ་རལ་གྲི་གློག་ཞགས་བསྣམས། །གདེངས་རལ་སྦྲུལ་ཆུན་ཆུ་དར་ནོར་བུ་སོགས། །ཀླུ་བཙན་ཆས་རྫོགས་བཻཌཱུར་གོ་ཆས་བརྗིད། །གཡུ་འབྲུག་བཅིབས་ནས་སྡེ་བརྒྱད་ལས་ལ་འགྱེད། །ལན་རེར་དུང་མདོག་དངུལ་གྱི་ཁྲབ་རྨོག་གསོལ། །བ་དན་མེ་ལོང་བསྣམས་ནས་དུང་རྟ་བཅིབས། །རེས་འགའ་གསེར་མདོག་གསེར་གཡུའི་ཁྲབ་རྨོག་ཅན། །གཏེར་སྒྲོམ་ནོར་བུ་བསྣམས་ནས་དུང་སེང་རོལ། །ལན་འགར་དཀར་དམར་བསེ་ཡི་ཁྲབ་རྨོག་གསོལ། །མདུང་དམར་ཞགས་བསྣམས་བཙན་རྟ་ཆས་ལྡན་ཞོན། །སྐུ་བླ་དངུལ་རྫི་གཡུ་མཚོ་སྲིད་པའི་ལྷ། །གནས་སྲུང་དཔའ་བོ་རྡོ་རྗེ་དབང་བསྡུད་རྩལ། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །ཡངས་པའི་རྒྱལ་ཁམས་སྤྱི་དང་ལྗོངས་འདི་རུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་འཕེལ་རྒྱས་བརྟན། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་མངའ་ཐང་འཕེལ། །གཡི་ལུང་རྒྱལ་འབངས་ཆོས་དང་མཐུན་པར་མཛོད། །བདེ་སྟེར་ཡུམ་མཆོག་གསེར་གཡུ་དུང་མཚོའི་བདག །སྣ་ཚོགས་གོས་རྒྱན་གདེངས་མཇུག་གཡོ་བས་མཛེས། །རིན་ཆེན་གཏེར་བུམ་འཕྲུལ་གྱི་མེ་ལོང་བསྣམས། །ཉི་ཟླས་མི་མཚོན་རང་མདོག་འོད་སྣང་ཅན། །ནོར་འཛིན་ནོར་བུའི་འོད་འཆང་ནོར་བུ་སྒྲོན། །རྒྱལ་རིགས་ཀླུ་ཡི་སྲས་མོ་མཚོ་སྨན་གསུམ། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །སད་སེར་བཙའ་ཐན་ལོ་ནད་ཁོལ་སྟོང་དང་། །འབུ་སྲིན་བྱ་སྤྲེལ་རྐང་འགྲོས་གནོད་པ་སོལ། །མི་ཕྱུགས་འབྲུ་ནོར་རྩི་བཅུད་ལོ་འབྲས་རྒྱས། །ཕྱྭ་གཡང་ལོངས་སྤྱོད་དཔལ་འབྱོར་གོང་འཕེལ་མཛོད། །སྤྲིན་གྱི་ཤུགས་ལྡན་དུང་རྟ་གཡུ་རྔོག་སྟེང་། །སྲས་མཆོག་ཤེལ་རྩེ་ཟངས་རྩེ་དུང་རྩེ་གསུམ། །སྣ་ཚོགས་གོས་རྒྱན་དཔའ་བོའི་ཡ་ལད་ལྡན། །རང་མདོག་བ་དན་འཕྲུལ་གྱི་ཞགས་པ་བསྣམས། །གཟི་བརྗིད་དཔལ་འབར་སྣང་བྱེད་ཟིལ་འོག་གནོན། །གཅིག་ཏུ་མ་ངེས་རྫུ་འཕྲུལ་ཅིར་ཡང་སྟོན། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །ཁྱེད་རྣམས་བརྟེན་གསོལ་གནས་འདིར་འབྲེལ་ཀུན་གྱི། །ནད་ཡམས་གོད་རྐྱེན་བར་ཆད་འཇིགས་པ་སོལ། །བདེ་དགེའི་དཔལ་སྤྱོད་ཚོགས་རྫོགས་སྒྲིབ་དག་ནས། །མཐོ་རིས་ཐར་ལམ་བགྲོད་པའི་གྲོགས་ལྡན་མཛོད། །རབ་འཇིགས་གཏུམ་རྔམས་འབར་བ་མིག་སྨན་མདོག །ལྕགས་རལ་གསེབ་ནས་ཐོག་གློག་མེ་འོད་ཕྲོམ། །བེར་ནག་སག་ལྷྭམ་སྟག་རལ་གཟིག་ཤུབ་བརྗིད། །བདུད་མདའ་འགེངས་འཕེན་རྟ་ནག་རྟིང་དཀར་བཅིབས། །གཟུགས་དང་ཆོ་འཕྲུལ་མ་ངེས་སྣ་ཚོགས་སྟོན། །ལས་མཁན་འབར་བ་གཏུམ་པ་རྔམས་པ་གསུམ། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །ཟ་བྱེད་མཆེ་སྡེར་གནོད་སྡང་གདུག་པ་སོལ། །དགྲ་ཇག་ཆོམ་རྐུན་མིང་གི་ལྷག་མར་ཐོངས། །རྒྱལ་བསེན་དམ་སྲི་བདུད་བགེགས་འཚེ་བ་སྲུངས། །གཞིར་སྡོད་བསྲུང་མ་བྱེས་བགྲོད་ལམ་ལྷ་མཛོད། །བཀའ་བློན་མཆེད་གསུམ་གཏེར་བདག་མི་དབང་ཚུལ། །དཀར་འཛུམ་གཡང་སྡུད་བ་དན་གཏེར་བུམ་བསྣམས། །མི་དང་ལྷ་ཀླུའི་ནོར་བུས་ཐོད་དུ་བརྒྱན། །སྟག་གཡག་ཀླུ་རྟ་བཅིབས་ནས་ལས་བཞི་སྒྲུབས། །མི་གཉན་ཀུན་སྐྱོབས་ལྷ་ཕྱུག་ཀླུ་དར་ཞེས། །མཚན་དང་རྣམ་འགྱུར་སྣ་ཚོགས་སྤྲུལ་པར་བཅས། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །འབྱུང་བའི་བཅུད་གསོས་སྐྱེ་འགྲོའི་ཚེ་གཡང་སྤེལ། །ནད་མཚོན་མུ་གེ་དུས་སྐྱོན་རྒུད་པ་སོལ། །ཕྱུགས་ནོར་འབྲུ་འཕེལ་མི་རྣམས་བདེ་ཞིང་སྐྱིད། །བསམ་སྦྱོར་ཆོས་མཐུན་དགེ་ལ་འདུན་པར་མཛོད། །གཞན་ཡང་ཕྱོགས་མཚམས་ཁོར་ཡུག་ཉེ་བའི་ཆར། །འཁོར་དུ་གཏོགས་ཤིང་གཉུག་མར་གནས་པ་ཡི། །རང་མཐུན་ལས་དབང་སྡེ་བརྒྱད་ལྷ་མ་སྲིན། །ཞི་དང་ཁྲོ་ཚུལ་ཕྲ་མེན་གདོང་བརྙན་ཅན། །འདབ་ཆགས་སྡེར་ཆགས་རི་དྭགས་ཆུ་གནས་སོགས། །ཆ་ལུགས་སྤྲུལ་བསྒྱུར་གཟུགས་བརྙན་ཅི་མཆིས་ཀུན། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ཅིག །ནོངས་པ་བཤགས་ཤིང་འཁོན་འགྲམ་འཁྲུགས་པ་བཅོས། །ཀོ་ལོང་རུ་ང་ཕྲག་ཏོག་མ་མཛད་པར། །རང་རང་ནུས་བསྟན་ཕྲིན་ལས་སྣ་ཚོགས་ཀྱིས། །མི་ཕྱུགས་བདེ་ཞིང་ལོ་ལེགས་འབྲུ་འཕེལ་མཛོད། །ཀྱཻ། གནས་གཏེར་བསྲུང་མ་ཡུལ་ལྷའི་དབང་པོ་ནི། །དངུལ་རྫི་གཡུ་མཚོ་རྡོ་རྗེ་དབང་བསྡུད་རྩལ། །བཙུན་མོ་སྲས་བློན་ལས་བྱེད་འཁོར་བཅས་ལ། །གསས་མཁར་ལ་བཙས་དར་ཚོན་རླུང་རྟ་འབུལ། །མཐུན་རྫས་ལོངས་སྤྱོད་མཉེས་པའི་ཡོ་བྱད་འབུལ། །ཁྲབ་རྨོག་ཕུབ་སོགས་སྲ་བའི་གོ་ཆ་འབུལ། །མདའ་མདུང་གྲི་སོགས་རྣོ་བའི་མཚོན་ཆ་འབུལ། །རྔ་གཤང་དུང་སོགས་སྙན་པའི་རོལ་མོ་འབུལ། །གཡག་ལུག་ར་སོགས་གཡང་ནོར་སྣ་ཚོགས་འབུལ། །བྱ་གཅན་རི་དྭགས་ཆུ་གནས་སྣ་ཚོགས་འབུལ། །གཞན་ཡང་མཐུན་རྫས་ལོངས་སྤྱོད་རྨད་བྱུང་རྣམས། །ཏིང་འཛིན་སྔགས་དང་མོས་པའི་སྟོབས་ཀྱིས་འབུལ། །འཁོར་བཅས་ཐུགས་དམ་དགྱེས་པར་བསྐང་གྱུར་ནས། །ལུས་སྲོག་མཁར་བརྩིགས་བླ་ཚེའི་ཀ་བ་ཚུགས། །དབང་ཐང་བང་མཛོད་ཕྱྭ་གཡང་བཅུད་ཀྱིས་ཁོངས། །བསོད་ནམས་ཏོག་ཚུགས་རླུང་རྟའི་བ་དན་ཕྱོར། །ཉམས་རྟོགས་གདུགས་ཕུབ་བཤད་སྒྲུབ་རྒྱལ་མཚན་སྒྲེངས། །སྙན་པའི་རྔ་རྡུངས་གྲགས་པའི་དུང་བུས་ལ། །ཚོགས་གཉིས་དབང་གི་རྒྱལ་པོའི་དཔལ་ཡོན་གྱིས། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ནད་གདོན་འཇིགས་བརྒྱད་ཞི་བའི་དངོས་གྲུབ་སྩོལ། །ཚེ་དཔལ་འབྱོར་དྲུག་རྒྱས་པའི་དངོས་གྲུབ་སྩོལ། །མོས་བཞི་དབང་དུ་འདུ་བའི་དངོས་གྲུབ་སྩོལ། །ལོག་འདྲེན་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ། །ལས་སྨོན་དུས་བབས་ཐུན་མོང་དངོས་གྲུབ་སྩོལ། །སྦྱངས་བགྲོད་མངོན་གྱུར་མཆོག་གི་དངོས་གྲུབ་སྩོལ། །ཆོས་དང་སྲིད་ཀྱི་ཕུན་སུམ་ཚོགས་པའི་དཔལ། །མ་ལུས་དབྱར་གྱི་མཚོ་ལྟར་རྒྱས་པར་མཛོད།། ཅེས་བརྗོད་བཤོས་དང་སྐྱེམས་ཕུད་སོགས། །བསང་ནང་ཕུལ་ལ་གཤེགས་གསོལ་དང་། །བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱ། །དེ་ཡིས་ལྷ་མིའི་དཔལ་ཡོན་འཕེལ།། གུ་ཧྱཿ ཞེས་པའང་ཆོས་གྲོགས་དམ་པ་ཀརྨ་བསྟན་འཕེལ་ནས་ཡང་ཡང་ནན་བསྐུལ་མི་ལྡོག་ཙམ་དུ། སྔགས་བཙུན་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོས་བྲིས་པ་དགེའོ།། དགེའོ།། དགེའོ།།


previousགཡུ་རོང་གླ་ཡུམ་གནས་བདག་གི་བསང་མཆོད།next