Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགའ་བ་གདོང་གི་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར།
   
   
   
   


 
previousདགའ་བ་གདོང་གི་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར། next

དགའ་བ་གདོང་གི་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར།

བཀའ་འདུས་ལས་བསང་མཆོད་རྣམས་ཀྱི་ཆ་ལག་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། འདིར་བསང་མཆོད་ཀྱི་མཐར་ཡུལ་ལྷ་དང་འཁོན་འགྲས་སོང་བ་བསྡུམ་པར་འདོད་པས། ཐོག་མར་ཀླུ་བཤོས་གཉིས་དང་། བཙན་བཤོས། བདུད་བཤོས། དཀར་གཏོར་རྣམས་རང་རང་གི་འདོད་རྫས་དང་བཅས་པ་བཤམས་ལ། འབྲུ་གསུམ་དང་། ཨ་ཀ་རོས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་བརྗོད་པས་མགྲོན་རིགས་སྤྱིར་ཕུལ་ལ། ཨོཾ་མ་ཧཱ་ནཱ་ག་ར་ཙ་མ་ཎི་ཀ་དཱི་པཾ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཞེས་སྤྱན་དྲངས། ས་མ་ཡཱ་སྟྭཾ།གྱིས་བཞུགས་སུ་གསོལ། བཛྲ་ས་མ་ཡཱ་རཀྵནྟུ། ཞེས་དམ་ཚིག་དྲན་པར་བྱས་ལ། ཨོཾ་མ་ཧཱ་ནཱ་ག་ར་ཛི་མ་ཎི་ཀ་དཱི་པཾ་བཱ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་རྒྱལ་རིགས་ཀླུ་ཡི་སྲས་མོ་ནི། །དཀར་མོ་ལོ་ཏོག་འབྲུ་སྤེལ་མ། །མདའ་དར་བུམ་པའི་ཕྱག་ཆ་ཅན། །དུང་མཚོའི་མངའ་བདག་ནོར་བུ་སྒྲོན། །འདིར་སྤྱོན་མཐུན་རྫས་རྟེན་ལ་བཞུགས། །བསང་མཆོད་ཟག་མེད་བདུད་རྩིའི་སྤྲིན། །དཀར་མངར་རྒྱན་སྤྲས་ཀླུ་ཡི་བཤོས། །ཀླུ་ཡི་ཡིད་ལ་འཐད་པའི་ནོར། །དུང་སྦྲུལ་ལ་སོགས་ཉེར་གཅིག་དང་། །ཕྱེ་མར་ཟས་སྣ་འོ་ཕུད་སྐྱེམས། །ནམ་མཁའ་མཛོད་དུ་བསྒྱུར་ནས་འབུལ། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །ཡུལ་སྐྱོང་དངུལ་རྫིའི་དགྱེས་སྡེ་མོ། །གངས་རི་ལྟར་དཀར་ཉི་བཞིན་གསལ། །གདེངས་ཀ་སྦྲུལ་མཇུག་ལྷབ་ལྷུབ་གོས། །རིན་ཆེན་ནོར་བུའི་དོ་ཤལ་གྱིས། །མཛེས་སྒེག་ཀླུ་ཡི་བརྟན་པ་འཕྲོག །གསོལ་ཞིང་མཆོད་ལ་མ་ལྟར་བྱམས། །དཔའ་ཞིང་འདུད་ལ་གྲོགས་ལྟར་བརྩེ། །རྣམ་འགྱུར་གཅིག་ཏུ་མ་ངེས་ཏེ། །རེས་འགའ་སྨན་བཙུན་མཛེས་མའི་ཚུལ། །དུང་རྟ་བཅིབས་ནས་ལ་ལུང་རྒྱུ། །ཡུལ་ལྷ་ཀླུ་གཉན་མང་པོས་བསྐོར། །ཁྲོས་ན་ལོ་ཉེས་ཐན་ལྟས་གཏོང་། །དགའ་ན་དཔལ་གཡང་དངོས་གྲུབ་སྡུད། །ཁྱོད་སྔོན་གྲོང་འདིར་འཁོན་མཆིས་ཀྱང་། །བདག་ལ་སྔོན་ཡང་ནོངས་མ་མཆིས། །ད་ཡང་བསང་མཆོད་ནུས་བསྟུན་བགྱི། །ཞི་བ་བྱང་ཆུབ་སེམས་ལྡན་པས། །བསང་མཆོད་དམ་པ་འདི་བཞེས་ནས། །ཕྱིན་ཆད་གནས་འདིར་བག་ཕོབས་ལ། །བདག་ཅག་འཁོར་བཅས་བརྩེ་བས་སྐྱོངས། །ལྷ་མིའི་ཞལ་སེམས་མཐུན་པར་མཛོད། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ།། ཞེས་ཀླུ་གཏོར་སྔོན་མ་གཏོར་སྟེགས་སོགས་གཙང་སར་འབུལ། ༧ ཨོཾ་མ་ཧཱ་ནཱ་ག་སིདྡྷི་ལཀྵིཾ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ས་མ་ཡཱ་སྟྭཾ། བཛྲ་ས་མ་ཡཱ་རཀྵནྟུ། ཨོཾ་མ་ཧཱ་ནཱ་ག་སིདྡྷི་ལཀྵིཾ་བཱ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཕུ་ཛཿ སྐྱིད་ཀྱི་ཆུ་མིག་གཉན་པོ་ནས། །དངོས་གྲུབ་ཕུན་ཚོགས་ཀླུ་ཡི་རྗེ། །སྐུ་མདོག་དཀར་ལ་སྦྲུལ་མཇུག་སེར། །ནོར་བུ་དང་བཅས་མཆོག་སྦྱིན་གཡས། །སྟ་ཟུར་མཐེབ་མཛུབ་སྙེ་མ་གཡོན། །གདེངས་སྦྲུལ་ཀླུ་ཡི་གོས་རྒྱན་མཛེས། །གསེར་མདོག་པདྨའི་གདན་ལ་བཞུགས། །ཡུམ་མཆོག་རང་འདྲ་ཟས་གཞོང་ཐོགས། །མི་འདོད་ཚེ་ན་ཀོ་ལོང་སྡོམ། །དགྱེས་ན་ལོ་ཏོག་འབྲུ་བཅུད་སྤེལ། །ཁྱེད་ཅག་སྤྲུལ་འཁོར་དང་བཅས་ལ། །བསང་མཆོད་ཟག་མེད་ཡེ་ཤེས་སྤྲིན། །ཀླུ་བཤོས་ཀླུ་སྨན་བྲན་པ་དང་། །མར་གྱི་ཉ་སྦལ་སྦྲུལ་གླང་དང་། །ཤེལ་ཚིག་དཀར་མངར་འོ་ཆོལ་འབུལ། །དགྱེས་ཤིང་བརྩེ་བས་བཞེས་མཛོད་ལ། །སྲུང་སྐྱོབས་གྲོགས་ལྡན་གཡེལ་མེད་མཛོད། །ལོ་ཉེས་མ་གཏོང་ལོ་བཅུད་སྤེལ། །རྣམ་བཞིའི་ཕྲིན་ལས་གང་བརྩམས་ཀུན། །ཡིད་ལ་སྨོན་བཞིན་འགྲུབ་པར་མཛོད།། ཅེས་ཀླུ་གཏོར་གཅིག་ཆུ་མིག་གི་ཉེ་ཆར་འབུལ། ༧ ཨོཾ་དེ་བ་ཤུ་ལ་བྷུ་བ་ནཾ་ཤཾ་ཀ་ར་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛཿ ས་མ་ཡཱ་སྟྭཾ། བཛྲ་ས་མ་ཡཱ་རཀྵནྟུ། ཨོཾ་དེ་བ་ཤུ་ལ་བྷུ་བ་ནཾ་ཤཾ་ཀ་ར་བཱ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཏྲི་ཛཿ རིན་ཆེན་མཆོང་བྲག་འབར་བ་ནས། །སྲིད་པ་བདེ་བྱེད་བཙན་གྱི་རྗེ། །མདོག་དམར་རལ་གྲི་ཞགས་པ་བསྣམས། །གཟིག་ཆེན་ངར་མའི་སྟེང་ན་འགྱིང་། །ཟངས་ཀྱི་ཡ་ལད་རྨོག་ཕུབ་སོགས། །དཔའ་བོའི་ཆས་ལྡན་འཁོར་གསུམ་བརྗིད། །དགྱེས་སྐོང་སྨན་མོ་མཛེས་མ་ནི། །ཕྱག་གཉིས་གྲུ་གུ་འཐུལ་དང་རྩེན། །ཁྲོས་ན་གཅན་གཟན་འཚེ་བ་གཏོང་། །དགའ་ན་སྲུང་སྐྱོབས་སྡོང་གྲོགས་མཛད། །ཁྱེད་ཅག་འཁོར་དང་བཅས་པ་ལ། །བསང་མཆོད་ཟག་མེད་འདོད་དགུའི་སྤྲིན། །བཙན་བཤོས་དམར་གྱིས་བརྒྱན་པ་དང་། །མི་རྟ་བྱ་ཁྱི་དམར་པོ་དང་། །གསེར་གཡུའི་སྐྱེམས་དང་ཟས་སྣ་འབུལ། །དགྱེས་ཤིང་བརྩེ་བས་བཞེས་མཛོད་ལ། །བྱ་ར་མེལ་ཚེ་མ་གཡེལ་མཛོད། །ལོ་ཕྱུག་རྟག་ཏུ་ལེགས་པར་མཛོད། །རྣམ་བཞིའི་ཕྲིན་ལས་གང་བཅོལ་རྣམས། །གེགས་མེད་ཡིད་བཞིན་འགྲུབ་པར་མཛོད།། ཞེས་བཙན་བཤོས་ལྷོར་འབུལ། ༧ ཨོཾ་དུ་ཏྲི་བྷཱི་མཾ་ཀཱ་ལ་ཨཾ་ཤུ་མནྟ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛཿ ས་མ་ཡཱ་སྟྭཾ། བཛྲ་ས་མ་ཡཱ་རཀྵནྟུ། ཨོཾ་དུ་ཏྲི་བྷཱི་མཾ་ཀཱ་ལ་ཨཾ་ཤུ་མནྟ་བཱ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། དུ་ཛཿ སྲིབ་ཀྱི་བྲག་ནག་ཕུག་པ་ནས། །འཇིགས་བྱེད་འོད་ལྡན་བདུད་སྲིན་རྗེ། །བཤའ་གྲི་སྙིང་འཛིན་མིག་སྨན་མདོག །རུས་རྒྱན་གོས་ནག་སྙིང་ཕྲེང་བརྗིད། །འཕར་སྤྱང་དྲེད་སོགས་མ་ངེས་བཅིབ། བྲག་སྲིན་དམར་ནག་དགྱེས་སྐོང་མཛད། །མ་མགུ་མི་རྒོད་ཆོ་འཕྲུལ་སྟོན། །མཉེས་ན་རེ་ཞིང་སྨོན་པ་སྒྲུབ། །ཁྱེད་ཅག་འཁོར་དང་བཅས་པ་ལ། །བསང་མཆོད་འདོད་དགུའི་ལོངས་སྤྱོད་སྤྲིན། །ཤ་ཁྲག་སྙིང་སྣས་བརྒྱན་པའི་བཤོས། །བྱ་ཁྱི་རྟ་གཡག་ལུག་ནག་དང་། །ཕུད་རྒོད་འབྲུ་སྣ་ཟས་ཕུད་འབུལ། །བཞེས་ནས་ཚིམ་ཞིང་དགྱེས་པར་མཛོད། །ལོ་ལེགས་ཕྱུགས་འཕེལ་གང་བཅོལ་ལས། །འབད་མེད་འགྲུབ་པའི་སྡོང་གྲོགས་མཛོད།། ཅེས་བདུད་བཤོས་ཕ་རིའི་ཕྱོགས་སུ་མཆོད། ༧ ཨོཾ་ཀཱ་ཡ་དཱེ་བ་པ་ར་ཨརྫུ་ན་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛཿ ས་མ་ཡཱ་སྟྭཾ། བཛྲ་ས་མ་ཡཱ་རཀྵནྟུ། ཨོཾ་ཀཱ་ཡ་དཱེ་བ་པ་ར་ཨརྫུ་ན་བཱ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཛ། ནགས་རི་མཐོ་བརྗིད་ལ་བརྟེན་པའི། །ཡུལ་སྐྱོང་སྐུ་ལྷ་ཉག་དཀར་ཅན། །དཀར་འཛུམ་དུང་རྟ་གཡུ་རྔོག་བཅིབས། །དངུལ་ཁྲབ་དངུལ་རྨོག་ལྕགས་ཕུབ་མཛེས། །དར་དཀར་བ་དན་གཏེར་བུམ་བསྣམས། །རེས་འགའ་ཤེལ་གྱི་ཉག་ཕྲན་དང་། །སྦ་དཀར་གནམ་རུ་ཟུང་དུ་སྦྱོར། །ཡུམ་མཆོག་ཉ་ལྕམ་དཀར་མོ་ནི། །མདའ་དར་གཏེར་བུམ་ཉ་སྦལ་ཞོན། །དགའ་ན་འབྲུ་ནོར་ལོངས་སྤྱོད་སྤེལ། །ཁྲོས་ན་ལོ་ཉེས་ནོར་གོད་གཏོང་། །ཁྱེད་ཅག་འཁོར་དང་བཅས་རྣམས་ལ། །བསང་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན། །དཀར་གཏོར་རྩི་བཅུད་བྲན་པ་དང་། །གཡག་ལུག་བྱ་ར་གཟུགས་འགྲོས་དང་། །ཆང་ཕུད་འོ་སྐྱེམས་འབྲུ་ཟས་འབུལ། །བཞེས་ནས་རབ་ཏུ་དགྱེས་མཛོད་ལ། །གཞི་བྱེས་ཀུན་གྱི་བསྲུང་མ་གྱིས། །ལོ་ལེགས་ཕྱུགས་ནོར་འཕེལ་བ་དང་། །བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད།། ཅེས་དཀར་གཏོར་ལྷོ་ནུབ་མཚམས་སུ་ཡར་མཆོད། ཡང་ན་སོ་སོར་བྲན་གསོ་བྱ་ཞིང་ཚར་གྲངས་ཅི་ལྕོགས་རྗེས་སུ་ཐམས་ཅད་བསང་ཐབ་ཏུ་འབུལ་ལོ། ཞེས་ཡུལ་ལྷ་དང་འཁོན་འགྲས་སོང་བ་སླར་བསྡུམ་པའི་ཐབས་ཟབ་མོ་ལྷ་མིའི་མཐུན་སྦྱོར་ཞེས་བྱ་བ་འདི་ཡང་ཆོས་གྲོགས་རྡོ་རྗེའི་མཆེད་པོ་བཛྲ་ཤྲཱི་དྷ་རས་ནན་ཆེར་བསྐུལ་ངོར། ཡན་ལག་དང་པོའི་མིང་ཅན་སྤྲུལ་ཟོབ་དེས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག དགེའོ།། དགེའོ།། དགེའོ།།


previousདགའ་བ་གདོང་གི་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར། next