Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤོག་བཞིའི་ཡུལ་ལྷ་སྤྱི་བསང་།
   
   


 
previousཤོག་བཞིའི་ཡུལ་ལྷ་སྤྱི་བསང་།next

ཤོག་བཞིའི་ཡུལ་ལྷ་སྤྱི་བསང་།

༄༅། ཤོག་བཞི་ཡུལ་ལྷའི་བསང་བསྡུས་འདོད་འབྱུང་ནོར་བུ་བཞུགས། བསང་རྫས་རྣམས་རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ། ཀྱེ། ངོ་བོ་ཀ་དག་སྐྱེ་མེད་ཆོས་སྐུའི་དབྱིངས། །སྲིད་ཞི་མི་དམིགས་ཡེ་ནས་མཉམ་ཉིད་ངང་། །རང་བཞིན་འགྱུར་མེད་ལྷུན་གྱིས་གྲུབ་པའི་གདངས། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་མ་འདྲེས་རྫོགས། །ཐུགས་རྗེ་འགགས་མེད་ཁྱབ་བརྡལ་རོལ་བའི་རྩལ། །འཁོར་འདས་སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་སྣང་། །སྲིད་པའི་འཇིགས་སྒྲོལ་དཀོན་མཆོག་སྲིད་ཞིའི་མགྲོན། །བར་ཆད་ཀུན་སེལ་མགོན་པོ་ཡོན་ཏན་མགྲོན། །དྲིན་ལན་ཆགས་པའི་རིགས་དྲུག་སྙིང་རྗེའི་མགྲོན། །ཤ་མཁོན་གཉེར་བའི་བགེགས་རིགས་ལན་ཆགས་མགྲོན། །མཆོད་དང་སྦྱིན་པའི་ལོངས་སྤྱོད་བཞེད་དགུའི་སྤྲིན། །རྣམ་སྨིན་ལན་ལ་རེ་བའི་ཡོན་མཆོད་ཀུན། །ཡང་དག་དོན་ལ་གཅིག་ལས་ཐ་མི་དད། །སྐྱེ་འགག་གནས་མེད་དངོས་ཞེན་སྤྲོས་ལས་འདས། །འོན་ཀྱང་རྟེན་འབྲེལ་སྤྲོས་པ་མི་འགལ་ཕྱིར། །ཡུམ་ལྔའི་མཁའ་ལས་བྱུང་བའི་མཆོད་སྦྱིན་རྫས། །དབྱིངས་ལྔའི་རང་རྩལ་འབྱུང་བའི་སྤྲོ་བསྡུ་ཡིས། །མཚན་འཛིན་གཙང་དམེའི་རྟོག་པ་དངོས་མེད་སྦྱོང་། །སྐུ་གསུམ་ཡོངས་འདུས་རྡོ་རྗེ་འབྲུ་གསུམ་གྱིས། །ཟག་མེད་བདུད་རྩིར་བྱིན་གྱིས་བརླབ་པ་ཡིས། །བསང་མཆོད་བརྔན་སྦྱིན་འདོད་འབྱུང་དུད་པའི་སྤྲིན། །འཆི་མེད་ལམ་ཡངས་དོག་པོར་བྱེད་པ་འདིས། །མཆོད་ཡུལ་སྲིད་ཞི་ཡོན་ཏན་མགྲོན་རྣམས་བསང་། །སྦྱིན་ཡུལ་རིགས་དྲུག་ལན་ཆགས་མགྲོན་རྣམས་བསང། །གངས་ཅན་བོད་ཀྱི་སྲུང་མ་ཐམས་ཅད་བསང་། །མདོ་ཁམས་ཟལ་མོ་སྒང་གི་ཟོ་དོར་བསང་། །ཡུལ་སྐྱོང་གཙོ་བོ་རྡོ་རྗེ་གཡུ་ཁྲོམ་བསང་། །གཡུ་སྙིང་དགྲ་བླ་མི་མགོན་དཀར་པོ་བསང་། །གཡུ་ཉིན་གནས་སྲུང་དངུལ་རྫི་གཡུ་མཚོ་བསང་། །གཡུ་སྲིབ་གཏེར་བདག་སྐུ་བླ་སྲིད་རྒྱལ་བསང་། །སྲས་མཆོག་སྟོབས་ལྡན་ར་མཁར་སྨུག་པོ་བསང་། །ལོངས་སྤྱོད་མཛོད་འཛིན་རྡོ་རྗེ་གྲགས་པ་བསང་། །ཆོས་འཁོར་སྐྱོང་མཛད་རྒྱལ་བ་སེང་གེ་བསང་། །ས་གཞིར་དབང་མཛད་མཛོད་གླང་སྨུག་པོ་བསང་། །ལོ་ཏོག་སྤེལ་སྲུང་རི་བྲོའི་མཚོ་བདག་བསང་། །ར་ཁང་ལ་སོགས་ཡུལ་ལྷ་གཞི་བདག་བསང་། །ཁྱད་པར་སྐྱིད་ཀྱི་ཆུ་མིག་ལ་གནས་པའི། །རྗེ་རིགས་ཀླུ་ཡི་སྲས་མོ་བདེ་ལྡན་མ། །དཀར་སེར་ཀླུ་ཤིང་མེ་ཏོག་ཟས་གཞོང་བསྣམས། །སྦྲུལ་མཇུག་སྔོ་ལྗང་ཨུཏྤལ་སྟེང་དུ་འཁྱིལ། །གཡས་སུ་ཡབ་རྗེ་ཆར་འབེབས་དཀར་སྔོན་མདོག །ནོར་བུ་བུམ་འཛིན་གསེར་མདོག་སྦྲུལ་མཇུག་ལྡན། །གཡོན་གྱི་ཡུམ་ཆེན་སྤྲིན་གྱི་ལྷ་མོ་དཀར། །ནོར་བུ་སྤྲིན་གྱི་རྡུལ་འཛིན་སྦྲུལ་མཇུག་སྔོ། །གསུམ་ག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །རང་མདོག་སྦྲུལ་གྱི་གདེངས་ཀ་ལྔ་ཡིས་བརྒྱན། །ཁྱེད་རྣམས་སོ་སོར་ཆུ་བདག་འཁོར་དང་བཅས། །མཐུན་རྫས་བཟང་ཤིང་སྣ་ཚོགས་དུད་པས་བསང་། །འཁོར་འདས་མགྲོན་རིགས་འདིར་གནས་ཀླུ་དང་བཅས། །འདོད་དགུ་འབྱུང་ཞིང་རེ་བ་སྐོང་གྱུར་ཅིག །ཀོ་ལོང་ཕྲག་ཏོག་གདུག་རྩུབ་ཞི་གྱུར་ཅིག །ལོ་ཉེས་སད་སེར་མུ་གེ་མེད་པར་ཤོག །ལོ་འཁྲུགས་གོད་ཡམ་དུས་འཁྲུགས་མི་འབྱུང་ཤོག །ལོ་ལེགས་ཕྱུགས་འཕེལ་བསམ་དོན་ལྷུན་གྲུབ་མཛོད། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་རྟག་སྤྱོད་ཤོག །ཅེས་ཡུལ་ལྷའི་བསང་བསྡུས་འདོད་འབྱུང་ནོར་བུ་ཞེས་པ་འདི་ཡང་བླ་མ་དོན་གསལ་གྱིས་བསྐུལ་ངོར། མགོ་སྤྲུལ་བས་སྤེལ་བ་དགེའོ།།


previousཤོག་བཞིའི་ཡུལ་ལྷ་སྤྱི་བསང་།next