Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
རྟགས་སྣ་ཚོགས་ལས་སའི་རྟགས་ཅན་གྱི་ལུང་བརྒྱུད་སྐོར།
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousརྟགས་སྣ་ཚོགས་ལས་སའི་རྟགས་ཅན་གྱི་ལུང་བརྒྱུད་སྐོར།next

རྟགས་སྣ་ཚོགས་ལས་སའི་རྟགས་ཅན་གྱི་ལུང་བརྒྱུད་སྐོར།


GLG001_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སའི་རྟགས་ཡོད་དོ་ཅོག་གི་ལུང་བརྒྱུད་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །མཁན་ཆེན་ཞ་ལུ་པ་མན་འདྲ། ཞའི་རྟགས་ཀྱི་ལུང་ནི་མཁན་ཆེན་ཉིད་ལ་ཁོ་བོས་ནོས་ཁྲའི་རྟགས་ཡོད་དོ་ཅོག་གི་ལུང་ནི། མཁན་ཆེན་ཞ་ལུ་པ་ནས། མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཕའི་རྟགས་ཐོག་མཐའ་བར་གསུམ་དུ་ཡོད་པའི་ལུང་ནི། ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གསང་བདག་གཉིས་པ་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་སྙིང་དབུས་སུ་མི་འབྲལ་བའི་ཉམས་འཁྲིད་ཟབ་མོ་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་རབ། གླང་བུ་ཆོས་རྗེ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །དཀར་པོ་ཚེ་འཕེལ་གྱི་ཚེ་དབང་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་བསྙེན་དུས་ཀྱི་རྗེས་གནང་ཞལ་ངོ་ནང་བརྒྱུད་ལྟར་ལ། དེ་ནས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་རྒྱལ་བ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། ཀུན་སྤངས་རྗེ། ཚར་ཆེན། རྗེ་བོད་མཁར་བ། སྤྱན་ལྔ་མི་ཕམ་པ། ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་མགོན་བསོད་ནམས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་རྗེ་དབང་ཕྱུག་རབ་བརྟན་ནས། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། ཡང་ན་རྗེ་དབང་རབ་ནས། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་


GLG001_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །དཀར་པོ་ཚེ་སྒྲུབ་ཐུན་མོང་བ། སེར་པོ་བསོད་ནམས་སྒྲུབ་པ་ལྷ་ལྔ་མ། དམར་པོ་དབང་སྡུད། སྔོན་པོ་བགེགས་འཇོམས་རྣམས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་ཡན་བསྙེན་དུས་ཀྱི་རྗེས་གནང་ལྟར། དེ་ནས་ལོ་ཙཱ་བ་མཆོག་ལྡན་མཁན་ཆེན་ངག་དབང་ཆོས་གྲགས་དང་ལོ་པ་སྤྱན་ལྔའི་གསན་ཡིག་དང་མཐུན། མན་གདོང་བརྙན་ཅན་བཞིན་ནོ། །ཡང་ན་ཏ་ཐཱ་ག་ཏ་རཀྵི་ཏའི་གཞུང་ལས་ཀྱང་འཕྲིན་ལས་བཞིའི་སྐོར་སོགས་བསྟན་པས་བརྒྱུད་པ་དེ་ག་ལྟར་བགྲངས་ན་འཐད་པར་སེམས་མོད་འོན་ཀྱང་གསན་ཡིག་ཚང་མར་གསལ་ཁ་མ་བྱུང་བས་ཕྱོགས་འདི་ལ་ལྗགས་ཀྱི་དབང་པོ་རིང་དུ་རྐྱོང་བ་མཆིས་ན་དོགས་པའི་མདུད་པ་འགྲོལ་བར་གསོལ་ལོ། །ཡང་ན་གོང་དཀར་ལུགས་ཀྱི་གདོང་རྙན་ཅན་གྱི་བརྒྱུད་པ་མཆོག་ལྡན་པ་ཡོད་པ་ཇི་ལྟ་བའོ། །རྡོ་རྗེ་གདན་པ་དང་གསན་ཡིག་རྒྱ་མཚོ་ནས་བཤུས་པའི་རྗེ་མཁྱེན་བརྩེའི་གསན་ཡིག་དང་མཐུན། དཀར་པོ་ཚེ་འཕེལ་ཐུན་མོང་བ་དང་སེར་པོ་རྒྱས་བྱེད་ལྷ་ལྔའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས་གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་རྡོ་རྗེ་གདན་པ་ནས། རྗེ་རིན་ཆེན་རྣམ་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ནོར་སྒྲུབ་སེར་པོ་གཙོ་འཁོར་དགུ་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝཱ། པཎྜི་ཏ་ཤྲཱི་སིདྷ། ཨཱ་ཙཪྻ་གཉན་ཆེན་དཔལ་དབྱངས། རྒྱ་གར་


GLG001_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་རཱུ་པ། གཉན་ལོ་ཙཱ་བ་དར་མ་གྲགས། གླང་བན་ག་རོད། རྟོགས་ལྡན་མཚོ་དཀར་བ། སྤྱན་ལྔ་བསོད་ནམས་གྲགས་པ། རྗེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། ཚར་ཆེན་བློ་གསལ་རྒྱ་མཚོ། རིན་པོ་ཆེ་བོད་མཁར་བ་ནས། ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་བར་སྔར་བཞིན། དེ་ལ་བདག་གིས་ཞུས། ཡང་ན་ཚར་ཆེན་ནས། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། དཔལ་འབྱོར་གླིང་པ་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །རྗེ་བཙུན་གྲོལ་མཆོག་གིས་ཞི་རྒྱས་དབང་དྲག་གི་མགོན་པོའི་རྗེས་གནང་ཡངས་པ་ཅན་པ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་ལ་གསན་ཅིང་གོང་དཀར་རྡོ་རྗེ་གདན་པ་བརྒྱུད་པར་འདྲེན་བཞིན་དུ་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་དབུས་ཕྲུག་ཕུར་པ་དར་དང་། གཤོངས་མའི་སྔགས་པ་ལས་བརྒྱུད་ནས་གཉན་ལོ་མེད་ཁུལ་མཛད་འདུག་པ་ནི། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ཕྱག་བྲིས་མ་གོང་དཀར་གྱི་ཕྱག་དཔེ་ཁང་ན་ཡོད་པ་དེར་འཕགས་པ་ཡན་ལྔར་ལྟར་ལ། དེ་ནས་ལོ་ཙཱ་བ་མཆོག་ལྡན་ཞེས་ཡོད་པས་མཁས་པ་ཆེན་པོ་ལའང་འཁྲུལ་གཞི་བྱུང་བར་མངོན་ནོ། །བརྩེགས་ཞལ་ལམ་ཤི་ས་བསྟན་པའི་རྗེས་གནང་གི་བརྒྱུད་པ་ནི། བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་ཞལ་ངོ་ནང་བརྒྱུད་ལྟར་ནས་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་ལ་བདག་གིས་ཞུས་སོ། །ཡང་ན་བདག་ཆེན་ཀུན་དགའ་རིན་ཆེན་ནས། བདག་ཆེན་བློ་གྲོས་པ། རྗེ་དགེ་བ་རྒྱལ་མཚན།


GLG001_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་ཤེས་རབ་ཟླ་བ། རྡོ་རིང་རིན་པོ་ཆེ་མན་གོང་དང་འདྲ། ཡང་ན་རྡོ་རིང་རིན་པོ་ཆེ་ནས། སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་ཆོས་རྗེ་ས་པཎ་ནས། རོང་པ་རྒྭ་ལོ། སྲས་ཤེས་རབ་སེང་གེ །བླ་མ་བསོད་ནམས་ལྷུན་གྲུབ། བྲག་ནག་པ་ངག་དབང་གྲགས་པ། བླ་མ་དཔལ་ལྡན་ལེགས་དབང་། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། ཐུགས་སྲས་ཀླུ་དབང་གླིང་པ། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་མན་འདྲ། གནས་དབབ་བམ་སྤོགས་ཆོག་གི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་རྗེས་གནང་དང་ཨཱའི་རྟགས་ཡོད་པའི་ལུང་བརྒྱུད་ནི། བླ་མ་དམ་པ་ཡན་བསྙེན་དུས་ཀྱི་རྗེས་གནང་ཞལ་ངོ་ནང་ལྟར་ལ། དེ་ནས་བཞི་ཐོག་པ་བདག་ཆེན་ཀུན་དགའ་རིན་ཆེན། བདག་ཆེན་བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་རྒྱན་པ། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ལོ་པ་སྤྱན་ལྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །དཔལ་མགོན་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོར་གྲགས་པའི་རྗེས་གནང་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ཞར་བྱུང་དུ་ཁྱུང་ཞལ་ཅན་གསེར་གྱི་སྤུ་གྲིའི་སྒྲུབ་སྐོར་དང་། དཀར་ཆག་གིས་མ་ཟིན་པའི་ཤཱིའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝ། པཎྜི་ཏ་ཤཱི་ལ་སིདྷ། ཨ་ཙཪྻ་གཉན་ཆེན་དཔལ་དབྱངས། རྒྱ་གར་ཀ་མ་རཱུ་པ་


GLG001_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ལོ་དར་མ་གྲགས། གླང་བན་ག་རོད། གསན་ཡིག་ལ་ལར་བརྒྱུད་པ་ཡོངས་གྲགས་བྲིས་པ་སྣང་ཡང་། རྡོ་རིང་རིན་པོ་ཆེ་དང་རྗེ་མཁྱེན་བརྩེའི་གསན་ཡིག་མཐུན་པར་འདི་བཞིན་བྱུང་བས་ཐེ་ཚོམ་མི་བྱའོ། །རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ་ཚལ་མིན་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ། མཁན་ཆེན་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་བསྙེན་དུས་ཀྱི་ཞལ་ངོ་ནང་བརྒྱུད་བཞིན་ནོ། །དཔལ་མགོན་སེང་གེ་ནག་པོའི་རྗེས་གནང་དང་། བཛྲ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། གཤིན་རྗེ་གཤེད། ནག་པོ་ཆེན་པོ། བྲམ་ཟེ་མཆོག་སྲེད། ཨུ་པ་ལ། བྷ་སུ་རི་པ། རྡོ་རྗེ་གདན་པ། མི་འཁྲུགས་པ། དཔལ་ཏེ་བུ་དབང་ཕྱུག །སཱུཪྻ་པ། གྲུབ་ཆེན་ཤོལ་པོ་བ། རིན་པོ་ཆེ་སངས་རྒྱས་དབོན། ཞིག་པོ་རིན་པོ་ཆེ་སྟོན་ཚུལ། ཟུར་དབེན་པ། སྤྱན་སྔ་ཆོས་ཀྱི་གཞོན་ནུ། བླ་མ་དབང་ཕྱུག་སེང་གེ །རྗེ་བྱང་ཆུབ་རྒྱལ་མཚན། རིན་པོ་ཆེ་ཤེས་རབ་གྲགས། བླ་མ་རིན་ཆེན་རྒྱ་མཚོ། བླ་མ་དཔལ་རིན་སྐྱབས་རྗེ་ནམ་མཁའ་ཆོས་བཟང་། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། པཎ་ཆེན་འབུམ་རབ་འབྱམས་པ། ཆོས་རྗེ་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། སྔགས་འཆང་རྣམ་རྒྱལ་བཀྲ་ཤིས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བྲམ་ཟེ་ནག་པོ་མངགས་གཏད་ཀྱི་རྗེས་གནང་དང་བྲམ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། འཕགས་པ་རིན་པོ་ཆེ་ཡན་བསྙེན་དུས་ཀྱི་རྗེས་གནང་


GLG001_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལ། དེ་ནས་དམ་པ་ཀུན་དགའ་གྲགས། བརྒྱུད་ལུགས་འདི་ལོ་པ་སྤྱན་ལྔའི་གསན་ཡིག་ན་འདུག །བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆོས་རྗེ་བླ་མ་དམ་པ། བདག་ཆེན་ཀུན་རིན་པ། བཞི་ཐོག་བློ་གྲོས་པ། རྗེ་དགེ་རྒྱལ་བ། རྗེ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་རྗེ། མཁྱེན་བརྩེའི་ཞབས། རྗེ་བསོད་ནམས་ཆོས་འཕེལ། མཚུངས་མེད་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་བླ་མ་དམ་པ་ཡན་བསྙེན་དུས་ལྟར་ལ། དེ་ནས་བདག་ཆེན་ཀུན་རིན་པ་མན་ཀྱང་གོང་བཞིན་ནོ། །དེང་སང་ས་ལུགས་ནས་བརྒྱུད་པའི་རྗེས་གནང་ཡིན་ཁུལ་ལ་ཞལ་རྣམ་འགྱུར་བཅུ་གསུམ་ཞེས་རྣམ་འགྱུར་གྱི་ཐ་སྙད་འདོགས་པའང་ལུགས་འདི་ལ་ཡེ་མ་གྲགས་ཤིང་ཤ་བ་རི་པ་ནས་བརྒྱུད་པའི་རྣམ་འགྱུར་བཞི་ཞེས་པ་དང་འཁྲུལ་གཞི་བྱུང་བར་འདུག །སྒྲུབ་དུས་ཀྱི་མགོན་པོ་གཡས་གཡོན་མཐིང་ནག་ཏུ་བྱེད་པ་ཡིག་ཆ་ཁུངས་མ་ནས་བཤད་པས་མི་འཐད་པ་མ་ཡིན་ནའང་གཙོ་བོར་ཏ་ཐཱ་ག་ཏ་རཀྴི་ཏའི་བཞེད་པ་ལྟར་ཞལ་ཁྲ་ཅན་དང་། དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ཡོད་པ་སོགས་ཀྱི་རྣམ་དབྱེ་ཙམ་ཡང་མ་དོད་པ། གདོང་བརྙན་ཅན་ཕྱག་བཞི་པར་དེང་སང་རྗེས་གནང་གི་རྒྱུད་ཆད་ཀྱང་ཡོད་ཁུལ། ཡང་གདོང་བརྙན་ཅན་ཞབས་བཞི་ཡོད་པའི་བློས་བྱས། གནད་དབབ་དང་སྤོགས་ཆོག་གཅིག་པ་སོ་སོར་ཁ་ཕྲལ་ནས་གནད་དབབ་ཀྱི་མགོན་པོ་བརྩེགས་ཞལ་མ་དང་། སྤོགས་ཆོག་ལ་མ་ཧེའི་ཞལ་ཅན་ཞེས་དབྱེ་བ་འབྱེད་པ། དམག་དཔོན་མགོན་པོའི་ཁྱུང་ཞལ་ཞལ་བཞི་པོར་མི་ཐེ་ཡང་སྟེང་ཞལ་ཁྱུང་ཞལ་ཡིན་ཁུལ་དང་རྩ་ཞལ་ཁྱུང་དུ་འདོད་པ། གཏེར་མགོན་གཡས་
གཡོན་ཞལ་བྲམ་ཟེ་དང་སྟེང་ཞལ་བྲམ་ཟེར་བྱེད་པ། ཕྱག་མཚན་དར་ཁྲ་ཅན་སོགས་ལུགས་འདི་ལ་སྒྲོས་ཙམ་ཡང་མེད་པ་གྲངས་འདྲེན་པ། གཏོར་མ་ལ་བྲམ་ཟེ་ཤུགས་ལྡན་དང་ནག་པོ་བསྐྱེད་པའི་རྗེས་གནང་། ཁམས་ཕྱོགས་ནས་དེ་མོ་ལྷ་དབང་པར་བྱུང་ཟེར་བའི་བྲམ་ཟེ་དཀར་སེར་དམར་སྨུག་སོགས་གྲངས་ཉེར་གཅིག་ཙམ་གྱི་རྗེས་གནང་བྱེད་པ་སོགས་རྣམ་པར་མ་དག་པའི་ལུགས་དེ་རྣམས་བློ་དང་ལྡན་པ་ཀུན་གྱིས་ངན་སྐྱུགས་ཀྱི་ཕུང་པོ་བཞིན་དུ་དོར་བར་བྱ་བ་ནི་གནད་དམ་པའོ། །ཁུངས་དང་བརྒྱུད་ཚུལ་ཕྱག་ལེན་འདི་ཡིན་མེད་པའི་རྗེས་གནང་རེ་གཉིས་ནོས། བསྐང་གསོ་ཙམ་བློར་ཆུད་པ་ལ་མགོན་པོའི་གྲུབ་ཐོབ་ཀྱི་སྙན་པ་དང་ལྡན་པ་མང་མོད། ཁོ་བོ་ནི་གྲུབ་པ་ཐོབ་པ་ལྟ་ཅི་རྨི་ལམ་བཟང་པོ་ཙམ་བྱུང་བའི་གདེང་དང་མི་ལྡན་ནའང་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཟབ་མོའི་ཆོས་ཚུལ་རྣམས་ཁོང་དུ་ཆུད་པའི་གདེང་ཅུང་ཟད་ལྡན་པ་ནི་གོང་དུ་སྨོས་པ་དེ་ལགས་སོ། །


previousརྟགས་སྣ་ཚོགས་ལས་སའི་རྟགས་ཅན་གྱི་ལུང་བརྒྱུད་སྐོར།next