Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད།
   
   
   
   
   
   
   
   
   


 
previousམངའ་རིའི་ཙན་དན་སྡོང་པོའི་བསང་མཆོད། next

མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད།

༄༅། གཡི་རོང་ཡུལ་ལྷ་མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད་འདོད་དོན་ཀུན་འབྱུང་བཞུགས། །དུས་བཟང་ཡར་ངོ་གཟའ་སྐར་དགེ་བའི་ཆར། །སྟེགས་མཐོན་གྲུ་བཞི་བདུད་རྩི་ཤིང་ལྔ་སོགས། །བཟང་ཤིང་གྱ་ནོམ་སྣ་ཚོགས་ཟས་སྐོམ་ཕུད། །དཀར་གསུམ་མངར་གསུམ་བསང་རྫས་བརྒྱ་རྩ་བསྲེག །རིན་ཆེན་སྣོད་དུ་དཀར་གཏོར་གླིང་བཞིའི་མཐར། །བཤོས་ཕྲན་བརྒྱད་དང་གཡག་ལུག་ར་གསུམ་བསྐོར། །དཀར་རྒྱན་དར་ཚོན་རྫས་སྣས་བརྒྱན་པ་དང་། །གསེར་གཡུའི་སྐྱེམས་ཕུད་ལ་སོགས་གང་འབྱོར་བཤམས། །སྐྱབས་གནས་ཀུན་འདུས་པད་འབྱུང་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འཁོར་བར་འཁྱམས་པའི་ཕ་མ་ཀུན། །སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །བདག་ཉིད་པད་འབྱུང་སྐུར་གསལ་བའི། །གསང་གསུམ་ཡི་གེའི་འོད་ཟེར་གྱིས། །བསང་རྫས་མཆོད་པའི་ཡོ་བྱད་རྣམས། །དཔག་མེད་ནམ་མཁའི་མཛོད་དུ་བསྒྱུར། །ན་མཿསརྦ་ཏ་ཐཱ་ག་ཏ༴སོགས། ཁཾ་སྭཱ་ཧཱ། ལན་གསུམ། ཀྱཻ། ཡུལ་ནི་གངས་ཅན་བོད་ཀྱི་སྟོད། །མངའ་རིའི་སྐུ་གསུང་ཐུགས་ཀྱི་གནས། །གསུང་གི་གནས་ཀྱི་སྲུང་མ་མཆོག །སློབ་དཔོན་བཻ་རོ་ཙ་ན་ཡིས། །རྩུབ་འགྱུར་རྒྱལ་མོ་ཚ་བ་རོང་། །གནས་ཆེན་ཉེར་ལྔའི་ནང་ཚན་ལས། །གཡི་རོང་ཕྱོགས་ཀྱི་གནས་ལྔ་དང་། །ཁྱད་པར་བྲག་དཀར་སྒོ་སྲུང་བསྐོས། །བྷོ་ཊའི་ཙན་དན་རྐང་འཐུང་གིས། །ལེགས་མཛེས་གདག་རིར་རྟེན་བཅས་པ། །མངའ་རིའི་ཙན་དན་སྡོང་པོ་ཞེས། །གནས་སྲུང་རྡོ་རྗེ་དབང་སྡུད་རྩལ།། ཞེས་པའི་ཚབ་ཏུ། ལྷ་མགོན་རྡོ་རྗེ་འོད་རབ་འབར། འདིར་དེ་ཡི་རྗེས་སུ་བདག་གི་ཉམས་སྣང་ལ་ཡུལ་ལྷ་རང་ནས་ཁྱོད་ཀྱིས་བསང་མཆོད་བྲིས་པ་བཀའ་དྲིན་ཆེ་ཡང་། མིང་ནོར་འདུག གནས་ཚང་གཅིག་ལ་ཐོན་ཚད་མིང་གཅིག་ཡིན་མི་ཁྲིམས་ཞེས་ཁ་མཚར་སྨྲ་ཞིང་དགའ་དགའ་ལྟར་འདུག བདག་གིས་ཁྱེད་ཀྱི་ཅི་ཡིན་དྲིས་པ་ལ། ས་ཡར་སྟོད་ཀྱི་མིས་བདག་ལ་མངའ་རིའི་ལྷ་མགོན་དཀར་པོ་ཟེར། གསང་མིང་། བཛྲ་པྲ་ཝ་ཛྭ་ལ་ཡིན་ཞེས་ཟེར་བར་སྣང་བ་ཤར་གསུངས། །སྐུ་མདོག་དཀར་པོ་དུང་གི་མདོག །དངུལ་གྱི་ཁྲབ་རྨོག་དཔའ་ཆས་བརྗིད། །ངང་དཀར་སེར་ཆེན་འཇའ་སྟན་དང་། །གསེར་གྱི་སྒ་སྲབ་ཅན་ལ་བཅིབས། །ཕྱག་གཡས་གནམ་ལྕགས་རལ་གྲི་ཕྱར། །ཕྱག་གཡོན་ནོར་བུ་སྐུ་ལ་བརྟེན། །གསང་ཡུམ་དུང་མཚོ་ནོར་བུ་སྒྲོན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །གཡོན་པས་ནས་ཀྱི་སྙེ་མ་འཛིན། །སྐུ་ལ་ཟ་འོག་ན་བཟའ་གསོལ། །ལྷ་རྟ་དཀར་པོ་རྒྱན་ལྡན་བཅིབས། །འཁོར་གྱི་བཀའ་ཉན་ལས་བྱེད་གཙོ། །བདུད་རྗེ་མི་སྔོན་རྟ་སྔོན་ཅན། །གསེར་གཡུའི་སྲབ་མཐུར་གསེར་ཁྲབ་བརྗིད། །གཡས་ན་བ་དན་སྔོན་པོ་འཕྱར། །གཡོན་པས་གསེར་གྱི་སྒྲོམ་བུ་བསྣམས། །བཙན་རྗེ་མི་དམར་རྟ་ཡང་དམར། །སྐུ་ལ་ལྕགས་ཀྱི་ཁྲབ་རྨོག་གསོལ། །ཕྱག་གཡས་བ་དན་དམར་པོ་ཕྱར། །གཡོན་པས་བྷནྡྷ་ཁྲག་བཀང་འཛིན། །ཀླུ་རྗེ་མི་དཀར་རྟ་དཀར་ཅན། །ལྕགས་ཀྱི་གོ་ཁྲབ་མཛེས་པར་གསོལ། །ཕྱག་གཡས་བ་དན་དཀར་པོ་ཕྱར། །གཡོན་ན་གསེར་གྱི་བུམ་པ་འཛིན། །རླུང་མེ་ཆུ་སའི་འཇིགས་སྐྱོབས་པའི། །བདུད་བཙན་ཀླུ་དང་ས་བདག་བཞི། །དཔའ་བོའིཆས་ལྡན་རླུང་དང་མེ། །བདུད་རྩི་བུམ་པ་རི་དབང་འཛིན། །གཞན་ཡང་འཁོར་ཚོགས་སྤྲུལ་པར་བཅས། །ཁྱེད་རྣམས་སྔོན་ཚེ་པད་འབྱུང་དང་། །རྣམ་སྣང་ལོ་ཙཱ་དགའ་ལོ་པ། །ཡབ་སྲས་བརྒྱུད་པར་བཅས་པ་ཡི། །སྤྱན་སྔར་ཁས་བླང་དམ་བཅས་བཞིན། །འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །གུས་པས་ཕྱག་བགྱི་བསྟོད་བཤགས་འབུལ། །མཆོད་སྤྲིན་ནམ་མཁའི་མཛོད་ཆེན་པོས། །མཆོད་དོ་བསྐང་ངོ་མངའ་གསོལ་ལོ། །ཁྱད་པར་གོ་འབྱེད་ཁྱོན་འགེང་བའི། །བསང་དུད་བདུད་རྩིའི་སྤྲིན་ཕུང་གིས། །མངའ་རིས་སྐོར་གསུམ་གནས་བདག་བསང་། །དབུས་གཙང་རུ་བཞིའི་བསྲུང་མ་བསང་། །མདོ་ཁམས་སྒང་དྲུག་ཟོ་དོར་བསང་། །རྒྱལ་མོ་རོང་གི་གཞི་བདག་བསང་། །ཡུལ་རི་འདི་ཡི་གནས་བདག་བསང་། །ཙ་རིའི་ཡ་གཅིག་གནས་སྲུང་བསང་། །མངའ་རིའི་ཙན་དན་སྡོང་པོ་བསང་། །བཙན་བདུད་ཀླུ་ཡི་འཁོར་ཚོགས་བསང་། །འཇིགས་སྐྱོབས་ལས་མཁན་སྡེ་བཞི་བསང་། །བཀའ་སྡོད་དྲེགས་པའི་འཁོར་ཚོགས་བསང་། །བསངས་ཤིང་མཆོད་པའི་བྱིན་རླབས་ཀྱིས། །མནོལ་གྲིབ་སངས་ཤིང་རྨོངས་འཐིབ་བྱང་། །གསང་གསུམ་དཔལ་ཡོན་ཕྲིན་ལས་རྒྱས། །ཐུགས་ལ་བཞེད་དགུ་འགྲུབ་གྱུར་ཅིག །དེ་མཐུས་བདག་དང་བསྲུང་བྱ་ཡི། །ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་ཤིང་འཕེལ། །བཞེད་དགུ་དབང་དུ་འདུ་བར་མཛོད། །ཡིད་ལ་དམིགས་པའི་དགྲ་བགེགས་སྒྲོལ། །འཕར་སྤྱང་གཅན་གཟན་གནོད་པ་སོལ། །ཇག་ཆོམ་རྐུན་པོ་རྒྱང་རིང་སྐྲོད། །བྱད་ཕུར་རྦོད་གཏོང་རྡུལ་དུ་རློགས། །མི་ཕྱུགས་གོད་ཡམས་མེད་པར་མཛོད། །བར་གཅོད་དམ་སྲིའི་འཚེ་བ་སོལ། །ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས། །དུས་འཁྲུགས་རྒུད་པ་ཞི་བར་མཛོད། །གཞི་སྡོད་མེལ་ཚེ་བྱ་ར་གྱིས། །བྱེས་བགྲོད་ལམ་ལྷ་བསུ་སྐྱེལ་མཛོད། །ལ་ཆུ་འཕྲང་སྒྲོལ་ཉེས་པ་སོལ། །དོན་གཉེར་ཀུན་ལ་རྒྱལ་ཁ་ལོངས། །རྒྱལ་བསྟན་སྤེལ་ལ་དེ་འཛིན་སྐྱོངས། །རྒྱལ་ཁམས་སྤྱི་དང་ལྗོངས་འདི་སྲུངས། །བསམ་པའི་དོན་དང་གཉེར་བའི་ལས། །གེགས་མེད་འགྲུབ་པའི་སྡོང་གྲོགས་མཛོད།། ཅེས་འདི་དོན་གཉེར་ཅན་འགས་བསྐུལ་བའི་ངོར། །མཁའ་འགྲོ་གླིང་པའི་༼རྨི་ལམ་བླ་མ་བསྟན་པ་དར་རྒྱས་རེད།༽རྨི་ལམ་གཟིགས་སྣང་བཞིན། །འཇིགས་མེད་རྣམ་རྒྱལ་བཟང་པོས་སོར་རྩེས་བསྐྲུན། །དགེ་བས་འདོད་དགུ་ཡིད་བཞིན་འགྲུབ་གྱུར་ཅིག །


previousམངའ་རིའི་ཙན་དན་སྡོང་པོའི་བསང་མཆོད། next