Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་སོགས་ཀྱེ་རྡོར་གྱི་ཆོས་སྐོར་གྱི་ལུང་བརྒྱུད་སོགས།
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་སོགས་ཀྱེ་རྡོར་གྱི་ཆོས་སྐོར་གྱི་ལུང་བརྒྱུད་སོགས།next

ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་སོགས་ཀྱེ་རྡོར་གྱི་ཆོས་སྐོར་གྱི་ལུང་བརྒྱུད་སོགས།


GLG001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད། པདྨ་ཧེ་རུ་ཀའི་དབང་དུ་བསྡུ་བའི་ལེའུ་སོགས་ནས་བསྟན་པའི་ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་པོའི་ཆོས་སྐོར་ནི། དཀར་ཆག་ལས། གསང་བའི་སྙིང་པོ་ཨཱ་ལི་ཀཱ་ལིའི་བཅུད། །གསང་སྔགས་འཛིན་པ་གཞན་ལ་མ་གྲགས་པ། །གསང་ཆེན་ཆོས་ཀྱི་བདག་པོ་ས་སྐྱ་པའི། །གསང་བའི་གདམས་པ་ཟབ་མོ་འདི་ལྟར་སྣང་། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས། གདམས་པ་འདི་དག་གྲུབ་པའི་བསྟན་པ་དང་། །ཁྱད་པར་ས་སྐྱའི་རྗེ་བཙུན་བསྟན་པའི་ཆེད། ཉམས་སུ་བླངས་ན་ཡིད་ཆེས་འཕྲལ་དུ་འབྱུང་། ཞེས་བསྔགས་པར་མཛད་པ་དོན་དང་མཐུན་པས་བླ་མ་བ་རི་བས་མངའ་བདག་རྩེ་ལྡེ་སོགས་རྒྱ་བོད་མང་པོ་དབང་དུ་བསྡུས། བལ་པོར་བོད་ཐང་ཞེས་བྱ་བའི་ས་གཞི་ཆེན་པོ་གསེར་དཔག་མེད་ཀྱི་རིན་གྱིས་ཉོས། བརྩེ་བ་ཆེན་པོར་ཕྲང་བྲག་དམར་བའི་སྡེ་དགོན་གྱིས་སྐུ་དགྲ་བྱས་པ་འདིའི་སྒོ་ནས་དབང་དུ་བསྡུས། གཤེན་རྡོར་གསེང་གིས་དཔལ་ཕག་མོ་གྲུབ་པ་དབང་དུ་མཛད། དོ་པ་སྟོན་ཚུལ་ངམ་ཤོད་རྗེ་བཙད་ཀུན་གྱི་བླ་མར་གྱུར། རྒྱལ་ཚ་ལུང་མང་པོ་ཧོར་རྒྱལ་པོའི་ཏི་ཤྲཱིར་བསྐུར་བ་སོགས་ངོ་མཚར་ལོ་རྒྱུས་ངེས་ཤེས་ཅན་གྱི་མན་ངག་སྐོར་ལ། ས་པཎ་གྱི་ཡི་གེ་དང་གོང་མའི་ཕྱག་བཞེས་ལ་བརྟེན་ནས་ཐུན་མོང་བ་འདོད་པ་ལྷའི་རྗེས་གནང་། འཇམ་དབྱངས་མགོན་པོའི་ཡི་གེ་དང་ཕྱག་ལེན་ལྟར་ཐུན་མོང་མ་ཡིན་པ་གསང་སྔགས་སྒྲའི་རྗེས་གནང་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ་ཐུན་མོང་བ། ཐུན་མོང་མ་ཡིན་པ། དཀར་ཆག་ཏུ་མ་བཞུགས་


GLG001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐོར་དང་གསུམ། དང་པོ་ལ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་གདམས་ངག་འདིའི་བརྒྱུད་པ་ན་ཞེས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་རོང་པ་དགེ་རིང་གིས་ཞུས་པའོའི་མཐའ་ཅན། འགོར་པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ་མཁའ་འགྲོ་མའི་སྒྲུབ་ཐབས་ཞེས་ཡོད་པའི་དབང་སྡུས་ལས་ཀྱི་འཁོར་ལོ་ཡང་སྡུད་ཐུགས་ཀྱི་འཁོར་ལོ་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པར་ཕྱེ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ཆོས་ཀྱི་རྗེས་གསུང་པའོའི་མཐའ་ཅན། དབང་སྡུད་ཀག་ཆོལ་མའི་ལུང་གི་རྗ་གནང་གི་ཆོ་ག་༼གློ༽དཔལ་ལྡན་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། བྱིན་རླབས་ཀྱི་ལུང་བླང་པའི་ཞལ་ཤེས་ས་སྐྱ་པཎྜི་ཏ་ཆེན་པོའི་མན་ངག་ཟབ་མོ། བླ་མ་ས་སྐྱ་པའི་གདམས་པ་༼གློ༽ནམ་མཁའ་མཛོད་ཀྱི་རྗེས་གནང་རྫོགས་སོའི་མཐའ་ཅན། གྲོ་གེ་མའི་སྒྲུབ་ཐབས་ཀ་ཁ་མའི་སྒྲུབ་ཐབས་ཀྱང་ཟེར། ཀྱི་རྗེས་གནང་བླ་མའི་ཕྱག་བཞེས་བཞིན་སྔགས་འཆང་རྒྱལ་བ་དཔལ་གྱིས་ས་སྐྱའི་སྐུ་འབུམ་གྱི་གཙུག་ལག་ཁང་དུ་མཛད་པ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་མཆོག་སྒྲུབ་པའི་ཐབས་ཞེས་བྱ་བ་འདོད་རྒྱལ་གྱི་སྒྲུབ་༼གློ༽ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྒྱ་གར་གྱི་མཁན་པོ་དེ་བཞིན་གཤེགས་པ་བསྲུང་བའི་དཔལ་གྱི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙཱ་བ་རིན་ཅེན་གྲགས་ཀྱིས་བསྒྱུར་བ། གསལ་བྱེད་ཉི་མའི་འཁོར་ལོ་སྣོད་བཅུད་དབང་དུ་བྱ་བ་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པ་རྒྱ་གར་གྱི་པཎྜི་ཏ་ཐ་བི་རའི་ཞལ་སྔ་ནས་དང་། བ་རི་ལོ་ཙཱ་བས་བསྒྱུར་བ། དཔལ་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་༼གློ༽དབང་སྡུད་ལས་ཀྱི་འཁོར་ལོའི་མན་ངག་བ་རི་པས་བསྒྱུར་བ་


GLG001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དབང་དུ་བསྡུ་བའི་མན་ངག་བླ་མ་རྡོ་རྗེ་གདན་པས་མཛད་པ། འཕྲིན་ལས་བཞིའི་སྒྲུབ་ཐབས་ཀྱི་དོན་ཡང་དག་པར་བསྡུས་པ་རྒྱ་སྒོམ་ཚུལ་ཁྲིམས་གྲགས་ཀྱིས་མཛད་པ། སློབ་དཔོན་རིན་ཅེན་རྡོ་རྗེས་མཛད་པའི་སྒྲུབ་ཐབས་གསལ་བར་བྱེད་པའི་འགྲེལ་པ་༼གློ༽རིན་པོ་ཆེའི་མྱུ་གུ་རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ། འགོར་ཞི་བ་ལ་ཁ་དོག་དཀར་པོ་ཞེས་པ་ཡོད་པའི་འཕྲིན་ལས་བཞིའི་དབྱེ་བའི་མན་ངག་ཞི་རྒྱས་དབང་དྲག་ཐམས་ཅད་དེ་དང་འདྲ་བ་གོ་བར་བྱའོའི་མཐའ་ཅན། འགོར་འདི་འཁོར་ལོ་རབ་ཏུ་གནས་པ་བྱེད་པར་འདོད་པས་ཞེས་ཡོད་པའི་ལས་བཞི་འཁོར་ལོའི་རབ་གནས་སོ་སོའི་སྐབས་དང་སྦྱར་བར་བྱའོའི་མཐའ་ཅན། བསྙེན་པ། འཁོར་ལོ། དངོས་གཞི། ཙཀྲ་སྒྲུབ་པ། རྗེས། སྤོགས་པ། གནད་ཀྱི་མན་ངག །དངོས་གྲུབ་དམ་ཚིག་སྟེ་སྤྱི་དོན་རྣམ་པ་དགུས་བསྟན་པའི་སྤྱིའི་མན་ངག་མདོར་བསྟན་ཞེས་བྱ་བ་དབང་གི་འཕྲིན་ལས་ཀྱི་ལག་ལེན་མངོན་རྟོགས་དམར་འཁྲིད་དུ་དགེ་སློང་ཤཱི་ལ་ཀཱིརྟིས་བཀོད་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས། འགོར་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཨ་ཝ་ཤཾ་ཀུ་རུ་ཧོ་ཡོད་པའི་དབང་སྡུད་ཀག་ཆོལ་གྱི་སྒྲུབ་ཐབས་རྗེ་ས་པཎ་གྱིས་མཛད་པ་འཛམ་གླིང་གསེར་གྱིས་བཀང་བ་བས་ཀྱང་འདི་མི་དགའ་རི་ཤིའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བ་རི་ལོ་ཙཱ་པའི་གསེར་ཆོས་རྗེ་ས་སྐྱ་པའི་ཞལ་གདམས་ཐུན་མོང་མ་ཡིན་པ་འགོར་རྣལ་འབྱོར་པ་སྒྲུབ་པ་ལ་འཇུག་པའི་དུས་སུ་ཞེས་པའི་བཟླས་པའི་ཞལ་གདམས་བླ་མ་ས་སྐྱ་པའི་གསུང་མི་སྤེལ་གསང་བའི་རྒྱས་བཏབ་པའི་མཐའ་ཅན། འགོར་གསང་སྔགས་ཀྱི་རྩ་བར་དབྱངས་ཡིག་དང་ཞེས་པའི་དབང་གི་གཏོར་མའི་མན་ངག་༼གློ༽དཔལ་


GLG001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ས་སྐྱ་པཎྜི་ཏའི་ཕྱག་བཞེས་སོའི་མཐའ་ཅན། དབང་གི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་བླ་མ་བ་རི་ལོ་ཙཱ་བའི་གདམས་པ། འགོར་ཐུན་བཞི་ལ་ཉེར་སྤྱོད་ཀྱི་མཆོད་པ་བྱེད་ན་ཡོད་པའི་མཆོད་པ་འབུལ་བའི་རིམ་པའོའི་མཐའ་ཅན། ས་པཎ་གྱིས་མཛད་པའི་བསྟོད་པར་རབ་དགའ་ཟླ་རྒྱས་མ། འགོར་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ་འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ་ཞེས་པའི་ཏིང་ངེ་འཛིན་གྱི་རིམ་པ་དང་འཁོར་ལོའི་ནང་ཚན་བསྟན་པ་བླ་མ་བ་རི་བའི་གདམས་ངག་གནད་ཁྱད་པར་དུ་འཕགས་པ། སྒོམ་པའི་དུས་ཀྱི་ཏིང་ངེ་འཛིན་གྱི་ཞལ་གདམས་བླ་མ་ས་སྐྱ་པའི་གདམས་ངག་ཤིན་ཏུ་ཟབ་པ་གཞན་ལ་གསང་བར་ཞུའི་མཐའ་ཅན། སྔགས་བྱང་འབྱིན་འཇུག་དང་བཟླས་ཐབས་བླ་མའི་ཞལ་ལས་ཤེས་སོའི་མཐའ་ཅན། གནད་ཀྱི་སྒྲུབ་ཐབས་སྙིང་དང་འདྲ་བ། འགོར་ཨོཾ་ཤནྟིཾ་ཀ་ར་ཎི་བྷྲཱུཾ་ཡོད་པའི་སྔགས་དང་འཁོར་ལོའི་གནད་ལུང་འབོགས་པ་རཱ་ཛ་ལ་སོགས་པ་དབང་དུ་བྱ་བའི་ཡིག་ཆུང་གཞན་རྣམས་གོང་དང་མཐུན་ནོའི་མཐའ་ཅན། བྲི་གཞི་སོགས་ལྔ། མཎྜ་སོགས་ལྔ། སྣོད་སོགས་བརྒྱད་དེ་མན་ངག་གི་བསྡུས་དོན་ཉུང་ངུ་མཆན་བུ་དང་བཅས་པར། འགོར་བསྙེན་པ་འདོད་རྒྱལ་ལ་འབུམ་ཕྲག་ཉེར་བཞི་པ་བསྐྱལ་ལ་ཞེས་ཡོད་པའི་ཀ་ཁ་འཁོར་ལོ་བརྩེགས་རིན་ཅེན་འཕྲེང་བ་ཞེས་པ་ལ་མི་ཕྱེད་པ། དབང་དུ་གྱུར་བ། འོང་བ། བཅིངས་པ་བཞིན་འགྱུར་བ། འགུགས་པ། ནོར་རྒྱས་པ། གནོད་སྦྱིན་མོ་སྒྲུབ་པ། རིག་བྱེད་མས་འགུགས་པ། བུ་མོ་དབང་དུ་བྱེད་པ། གནོད་སྦྱིན་མོའི་ནོར་འགུགས་པ། ཐམས་ཅད་དབང་དུ་བྱེད་པ། བྲན་དུ་འགྱུར་བ། འབྲུ་འཕེལ་བ།


GLG001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བང་མཛོད་མི་ཟད་པ། སྔར་མ་མཐོང་བའི་བུད་མེད་དང་། རྒྱལ་པོའི་བཙུན་མོ་འགུགས་པ། བལྟས་པ། བྱིན་པ། བརྒྱབ་པ། རེག་པས་དབང་དུ་འགྱུར་བ། མི་འབྲལ་བ། རྒྱལ་པོ་དབང་དུ་བྱ་བ། ཌཱ་ཀི་ཐམས་ཅད་འོང་བ་སོགས་ལས་ཕྲན་ཚེགས་བསྟན་པའི་སྐོར། དབང་གི་སྦྱིན་སྲེག་གི་ལག་ལེན་སྔ་མ་ཆེན་པོ་ས་སྐྱ་པའི་ཕྱག་བཞེས་སྐུ་གསུང་ཐུགས་ཀྱི་རབ་གནས་ཀྱི་ཞལ་གདམས་ཟིན་བྲིས། ཙཀྲའི་རབ་གནས་བྱ་ཐབས་བ་རི་ལོ་ཙཱ་བའི་གདམས་ངག །བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བསྡུས་པ་བར་གཅོད་མི་འབྱུང་ཞིང་ལས་མྱུར་བ་ཡིན་གསུང་བའི་མཐའ་ཅན། ཌཱ་ཀི་མའི་འགྲོ་བ་དབང་སྡུད་ཀྱི་གདམས་པ་ཞེས་པ་དབང་དྲག་གི་མན་ངག་ཞལ་གདམས་དང་བཅས་པ་གནང་ངོའི་མཐའ་ཅན། འགོར་ན་མོ་བུདྡྷ་ཨ་མོ་གྷ་སིདྡྷི་ཞེས་ཡོད་པའི་འཁོར་ལོས་བསྒྲུབ་བྱ་འགུགས་པ་སོགས་བ་རི་ལོ་ཙཱ་བའི་གདམས་པ་དཔལ་ལྡན་ས་སྐྱ་པའི་ཞལ་གདམས་བོད་དུ་ཐོན་པའི་མན་ངག་ལ་འདི་ལས་ཟབ་པ་མེད་དོའི་མཐའ་ཅན། འཁོར་ལོའི་ཡི་གེ་ལ་གཏོར་མ་འབུལ་བའི་ཞལ་གདམས་བླ་༼གློ༽མ་ས་སྐྱ་པ་ཆེན་པོའི་ཕྱག་བཞེས། གནོད་སྦྱིན་རིན་ཅེན་སྒྲུབ་པའི་ཨུ་པ་དེ་ཤ །འགོར་ཝ་ཤཾ་ཀུ་རུ་ཧོ་གྲོ་ག་མཛུབ་གང་པ་གཅིག་ལ་ཞེས་པའི་འཁོར་ལོའི་མན་ངག་གསུང་ཚད་མ་གྲུ་བཞིར་བྱའོའི་མཐའ་ཅན། འགོར་གྲོ་ག་མཛུབ་གང་ལ་ནང་དུ་སོར་བདུན་ཙམ་ཞེས་པའི་འཁོར་ལོའི་བྲི་ཐབས་སྦ་བའི་མན་ངག་བཟླ་ཚེ་སྦྲེལ་ནས་བཟླ་ཞེས་པའི་མཐའ་ཅན། དབང་གི་ཙཀྲའི་ཞལ་གདམས་ནམ་མཁའ་མཛོད་ཀྱིས་གདམས་པ་ཉུང་ལ་འདུས་པ་ཁྱད་དུ་འཕགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་གནད་བོད་དུ་འགྱུར་བའི་གདམས་པ་ཟབ་པ་ནུས་པ་ཆུང་


GLG001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྲོ་བའི་གནད་ཡིན་ནོའི་མཐའ་ཅན། འགོར་ཡར་ཚེས་བརྒྱད་ལ་རྗེས་གནང་ཞུའོ་ཡོད་པའི་ཞལ་གདམས་ཟིན་བྲིས་ཇི་ལྟ་བ་བཞིན་དུ་འགྲུབ་བོ་རྫོགས་སོའི་མཐའ་ཅན། ཌཱ་ཀི་མའི་གདམས་པ་རྫུན་མི་སྨྲའོའི་མཐའ་ཅན། ཌཱ་ཀི་མའི་སྲོག་སྙིང་ཁོང་ནད་ཕྱུང་པ་བ་རི་ལོ་ཙཱ་བའི་གདམས་པ་ཆིག་བརྒྱུད། བླ་མ་བ་རི་པས་སག་ཐང་པ་དང་དོལ་པོ་བསོད་ནམས་འཕེལ་ལ་གནང་བའི་ཌཱ་ཀི་མ་སྒྲུབ་པའི་ལག་ལེན་ཞེས་པ་འཁོར་ལོ། བཟླས་སྒོམ་མཆོད་གཏོར་ལག་ལེན་གའུ་གཞུང་དང་མཐུན་ཞེས་པ་རྣམས་བསྟན་པ། རྟགས་ཀྱི་ཡི་གེ་༼གློ༽བ་རི་ལོ་ཙཱ་བ་བོད་དུ་འབྱོན་ཁར་བླ་མ་རྡོ་རྗེ་གདན་པས་གནང་བ། གཞན་དབང་དུ་བྱེད་པའི་གདམས་པ་རིན་པོ་ཆེའི་ཞལ་གདམས་མཐར་ཐུག །ཚེ་བསྲིང་བའི་ཐབས། དེའི་ཞལ་ཤེས་པདྨ་ཁ་སྦྱོར་གྱི་ཏིང་འཛིན། རྒྱས་པའི་གཏོར་མའི་ཕྱག་བཞེས་དཔལ་ལྡན་ས་སྐྱ་པཎྜི་ཏའི་ཁྱད་པར་གྱི་མན་ངག །དྲག་པོའི་འཕྲིན་ལས་བསྒྲུབ་པར་འདོད་པས་འགྲུབ་ནས་དབེན་པར་སྦའོའི་མཐའ་ཅན། བླ་མ་ལ་ཕྱག་དང་མཎྜལ་ཕུལ་ནས་ལུང་འབོགས་པའི་གདམས་པ། ཆུ་དང་ཕྱག་རྒྱའི་ཉིན་བསྲུང་མཚན་བསྲུང་གི་མན་ངག་དེའི་ཡི་གེ་མཆན་བུ་དང་བཅས་པ་བར་དུ་གཅོད་པ་རྣམས་སྲུང་ཤིག་གི་མཐའ་ཅན་རྣམས། མན་ངག་འདིའི་མཇུག་ཏུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས། གྲུབ་པའི་དབང་ཕྱུག་ས་སྐྱ་པའི་དབང་སྡུད་མན་ངག་ཁྱད་པར་ཅན། སྙན་བརྒྱུད་ཞལ་གདམས་མ་གཏོགས་པ། །ཐུན་མོང་ཆོས་སྐོར་ཚང་བར་བཞུགས། །སྣོད་ལྡན་སློབ་མ་འགའ་ཙམ་ལས། །གཞན་ལ་རྒྱ་ཆེར་སྤེལ་མི་བྱ། །རྡོ་རྗེ་ལྟ་བུར་རྟོགས་དཀའ་ཞིང་། །རྟོགས་ན་ཡིད་བཞིན་ནོར་


GLG001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ཆོས། །དེས་ན་འདི་ལྟའི་ཟབ་དོན་ལ། །མཁས་པས་གཅེས་སྤྲས་བྱ་བར་རིགས། །ཞེས་གསུངས་པ་ལྟར་ཤིན་ཏུ་ཟབ་ཅིང་དཀོན་པའི་ཆོས་འདི་སྙིང་གི་ཐིག་ལེར་འཆང་བའི་འོས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། ཁམས་གསུམ་འགྲོ་བ་དབང་བྱད་ཀག་ཆོལ་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་༼གློ༽མཁས་པ་ཡོན་ཏན་ཁྲིས་མཛད་པ། དབང་སྡུད་ཀག་ཆོལ་མའི་ཨཱ་ལི་ཀཱ་ལིའི་སྔགས་རིང་འདྲི་བཟླས་ཀྱི་མན་༼གློ༽ངག་ས་སྐྱ་པཎྜི་ཏས་དག་ཅིང་གསལ་བར་མཛད་པ། ཀག་ཆོལ་ཆེན་མོའི་རྩ་བའི་ཐོ་ཡིག་བརྗེད་བྱང་ཙམ་དུ་ཤྲཱི་ཨཱ་ནནྡ་གརྦྷས་རྗེ་ས་ཆེན། མཛད་པ། དེས་མཛད་པའི་དེ་འགྲེལ་ཊཱི་ཀ་སྦས་པ་མིག་འབྱེད་གསེར་གྱི་ཐུར་མ། འཁོར་ལོའི་རབ་གནས་བྱ་བའི་མན་༼གློ༽ངག་ཞལ་གདམས་དང་བཅས་པ་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། དེས་བཀོད་པའི་བདེ་བ་རྒྱས་བྱེད་མའི་སྐུ་༼གློ༽ལ་བརྟེན་པའི་དབང་གི་ནང་སྒྲུབ་ཟབ་མོ། གསང་སྒྲུབ་ཐ་ཆེན་གྱི་ཙཀྲའི་མན་༼གློ༽ངག་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། དེས་མཛད་པའི་གནད་འབེབས་༼གློ༽ཉི་ཟླའི་འཁོར་ལོའི་གདམས་པ། མཁའ་འགྲོ་མའི་སྤོགས་ཆོག་གིས་གནད་ལ་དབབ་༼གློ༽པའི་མན་ངག་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། དེས་མཛད་པའི་སྦྱིན་སྲེག་བྱ་བའི་མན་ངག་༼གློ༽བླ་མའི་ཞལ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན། ཡུལ་བདག་དབང་དུ་བསྡུ་བའི་ཞལ་གདམས་བ་རིའི་མན་ངག་རྗེ་ས་སྐྱ་པའི་གདམས་པ། འགོར་བཟླས་པའི་སྔགས་ཀྱི་མན་ངག་ནི་ཞེས་ཡོད་པའི་སྔགས་ཀྱི་འབྱིན་འཇུག་གི་ཡི་གེ་ལས་དེ་གཞན་དུ་འགྱུར་བའི་ཕྱིར་རོའི་མཐའ་ཅན། གསལ་བྱེད་ཉི་མའི་འཁོར་ལོའི་བསྡུས་དོན་རང་བསྲུང་ངོའི་མཐའ་ཅན། མ་འགྲུབ་སྤོགས་པའི་ཆོ་ག་མཉམ་པར་བཞད་


GLG001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་མཐའ་ཅན། འཁོར་ལོ་བལྟ་བ་ཚིགས་ཀྱི་ཞལ་གདམས་སྨིན་མཚམས་སུ་རེག་པའོའི་མཐའ་ཅན། མ་འགྲུབ་གནད་འབེབས་ཀྱི་འཁོར་ལོ་གཅེས་པར་ཟུང་གི་མཐའ་ཅན། འགོར་ཁོ་བོའི་བླ་མ་འདི་སྐད་གསུང་ཞེས་པ་ཡོད་པའི་ཕོ་མོ་གནད་འབེབས་ཀྱི་འཁོར་ལོ། འགོར་ཕྱི་སྒྲུབ་འཁོར་ལོ་ཆེན་མོ་ཞེས་ཡོད་པའི་གནད་འབེབས་ཉི་ཟླའི་གདམས་པ། འགོར་བླ་མའི་ཞལ་གདམས་འདྲི་བར་བྱ་ཞེས་པ་ཡོད་པའི་ཕོ་མོ་གནད་འབེབས་ཀྱི་འཁོར་ལོའི་ཞལ་གདམས་ས་སྐྱ་པ་ཆེན་པོའི་ཞལ་གྱི་གདམས་པ་མ་བུ་འདི་རྣམས་བྲིས་པ་ལགས་ཀྱི་མཐའ་ཅན། འགོར་དངོས་གྲུབ་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་མཐའ་ཅན་འཁོར་ལོའི་གསང་བའི་སྒྲུབ་ཐབས་ཐེ་ཚོམ་མེད་དོའི་མཐའ་ཅན། དེའི་ཞལ་གདམས་བླ་མ་ས་སྐྱ་པའི་གདམས་ངག་ནོར་བུ་རིན་པོ་ཆེ་ཕག་མོ་གྲུབ་པ་ལ་གནང་བ། ཐ་ཆེན་འཁོར་ལོའི་ཡི་གེ་དབང་བསྡུས་དམ་པ། འགོར་བླ་མ་བདེ་ཆེན་ལྷག་པའི་ལྷ་ཞེས་ཡོད་པའི་མཁའ་འགྲོ་མའི་རྗེས་སྒྲུབ་གཤེན་བདེ་བའི་རྡོ་རྗེས་བླ་མ་ས་སྐྱ་པ་ཆེན་པོར་ཞུས་པ་ཁྱད་པར་གནད་ཀྱི་གདམས་པའོའི་མཐའ་ཅན། དེའི་གསལ་བྱེད་འགོར་མཁའ་འགྲོ་བདེ་བ་རྒྱས་བྱེད་ཀྱི་སྐུ་ཞེས་ཡོད་པའི་ཞང་བཙུན་སག་ཐང་པའི་ཞལ་གདམས། འཕྲིན་ལས་མྱུར་དུ་སྒྲུབ་པ་དབང་གི་རླུང་འཁོར་ཟབ་མོ་དང་༼གློ༽རླུང་ལྷ་ལས་ལ་གཞུག་པ་སོགས་གབ་པའི་མན་ངག་ས་སྐྱ་པའི་ཞལ་གདམས། འགོར་དཔལ་འཁོར་ལོ་བདེ་མཆོག་དང་ཞེས་ཡོད་པའི་ཨའི་གདམས་པ་ཟུར་གཅིག་འདྲི་བ་ཨཱ་ལི་གནད་ཀྱི་གདམས་པ་རིན་ཅེན་ཡིད་བཞིན་ནོར་བུ་བླ་མའི་བཀའ་རྒྱ་ཅན། དེའི་


GLG001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་འགོར་སྤྱིར་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཞེས་ཡོད་པ་དབང་གི་གདམས་པའི་མཐའ་ཅན། ཨཱ་ལིའི་སྦྱིན་སྲེག་གཤེན་གྱི་ལུགས། རྗེ་ས་ཆེན་དང་འགྲོ་མགོན་ཕག་མོ་གྲུབ་པ་གཉིས་ཀྱི་ཞུ་བ་༼གློ༽ཞུ་ལན་ཨཱ་ལི་ཀཱ་ལི་ལས་སྣ་ཚོགས་ལ་འཇུག་པ་ཞེས་པའི་གདམས་པ་ལེའུ་ཉི་ཤུ་རྩ་བརྒྱད་པ། འདོད་རྒྱལ་ཡབ་ཡུམ་སྦྲགས་ཏེ་སྒྲུབ་པའི་མན་ངག་ལག་ལེན་དུ་དྲིལ་བའི་ནག་པོ་འགྲོ་ཤེས་བཤེས་གཉེན་གྲ་བོ་རིན་ཅེན་ཕན་གྱི་དོན་དུ་སྔགས་འཆང་རྒྱལ་པོ་དཔལ་གྱིས་མཛད་པ། དེའི་ཞལ་ཤེས་དེ་ཉིད་ཀྱིས་མཛད་པའི་ས་སྐྱ་པའི་གདམས་པ་ཁྱད་པར་འཕགས་པ་འཛམ་གླིང་གསེར་གྱིས་བཀང་བ་ལས་ཆེས་ཆེར་དགའ་བ། ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟུར་འདེབས་འཇམ་དབྱངས་མགོན་པོས་མཛད་པ། དབང་སྡུད་ལས་ཀྱི་འཁོར་ལོའི་འགྲེལ་༼གློ༽པ་འགྲོ་བའི་སྲོག་སྙིང་འགུགས་པའི་ལྕགས་ཀྱུ་རྫོགས་བྱང་གི་མཐའ་ཅན། ཁྱད་པར་གྱི་སྒྲུབ་ཐབས་ནོར་བུ་གསལ་འབར་སྙིང་གི་ཐིག་ལེའི་དང་མ་དྲུང་ནམ་མཁའ་བཟང་པོས་བསྐུལ་ནས་རིན་པོ་ཆེ་བསོད་ནམས་རྒྱལ་བ་མཆོག་དབྱངས་ཀྱི་གསུང་ལས་སྐྱེད་པའི་རིག་པ་འཛིན་པ་རི་ཁྲོད་དབང་པོས་བསམ་གཏན་གླིང་དུ་མཛད་པ། མཁན་ངག་ཆོས་པའི་གསན་ཡིག་ན་བསམ་གཏན་གླིང་པ་དཔལ་ལྡན་བཟང་པོས་མཛད་ཅེས་སྣང་། འདི་གསེར་ཆོས་ཤིན་ཏུ་ཟབ་པའི་ཚིགས་བརྒྱུད་དུས་གཅིག་ལ་སློབ་མ་གཅིག་ལས་མི་སྟོན་པའི་བཀའ་རྒྱ་ཅན་ཡིན་ཏེ། བདག་ཆེན་རྡོ་རྗེ་འཆང་གི་གསུང་ལས། སྙིང་དང་འདྲ་བའི་གདམས་པ་འདི། །སྣོད་ལྡན་སློབ་མ་གཅིག་ལ་ནི། །བསྟན་པར་བྱ་ཡི་གཞན་དུ་མིན། །གསང་སྟེ་ཉམས་སུ་བླང་བར་རིགས། །


GLG001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་ས་གཅད་གཉིས་པ་འདི་བཀའ་དོག་པར་མཛད་པའི་རྒྱུན་མ་ཉམས་པར་ཡིད་ཀྱི་དྲན་གསོར་བསྟེན་པར་རིགས་སོ། །གསུམ་པ་དཀར་ཆག་ཏུ་མ་བཞུགས་པ་ལ། དབང་བསྡུས་འདོད་པའི་རྒྱལ་པོའི་མན་ངག་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་པདྨ་རཱ་གའི་ཆུན་པོ་ཚར་པ་རྡོ་རྗེ་འཆང་གིས་མཛད་པ། འགོར་རྩ་བའི་འཁོར་ལོ་འདི་ལ་ཞེས་པའི་འཁོར་ལོའི་བྲི་ཡིག་ཟིན་བྲིས་གསང་བ་ནི་གཅིག་ལ་ཡིན་ནོའི་མཐའ་ཅན། འགོར་འདོད་པའི་རྒྱལ་པོའི་བསྙེན་པ་བྱ་བར་འདོད་པས་ཞེས་པའི་འདོད་རྒྱལ་གྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གཏོར་མ་བྱ་ཁྱི་དང་མི་གཞན་ལ་མི་སྦྱིན་ནོའི་མཐའ་ཅན། བྱིན་རླབས་ཀྱི་ལུང་བླང་པའི་གསལ་བྱེད་ཚ་རོང་བ་རིན་ཅེན་རྣམ་རྒྱལ་གྱིས་མཛད་པ། འདོད་རྒྱལ་ཡབ་ཡུམ་གྱི་རྗེས་གནང་གཅེས་སྤྲས་སུ་མཛད་པ་༼ངག༽རྗེ་དབང་ཕྱུག་རབ་བརྟན་གྱི་གསུང་ལས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཟིན་ཐོར་བཏབ་པ། དེས་མཛད་པའི་གསང་སྔགས་སྒྲའི་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་༼ངག༽ཞར་བྱུང་ཐུན་མོང་གི་རྗེས་གནང་དང་བཅས་པ། ཉི་ཟླ་འཁོར་ལོའི་རིག་པ་བནྡེ་བསམ་གཏན་གླིང་པས་གཞན་ལ་ཕན་པའི་སེམས་ཀྱིས་མཛད་པ་རྣམས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ན་བསམ་གཏན་གླིང་པ་ཕྱི་མ་ཞེས་སྣང་བ་ནོར་བུ་གསལ་འབར་མཛད་མཁན་དང་གཅིག་གམ་སྙམ། དཔེ་རིས་སྐོར་ལ། སྒྲུབ་པའི་མཎྜལ་མི་འདྲ་བ་གསུམ། རབ་གནས་ཀྱི་མཎྜལ་འདྲ་མིན་གསུམ། གཏོར་མའི་མཎྜལ་ཞི་རྒྱས་དབང་དྲག་ཕྱི་སྒྲུབ་ཀྱི་འཁོར་ལོ་བཞི། དྲག་པོའི་འཁོར་ལོ་འདྲ་མིན་གཉིས། ཡང་ས་ཆེན་གྱི་བཞེད་པ་དང་མཐུན་


GLG001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག །ལས་བཞི་སྒྲུབ་པའི་འཁོར་ལོ་ཁ་སྦྱོར་བཞི། སྦས་པ་མིག་འབྱེད་ནས་གསུངས་པའི་རྒྱས་པའི་འཁོར་ལོ། ཕོ་མོ་གནད་ཀྱི་འཁོར་ལོ་བཞི་ཡོད་པའི་རྗེ་བཙུན་རིན་པོ་ཆེའི་གསུང་དང་མཐུན་པ་དང་པོ། ཕག་གྲུའི་བཞེད་པ་དང་མཐུན་པ་གཉིས་པ། དཔེ་རིས་རྙིང་པ་ཁོ་ན་ལ་ཐུགས་གཙིགས་སུ་མཛད་པ་གསུམ་པ། གསུམ་པའི་མུ་ཁྱུད་ཀྱི་སྔགས་དུམ་བུ་གསུམ་དུ་བྱས་པ་བཞི་པ། གནད་འབེབས་ཉི་ཟླའི་འཁོར་ལོ་རིགས་མི་གཅིག་པ་གསུམ། དྲིལ་སྒྲུབ་ལ་དགོས་པའི་ཐ་ཆེན་འཁོར་ལོ། གསང་སྒྲུབ་ཐ་ཆེན་འཁོར་ལོ། ནང་སྒྲུབ་ཡབ་རྐྱང་དང་ཡུམ་རྐྱང་གི་འཁོར་ལོ་རེ། རླུང་འཁོར་དང་བཅས་པའི་རྗེས་གནང་ལུང་མན་ངག་ཕྱག་ལེན་དམར་འཁྲིད་དུ་ཐོབ་པ་ལས་ཐུན་མོང་བའི་རྗེས་གནང་གི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། ཡུམ་བདེ་བ་རྒྱས་བྱེད་མ། གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། གྲུབ་ཆེན་ལ་ལཱི་ཏ་བཛྲ། པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། བླ་མ་རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ་སྠ་བི་ར། བ་རི་ལོ་ཆེན། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་གི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། མཁས་གྲུབ་ཆེན་པོ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། དབོན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཡབ་སྲས་གཉིས་ཀ་ལ་རྡོ་རྗེ་འཆང་དབང་རབ་ཀྱིས་གསན། དེ་ནས་ཁྱབ་བདག་མགོན་པོ་


GLG001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཆོག་ལྡན། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྡོ་རིང་རིན་པོ་ཆེ་ནས། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་མན་འདྲ། ཡང་ན་ཚར་ཆེན་ཡབ་སྲས་གཉིས་ནས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྗེ་དབང་རབ་མན་འདྲ། ཡང་ན་རྗེ་མཁྱེན་བརྩེ་ནས། དྲང་སྲོང་དཀའ་བཞི་པའི་སྲས་གཞོན་ནུ་སྟོབས་ལྡན། རྗེ་དབང་རབ་མན་འདྲ། ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་མཁྱེན་བརྩེ་ནས། མཁས་གྲུབ་གཞོན་ནུ་སྟོབས་ལྡན་འོད་ཟེར། རྗེ་དབང་རབ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ངག་གི་རྟགས་ཅན་མ་གཏོགས་པའི་རྟགས་ཡོད་མེད་ལ་མ་བལྟོས་པའི་ལུང་ཕྱག་ལེན་དང་བཅས་པའི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ནས། མཁས་གྲུབ་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་རབ་མན་ཟུར་ཆོས་དབྱིངས་རང་གྲོལ་བཞུགས་པ་ལྟར་རོ། །བ་རི་བས་སག་ཐང་པར་གནང་བའི་ཆོས་སྐོར་ནི། ཇོ་བཙུན་སག་ཐང་པ། རྡོ་རྗེ་གདན་པའི་གསན་ཡིག་ན་ལྕགས་ཐང་ཞེས་པ་སྣང་། རྗེ་སེ་ཆུང་པ། ས་ཆེན་མན་གོང་བཞིན་ནོ། །ངག་གི་རྟགས་ཡོད་པའི་ལུང་ནི། རིན་པོ་ཆེ་རྟ་ར་བ་དང་རྗེ་དབང་རབ་གཉིས་ནས། མཁན་ཆེན་ངག་དབང་ཆོས་གྲགས། འཁོན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ཐུན་མོང་བའི་རྗེས་གནང་དང་གློའི་རྟགས་ཡོད་པའི་ལུང་ནི། ཀུན་སྤངས་རྗེ་ནས། རྗེ་ཀུན་དགའ་གྲོལ་མཆོག །


GLG001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། བླ་མ་གཞོན་ནུ་འབུམ། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་པ། མཁན་ཆེན་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བདག་ཆེན་བཞི་ཐོག་པ་ཀུན་དགའ་དབང་ཕྱུག །བདག་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་ས་པཎ་ནས། ཁང་སྟོན་བསོད་ནམས་འབུམ། བག་སྟོན་གཞོན་ཚུལ་མན་འདྲ། ཡང་ན་ས་པཎ་ནས། ཤར་པ་ཤེར་འབྱུང་། དེའི་གཅུང་རྡོ་རྗེ་འོད་ཟེར། འདུལ་འཛིན་བསོད་ནམས་ཡེ་ཤེས། བླ་མ་བསོད་ནམས་དར། བག་སྟོན་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། གློ་བོ་མཁན་ཆེན། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག །པཎ་ཆེན་ཤཱཀ་མཆོག །བྲག་དཀར་སེམས་དཔའ་ཆེན་པོ། མཁན་ཆེན་བཀྲས་རྣམ་པ། རྗེ་གྲོལ་མཆོག་མན་འདྲ། དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ཛམ་དམར་སྲོག་སྒྲུབ་ཀྱི་སྐོར་ལ། ཡིག་རྙིང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་མཆན་མ་དང་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལྷན་ཐབས་ལྟར་སིནྡྷུ་རའི་དཀྱིལ་འཁོར་དུ་གནོད་སྦྱིན་དམར་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་པ་དམ་བཅའི་ལུང་དང་གཏོར་དབང་དོད་ཀྱི་ཆུ་སྦྱིན་བཅས་ནོད་ནས། ལུང་ལ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་ཡི་གེ་ལ་ནང་གསེས་ཀྱི་རྟེན་བཅའ་བ། བསྙེན་སྒྲུབ། ལས་ལ་བསྐུལ་བ་དང་བཅས་པ་བླ་མ་ཆེན་པོས་མ་སྦས་པར་དབལ་ཁ་གདངས་སུ་ཡི་གེར་བཀོད་པ་ས་མཐའི་མཐའ་ཅན། ལུང་བླང་བའི་མན་ངག་བླ་མའི་གསུང་བཞིན་དཔལ་


GLG001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ས་སྐྱར་སྦྱར་བ། འདི་ཡན་གྱི་མཆན་རྣམས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་ལ། དམ་བཅའི་མཆན་བུ་རྡོ་རྗེ་གདན་པས་མཛད་དོ། །ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་གསལ་བྱེད། གྲ་པ་དང་གསེར་ཆོས་ཀྱི་ཛམ་དམར་གཉིས་ཀྱི་རྗེས་གནང་ལྷན་ཅིག་པའི་ཕྱག་ལེན་གཞན་རྣམས་དཀྱུས་ཀྱི་ཡི་གེ་བཞིན་ནོའི་མཐའ་ཅན་དང་བཅས་པ་ལེགས་པར་ཐོབ་པའི་རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་དབང་ཕྱུག་བིཪྺ་པ། སློབ་དཔོན་ཤར་ཕྱོགས་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། གྷ་ཡ་དྷ་ར། བླ་ཆེན་འབྲོག་མི། བླ་མ་མངའ་རིས་བ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ། རྗེ་བཙུན་བརྩེ་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། བླ་མ་ཡར་སྒོམ་སེ་བོ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་གི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །མཁན་ཆེན་ནམ་མཁའ་ལྷུན་བཟང་། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རྗེ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཡབ་སྲས་གཉིས་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་མཁན་ཆེན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཚར་ཆེན་ནས། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། གུར་རྫོང་པ་ཆོས་འབྱོར་དཔལ་བཟང་། སྔགས་འཆང་གཞོན་ནུ་དོན་གྲུབ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་
བརྩེ་ནས། འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་རབ་མན་འདྲ།


previousཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་སོགས་ཀྱེ་རྡོར་གྱི་ཆོས་སྐོར་གྱི་ལུང་བརྒྱུད་སོགས།next