Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
ཚར་ལུགས་རྫོང་པོད་ཀྱི་ལུང་སོགས་ལེགས་པར་ནོས་པའི་ལུང་བརྒྱུད་སྐོར།
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousཚར་ལུགས་རྫོང་པོད་ཀྱི་ལུང་སོགས་ལེགས་པར་ནོས་པའི་ལུང་བརྒྱུད་སྐོར།next

ཚར་ལུགས་རྫོང་པོད་ཀྱི་ལུང་སོགས་ལེགས་པར་ནོས་པའི་ལུང་བརྒྱུད་སྐོར།


GLG001_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ལུགས་ལ་རྫོང་པོད་ཀྱི་ལུང་ལོགས་སུ་མཛད་པའི་སྲོལ་འདུག་པ་ལྟར་ནོས་པ་ལ། དཔལ་མགོན་ཙ་ཏུརྨུ་ཁ་བསྙེན་དུས་ཀྱི་རྗེས་གནང་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། རྫོང་ཆུང་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་མན་ངག་གི་ཡི་གེའི་ཐོ། དེ་ལས་བྱུང་བའི་གདམས་སྐོར་ལ། ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པ་གཉིས། དང་པོ་ལ། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་ཞལ་བཞི་པའི་དམ་ཚིག་དངོས་གྲུབ་བསྒྲུབ་པའི་ཐབས་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་གཉན་གྱིས་བསྒྱུར་བ། འགོར་རྒྱ་གར་གྱི་ཡུལ་དུ་ཆུ་བོ་


GLG001_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱ་དང་ཞེས་སོགས་ལོ་རྒྱུས་ཡོད་པའི་གོང་གི་ལག་ལེན་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བླ་མ་གཉན་གྱིས་མཛད་པ་ཟླ་བ་གཅིག་གིས་ལས་རྣམས་འགྲུབ་བོའི་མཐའ་ཅན། གཉིས་པ་རི་སུལ་གྱི་རྣལ་འབྱོར་ནས་བརྒྱུད་པ་ལ། རྩ་བའི་གཞུང་དེ་ལ་བརྟེན་པའི་མན་ངག་སྟེ་གཉིས། དང་པོ་ནི། སྒྲུབ་ཐབས་མཆན་བཤད། ཚར་ལུགས་བེའུ་བུམ་གྱི་ཡང་ངོའི་བརྒྱད་དང་ཞེས་པ་མན་མི་འདུག །མ་ཧཱ་ཀཱ་ལའི་སྔགས་ཀྱི་གནད་ཅེས་པ་ས་ཚར་ལུགས་བེའུ་བུམ་ན་མེད། གཅོད་ཀྱི་ཡི་གེ་ལས་ལ་བསྐུལ་བའི་སྔགས་ཡིན་ནོ་ས་མ་པ་ཐ་མི་ཐིའི་མཐའ་ཅན་ཞར་བྱུང་མནྡྲ་མ་ནུ་སོགས་ཀྱི་སྔགས་ཡོད་པ། རྡོ་རྗེ་ནག་པོ་ཆེན་པོའི་སྔགས་ཀྱི་ཐེམས་ཡིག་བསྟན་པ། མཆོད་པའི་དེ་ཁོ་ན་ཉིད་བསྟན་པ་ནིར་ཡ་ཕུ་ལན་བཙན་མཆོད་པའི་མན་ངག་ཚར་ལྕགས་གླེགས་བམ་ན་མེ་ཏོག་བཞི་སྦྱོར་གྱི་སྐེད་པར་འདུག་པ་ཟུར་དུ་ཕྱུང་བ་ཡིན་འདུག །གསུང་ངོའི་མཐའ་ཅན། སྔགས་ཀྱི་ཁ་སྐོང་ཆད་འཇུག་བསྟན་ཚར་ལུགས་བེའུ་བུམ་ན་མེད། པ་བྲིས་པ་མེད་དོའི་མཐའ་ཅན་རྣམས། གཉིས་པ་དེ་ལ་བརྟེན་པའི་མན་ངག་ལ། ལོ་རྒྱུས། མཆོད་ཆོག །རྗེས་གནང་། བསྙེན་སྒྲུབ་ལས་གསུམ་མན་ངག་ཕྲན་ཚེགས་དང་ལྔ། དང་པོ་ནི། འགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ་གདམས་ངག་འདིའི་ལོ་རྒྱུས་ནི་བླ་མ་བེན་ཏ་པ་ཞེས་ཡོད་པའི་བླ་མ་གཉན་གྱིས་ཆོས་སྐྱོང་བཙལ་བའི་ལོ་རྒྱུས་གདོང་བཞི་པའི་ནུས་པ་ཡིན་གསུང་བའི་མཐའ་ཅན་ཞར་བྱུང་གཉན་ལ་ཕུར་པ་དར་གྱིས་ཞུས་ཚུལ་དང་བཅས་པ། གཉིས་པ་མཆོད་ཆོག་ལ། རྒྱུན་དུ་མཆོད་པ་གཏོར་མའི་ཆོ་ག་ཁྱད་པར་དུ་མཆོད་པ་སྐོང་གི་ཆོ་ག་དང་གཉིས། དང་པོ་ལ། འགོར་ན་མོ་ཏཱ་ར་དཔལ་མགོན་པོ་གདོང་བཞི་བའི་མགོན་པོ་མཆོད་པ་ནི་ཞེས་ཡོད་པའི་མཆོད་གཏོར་གཉན་


GLG001_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཉེ་གནས་དར་མ་སེང་གེ་ལ་བྱིན་པ་རྫོགས་སོའི་མཐའ་ཅན། དེའི་ཁ་སྐོང་འགོར་འདི་སྒྲུབ་པའི་གང་ཟག་དེས་ཞེས་ཡོད་པའི་རྡོ་རང་བྱུང་གྲུ་གསུམ་སོགས་འགོད་ཚུལ་དགེ་སློང་གཉན་གྱི་གདམས་ངག་གོའི་མཐའ་ཅན། འགོར་ན་མོ་གུ་རུ་ཡི་དམ་གང་བྱེད་དུ་བསམ་ལ་ཞེས་ཡོད་པའི་གཙོ་འཁོར་གསུམ་པའི་སྒྲུབ་༼མ༽ཐབས་གཉན་གྱི་མན་ངག་དྷརྨ་པཱ་ལ་ཨུ་པ་དེ་ཤ་འི་སུ་རུང་རུང་ལ་མི་སྟོན་ནོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་སིདྡྷཾ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་དཔལ་མགོན་པོ་གདོང་བཞི་པ་ཡབ་ཡུམ་གྱི་མཆོད་གཏོར་ཞེས་ཡོད་པའི་གནམ་ཁའུ་པས་མཛད་པའི་སྒྲུབ་པའི་ལས་ཁྲིགས་ཞལ་གཟིགས་ནས་བསྟོད་པ་འོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་འདི་སྒྲུབ་པར་འདོད་པས་བྱང་ཆུབ་ཀྱི་སེམས་ཞེས་ཡོད་པའི་ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས་འཕྲིན་ལས་བཅོལ་གསུང་ངོའི་མཐའ་ཅན། ས་པཎ་གྱིས་མཛད་པའི་བསྟོད་པ་དཔལ་ལྡན་དབང་ལྡན་མ། འཕགས་པ་རིན་པོ་ཆེས་མཛད་པའི་བསྟོད་པ་སངས་རྒྱས་གཅིག་བསྡུས་མ། སྔགས་འཆང་གཟུངས་པས་མཛད་པའི་བསྟོད་པ་སྐུ་གསུམ་མངོན་གྱུར་མ། དམོད་བསྐུལ་ཡོན་ཏན་རྫོགས་མ། ངོར་ལུགས་དང་མཐུན་ཚར་ལུགས་ལ་དབུའི་མཆོད་བརྗོད་ཤླཽ་ཀ་གསུམ་དང་ཚིག་གཅིག་པོ་དེ་མེད། གཟུངས་པས་བསྟོད་པའི་ཐུན་གསུམ་མ། ཟུར་ཤཱཀྱ་དཔལ་གྱིས་བསྟོད་པའི་རབ་འཇིགས་དུར་ཁྲོད་མ་རྣམས། གཉིས་པ་ཁྱད་པར་དུ་མཆོད་པ་སྐོང་གི་ཆོ་ག་ལ། མ་ཧཱ་ཀཱ་ལའི་རྟེན་གཟུགས་པའི་མན་ངག་ཅེས་པ་སྤྱན་འདྲེན་ལྷ་མཆོག་མ། ཚར་ལུགས་དང་གོང་དཀར་ལུགས་གཉིས་ཀ་ལས་ཉུང་བ་འདུག་པ་ཡིག་རྙིང་སོར་བཞག་ཏུ་མངོན། བསྐང་གསོ་


GLG001_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་མཐུན་མ། སྟོབས་ཆེན་ཤུགས་དྲག་མ་དང་བཅས་པ། མགོན་པོས་ཞལ་གཟིགས་ནས་གནམ་ཁའུ་པར་གནང་བའི་མདོས་ཆོག །འགོར་བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ་རི་རབ་བང་རིམ་བཞི་བྱེད་པའི་ལུགས་ལ་ཞེས་ཡོད་པའི་མདོས་ཤོམ་རྒྱས་ཚར་ལུགས་བེའུ་བུམ་ན་མེད། པ་ཆོས་རྗེ་ཨཱ་ནནྟ་མ་ཏིས་མཛད་པ་ཤིན་ཏུ་གསང་བ་གལ་ཆེ་འོའི་མཐའ་ཅན། གསུམ་པ་རྗེས་གནང་ལ། འགོར་ཨོཾ་སྭ་སྟི་ནག་པོ་ཆེན་པོའི་ལུང་སྦྱིན་པ་ནི་འབྱོར་ན་ཚོགས་ཀྱི་འཁོར་ལོ་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་གཉན་གྱིས་མཛད་པ། གདམས་པ་འོའི་མཐའ་ཅན། འགོར་ཏཱ་ར་ན་མོ་འདིའི་རྗེས་གནང་ལ་དོན་གསུམ་སྟེ་ཞེས་ཡོད་པའི་རྗེས་གནང་གི་ཡི་ཚར་ལུགས་བེའུ་བུམ་ལ་མཆན་ཡོད་པ་འདིར་འདུག །གེ་རྗེ་བཙུན་ཆེན་པོས་མཛད་པ་སྦྱར་བ་ཡིན་ནོའི་མཐའ་ཅན། འགོར་ཨོཾ་སྭསྟི་སིདྡྷཾ་སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་དང་ཞེས་ཡོད་པའི་རྗེས་གནང་གི་ཡི་ཚར་ལུགས་བེའུ་བུམ་ན་མེད། གེ་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གིས་བསྐུལ་བ་ལ་བརྟེན་ནས་ཨ་ནནྟ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲས་དཔལ་ངམ་རིང་རྩེར་བྲིས་པ་རྣམས། རྩ་བའི་བཞི་པ་བསྙེན་སྒྲུབ་ལས་གསུམ་ལ། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་དངོས། དེའི་གསལ་བྱེད་ཀྱི་ཡི་གེ་ཕྲ་མོ་དང་གཉིས། དང་པོ་ལ། ཡབ་ཡུམ་སྦྲགས་མའི་བསྙེན་བསྒྲུབ་ལས་གསུམ་དང་། ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་སྟེ་གཉིས། དང་པོ་ལ། འགོར་མ་ཧཱ་ཀཱ་ལའི་མན་ངག་ལ་བསྙེན་སྒྲུབ་གཉིས་ཞེས་ཡོད་པའི་གཙོ་འཁོར་གསུམ་ལ་བརྟེན་པའི་བསྙེན་བསྒྲུབ་མནན་གསུམ་གྱི་མན་ངག་གཉན་གྱིས་མཛད་པ་གསོད་ན་ཀླུ་གནས་སར་སྦའོའི་མཐའ་ཅན། འགོར་མ་ཧཱ་ལ་ཙ་ཏུརྨུ་ཁ་ཨུ་པ་དེ་ཤ་ཞེས་ཡོད་པའི་གཙོ་འཁོར་གསུམ་ལྔ་གཉིས་གའི་བསྙེན་བསྒྲུབ་ལས་


GLG001_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚར་ལུགས་ལ་ས་ཆེན་གྱིས་མཛད་པར་བཞད། གྱི་ཡི་གེ་དེའི་སྙིང་གར་བསྣུན་པར་བྱའོའི་མཐའ་ཅན། དེའི་གསལ་བྱེད་འགོར་ཨོཾ་སྭསྟི་སིདྡྷཾ་རྡོ་བ་ནག་པོ་མི་གཅིག་གི་ཐེག་མི་ཐེག་གཅིག་ཅེས་ཡོད་པའི་ཡི་གེ་༼མ༽རྙིང་པ་ཚར་ལུགས་བེའུ་བུམ་ན་མེད། མན་ངག་དམ་པའོའི་མཐའ་ཅན། མགོན་པོ་སྒྲུབ་དུས་ཀྱི་ལས་ཁྲིགས་རྩད་ནས་ཆོད་ཅེས་བརྗོད་དོའི་མཐའ་ཅན། དེ་གཉིས་གའི་གསལ་བྱེད་འགོར་བླ་མ་དང་མགོན་པོ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་མགོན་པོ་སྒྲུབ་དུས་ཀྱི་ལས་ཁྲིགས་ལ་གསུམ་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་གྱི་ལས་ཁྲིགས་ཆེན་མོ་ཚར་ལུགས་ལ་འདི་གཟུངས་པས་མཛད་པར་བཞེད། ཤི་བ་ལ་སོགས་པའི་ལས་ངེས་པར་འགྲུབ་པོ་ས་མ་པ་ཐ་མིའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་དཔལ་ལྡན་མགོན་པོ་གདོང་བཞི་པ་བསྙེན་ཅིང་སྒྲུབ་པར་འདོད་པས་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་གྱི་ལས་ཁྲིགས་ནག་པོ་འགྲོ་ཤེས་སུ་གྲགས་ཚར་ལུགས་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པར་བཞེད། པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པ་སྒྲུབ་པ་དང་ལས་སྦྱོར་གྱི་ཡིག་ཆུང་མ་སྤེལ་གསང་བར་བྱའོའི་མཐའ་ཅན་རྣམས། གཉིས་པ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་ནི། འགོར་ན་མོ་གུ་རུ་བླ་མ་གཉན་གྱི་མན་ངག་ཆིག་བརྒྱུད་མ་ཞེས་ཡོད་པའི་ཡུམ་སྲིན་མོ་ལས་མཁན་གྱི་སྒྲུབ་ཐབས་༼མ༽དམ་ཚིག་མེད་པ་ལ་གསང་བར་བྱའོ་མཐའ་ཅན། གཉིས་པ་དེའི་གསལ་བྱེད་ཀྱི་ཡི་གེ་ཕྲ་མོ་ལ། ཐུན་མོང་དུ་གསལ་བྱེད་དང་། སོ་སོར་གསལ་བྱེད་གཉིས། དང་པོ་ལ། འགོར་ཨོཾ་སྭསྟི་ཞལ་གྱི་གདམས་པ་འདི་ལ་ཞེས་ཡོད་པའི་གཉན་གྱི་གདམས་པ་དོན་དྲུག་པ་སྐད་ངན་ཙེར་གྱིས་འོང་ངོའི་མཐའ་ཅན།


GLG001_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་དཔལ་ལྡན་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ལོ་སྒྲུབ་པ་པོ་ལ་ཞལ་བཞི་པའི་མགོན་པོ་འགོ་བར་འདོད་པས་ཞེས་ཡོད་པའི་ཞལ་གདམས་དོན་ལྔ་མ་བཞི་ལས་མང་བ་ལ་མི་སྤེལ་བའི་བཀའ་རྒྱ་ཡོད་དོའི་མཐའ་ཅན། འདིའི་ཁྱད་པར་གྱི་དམ་ཚིག་ཡི་གེ་གསང་བར་བྱ་བ་རྣམས་ཡིན་ནོའི་མཐའ་ཅན། འགོར་ཏཱ་ར་ན་མོ་མགོན་པོ་ལ་ཕ་ལྟར་བཀུར་ཞེས་ཡོད་པའི་ཆོས་སྐྱོང་བསྟེན་ཐབས་གནད་ཡིན་ནོའི་མཐའ་ཅན། འགོར་བླ་མ་གཉན་ལོའི་ཞལ་གདམས་ཞེས་ཡོད་པའི་གཏོར་མ་བཅའ་ཐབས་རྒྱུན་གྱི་ཐུན་འཚམས་སའི་མཐའ་ཅན། འགོར་ཡར་ངོའི་བརྒྱད་དང་ཞེས་ཡོད་པའི་གཏོར་མ་གཏོང་ཐབས་ནང་པར་གཏང་ངོའི་མཐའ་ཅན་རྣམས། གཉིས་པ་སོ་སོར་གསལ་བྱེད་ལ། འགོར་ཏཱ་ར་ན་མོ་མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ནི་ཕྱི་རྟེན་དུ་གཡག་ནག་ཅེས་ཡོད་པའི་རྟེན་གྱི་མན་ངག་ཅེས་བྱ་བ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་རྟེན་བཅའ་ཚུལ་གཉན་གྱིས་མཛད་པ་སུ་ཐོད་ཐོད་ལ་བསྟན་པར་མི་བྱའོ་མཐའ་ཅན། འགོར་མ་ཧཱ་ཀཱ་ལའི་རྟེན་བཅའ་ཐབས་རྡོ་ནག་པོ་ཞེས་ཡོད་པའི་ནང་རྟེན་གྱི་གསལ་བྱེད་བཅུ་བཞི་ལ་མ་ཆག་པ་གོང་བཞིན་ནོའི་མཐའ་ཅན། འགོར་གཏུམ་པོ་རང་བསྲུང་གི་འཁོར་ལོ་དང་ཞེས་ཡོད་པའི་གསང་རྟེན་གྱི་གསལ་བྱེད་གསེར་སྲང་བཞི་ཕུལ་ཅེས་གྲགས་སོའི་མཐའ་ཅན། འགོར་རྟེན་བཅའ་ཐབས་ལ་གྲི་སྙིང་འཁོར་ལོ་ཞེས་ཡོད་པའི་ཡི་གེ་འགོར་འདིའི་གནད་ལ་བླ་མ་ཆོས་རྗེ་ཞེས་ཡོད་པའི་རྟེན་བཅའ་ཐབས་ཀྱི་གནད་ཀྱི་གསལ་བྱེད་མཐོལ་ལོ་བཤགས་ཀྱི་མཐའ་ཅན། འགོར་བསྲུང་འཁོར་ལ་མུ་ཁྱུད་ཅེས་ཡོད་པའི་སྔགས་འདྲི་ལུགས་ཨུ་པ་དེ་ཤ་འོའི་མཐའ་ཅན། སྔགས་རིང་གི་བར་བར་དུ་འདྲི་ལུགས་ཡོད་པའི་


GLG001_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་འཁོར་གྱི་སྔགས་བྱང་གཡས་བསྐོར་དུ་འདྲིའི་མཐའ་ཅན། འགོར་ཆོས་སྐྱོང་གི་གནད་ཀྱི་ཡིག་ཆུང་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་ཕྱག་གི་ཁྱད་པར་སྟོན་པ་རྣམ་སྨིན་ཆེ་གསུང་ངོའི་མཐའ་ཅན། འགོར་རྟེན་གྱི་མདུན་དུ་ཞེས་པའི་འབུལ་རྫས་ཤ་ཚིལ་ལ་སོགས་པ་འོའི་མཐའ་ཅན། འགོར་ཏཱ་ར་ན་མོ་ལུང་རྗེས་སུ་ནོད་པའི་པུཥྤེ་ཞེས་ཡོད་པའི་མེ་ཏོག་བཞི་སྦྱོར་རྙིང་པའི་པུཥྤེ་འོའི་མཐའ་ཅན། འགོར་བཟླས་ལུང་གི་མེ་ཏོག་ཅེས་ཡོད་པའི་མེ་ཏོག་བཞི་སྦྱོར་གྱི་མན་ངག་འི་མཐའ་ཅན། འགོར་མཆོད་པའི་སྤོས་སྦྱོར་གྱི་ཆོ་ག་ཞེས་ཡོད་པའི་ཡི་གེ་ལུས་སྦྲིད་པ་ལ་སོགས་འབྱུང་ངོའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་དཔལ་མགོན་གདོང་བཞི་བའི་བསྙེན་སྒྲུབ་ཅེས་ཡོད་པའི་ཐུན་མོང་གི་བསྙེན་སྒྲུབ་ཚར་ལུགས་འཕགས་པས་མཛད་པར་བཞེད། གུར་ལས་གསུངས་སོའི་མཐའ་ཅན། ཐུན་མོང་མ་ཡིན་པའི་བསྙེན་པ་རིག་པ་འཛིན་པ་འཕགས་པས་གསང་སྒྲུབ་ཏུ་མཛད་པ། འགོར་སྔགས་ཀྱི་གནད་ནི་བསྙེན་སྔགས་ཞེས་ཡོད་པའི་ཡི་གེ་དག་པར་བཟླས་སོའི་མཐའ་ཅན། འགོར་རྗེ་བཙུན་གྱི་ཞལ་ནས་ཞེས་ཡོད་པའི་སྒྲུབ་པའི་མན་ངག་མི་བཏུབ་གསུང་ངོ་ས་མ་པ་ཐ་མིའི་མཐའ་ཅན། ཚར་ལུགས་ལ་འདི་གཉིས་ཆོས་ཚན་གཅིག་ཏུ་མཛད། འགོར་དུས་རྟག་ཏུ་བསྙེན་པ་བྱ་ཞེས་ཡོད་པའི་གློ་བུར་ལས་བཅོལ་གྱི་མན་ངག་མི་འགྲུབ་མི་སྲིད་དོའི་མཐའ་ཅན། འགོར་ལས་སྦྱོར་ལིང་ག་ལ་ཐུན་རྣམས་ཞེ་སྡང་ཞེས་ཡོད་པའི་བསྙེན་བསྒྲུབ་ལས་གསུམ་གྱི་རྟགས་མཚན་དམོད་མོ་བརྗོད་དོའི་མཐའ་ཅན། གཏོར་མའི་བཀྲ་བརྟག་བྱ་རོག་མི་འཁོར་ཞེས་ཡོད་པའི་ཚིག་རྐང་དྲུག་པ། འགོར་རྩ་བའི་འཁོར་ལོ་ནི་རྩིབས་དྲུག་ཅེས་ཡོད་པའི་འཁོར་ལོའི་བྲི་ཐབས་


GLG001_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ས་བོན་བྱེད་པས་གསུང་ངོའི་མཐའ་ཅན། འགོར་མན་ངག་འདིའི་བསྲུང་འཁོར་འདྲི་བར་འདོད་ན་ཞེས་ཡོད་པའི་ཡི་འདི་དཀར་ཆག་ན་མི་གསལ་པ་གོང་གི་འཕྲོས་ཡིན་ནམ་སྙམ། གེ་ངེས་པར་འགྲུབ་གསུང་པའི་མཐའ་ཅན། ས་ཡི་ཡཾ་སོགས་འཁོར་ལོའི་སྔགས་བྲི་གསུང་ངོའི་མཐའ་ཅན། འགོར་འཁོར་ལོའི་སྐབས་སུ་རྩིབས་དྲུག་ཅེས་ཡོད་པའི་འཁོར་ལོའི་མན་ངག་རྫོགས་པར་འབྲིི་གསུང་ངོའི་མཐའ་ཅན། འགོར་ཐུན་མོང་མ་ཡིན་པའི་གདམས་པ་ཞེས་ཡོད་པའི་ཞལ་གདམས་ཐུན་བརྡེག་གོའི་མཐའ་ཅན། འགོར་ལིང་ག་ནི་འཁོར་ལོ་ཅན་ཞེས་ཡོད་པའི་འཁོར་ལོ་དང་ལིང་གའི་ཞལ་གདམས་མི་སྤེལ་གསང་བར་བྱའོའི་མཐའ་ཅན། འགོར་ཏཱ་ར་ན་མོ་བསྙེན་བསྒྲུབ་གཉིས་ལ་མ་ར་ཡའི་མཐའ་མེད་ཅེས་ཡོད་པའི་ཡང་གསང་ཐུགས་ཀྱི་ཉིང་ཁུ་ལིང་ག་ལའོའི་མཐའ་ཅན། ཁ་སྦྱོར་དབྱེ་བའི་མན་ངག་འདི་ནི་རབ་ཏུ་གསང་ངོའི་མཐའ་ཅན། འགོར་ལས་སྦྱོར་གྱི་ཚེ་ཞེས་ཡོད་པའི་དམོད་པ་ལས་སྦྱོར་བཅུག་ལ་བྱ་འོའི་མཐའ་ཅན། མངོན་སྤྱོད་གསང་ལས་སྒྲུབ་པའི་ཡི་གེ་གསང་སྔགས་རྣམ་པ་གཅིག་པས་ཟབ་བོའི་མཐའ་ཅན། ནག་པོ་ཆེན་པོའི་སྒོང་ཟོར་གྱི་ཡི་གེ་ལས་ཀྱི་མཐར་ཐུག་བླ་མ་གཉན་གྱི་མན་ངག་འི་མཐའ་ཅན། འཕང་བ་ཁྱུ་མཆོག་ཟོར་གྱི་ལས་འབྲིང་ཡིན་ནོ་གཉན་གྱི་ཨུ་པ་དེ་ཤའི་མཐའ་ཅན། འགོར་ལས་མཐའི་སྦྱིན་སྲེག་བྱེད་པར་འདོད་པས་འབྲུབ་ཁུང་ཁྲུ་གང་པ་བརྩིགས་ཞེས་ཡོད་པའི་ཡི་གེ་སྦྱིན་སྲེག་གི་ཆོ་ག་འི་མཐའ་ཅན། འགོར་ལས་མི་བྱེད་ན་ཞེས་ཡོད་པའི་ཤི་ས་བསྟན་པ་གར་ཐོད་ཐོད་དུ་མི་རུང་ངོ་གསང་ངོའི་མཐའ་ཅན། འགོར་མ་ཧཱ་ཀཱ་ལ་ལ་ན་མོ་དང་པོར་ཆོས་ཐམས་ཅད་ཅེས་ཡོད་པའི་བདག་བསྐྱེད་ཀྱི་ཡི་གེ་ཨཀྵོ་བྷྱས་དབུ་བརྒྱན་ནོའི་


GLG001_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཅན། འགོར་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ཞེས་པའི་རྩ་དབུ་མའི་མན་ངག་རྩུབ་པས་ཚོད་བླང་གིན་བྱའོ་གར་ཐོད་ཐོད་བུ་མི་བྱ་གདམས་ངག་ཡིན་ནོའི་མཐའ་ཅན། འགོར་རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ཞེས་ཡོད་པའི་ལྷ་མོ་ནག་མོའི་ཞལ་གདམས་ཤོག་༼མ༽དྲིལ་བཀའ་རྒྱ་མའི་མན་ངག་གོའི་མཐའ་ཅན་རྣམས། ལྔ་བ་མན་ངག་ཕྲན་ཚེགས་ལ། འགོར་སྲིའུ་གསོ་ན་ཁམས་ཕོར་ཞེས་ཡོད་པའི་ཡི་གེ་ཆུང་བ་མན་ངག་གོའི་མཐའ་ཅན། འགོར་འདིའི་ཐུན་མོང་མ་ཡིན་པའི་ཞེས་ཡོད་པའི་སྲིའུ་གསོ་བའི་གདམས་པ་ཆེ་བ་བྲམ་ཟེ་ཁ་སྤུ་ཅན་གྱི་མན་ངག །འགོར་ཏཱ་ར་ན་མོ་ནག་པོ་ཆེན་པོ་ཞེས་ཡོད་པའི་ལས་རྒྱས་པ་ཡིད་བཞིན་ནོར་བུའི་མན་ངག་ཀུན་ལ་ཁ་ལོ་སྒྱུར་བ་ཡོང་གི་མཐའ་ཅན། འགོར་ཁམས་གསུམ་དབང་དུ་སྡུད་པ་ཞེས་ཡོད་པའི་གྲི་ལག་དབང་གི་ལས་ཤིན་ཏུ་ཟབ་པའི་མཐའ་ཅན། ནག་པོ་ཆེན་པོས་བསྒྲུབ་བྱ་དབང་དུ་བྱ་ཐབས་རྫས་སྐད་ཤན་སྦྱར་བ་ངེས་པར་འོང་ངོའི་མཐའ་ཅན། འཁོན་ནག་ཟས་སུ་ཟ་བའི་གདམས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ། འགོར་ཤྲཱི་མ་ཧཱ་ཀཱ་ལ་ཙ་ཏུ་རྨུ་ཁ་ཡེ་ཞིང་སྐྱོང་འདིའི་སྒོ་ནས་ཞེས་ཡོད་པའི་ལྟས་ངན་གཏོང་བ་ཆིག་བརྒྱུད་མ་གཏོགས་བཀའ་རྒྱ་མའོ་ཤིན་ཏུ་གཉན་ནོའི་མཐའ་ཅན། བྱ་འུག་རྟ་ནག་གི་སྙིང་དང་ཕག་ཐོད་ལ་བརྟེན་ནས་ལྟས་ངན་གཏོང་བ། འགོར་ཏྭ་ར་ན་མོ་གྲོང་ཁྱེར་བསྐྱོད་པའི་སྔགས་ལ་ཞེས་ཡོད་པའི་བསྐྲད་པའི་ལས་མཐར་ཐུག་གོའི་མཐའ་ཅན། དེའི་ཞལ་ཤེས་དམིགས་པའི་འཁོར་ལོ་དྲི་མར་བཅས་སོགས་ཚིག་རྐང་དྲུག་མ། དེའི་འཕྲོས་ལས་ཞལ་ཤེས་འཁོར་དུ་མི་གཞུག་གོའི་མཐའ་ཅན། ངག་མནན་པའི་ལས་མཐར་ཐུག་པ་གཉན་གྱི་གདམས་ངག་འི་མཐའ་ཅན། མ་ཧཱ་བ་ལ་ལ་བརྟེན་


GLG001_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདྲེ་གནོན་པ་བཙན་ཐབས་སུ་མནན་པའི་མན་ངག་འི་མཐའ་ཅན། གཏུམ་པོའི་ཤྭ་ཟློག་ལྔའི་བར་གྱིས་བཟློག་གོའི་མཐའ་ཅན། མགོན་པོ་ལ་རང་དང་སློབ་མ་དང་རྫས་དང་ཡོ་བྱད་སོགས་གཏོད་པ་གསོལ་བ་གདབ་བོའི་མཐའ་ཅན། གཙུག་ལག་ཁང་གཏོད་པ་རྒྱས་པར་བྱ་འོའི་མཐའ་ཅན། དེའི་ལག་ལེན་གསལ་བྱེད་གཙུག་ལག་ཁང་གི་རྟེན་ཞེས་ཡོད་པའི་ཡི་གེ་ཆོ་ག་འོའི་མཐའ་ཅན། གནས་དང་མལ་ཆ་ནོར་རྫས་བསྲུང་བ་ཆོ་ག་འོའི་མཐའ་ཅན། མགོན་པོའི་གསང་བ་བྱེད་པ་འདི་དཀར་ཆག་ན་མི་གསལ། མཚན་མ་མ་བྱུང་གི་བར་དུ་བྱ་འོ་གསང་བའི་ཆོ་ག་འོའི་མཐའ་ཅན། འགོར་འདིའི་དམ་ཚིག་གསོ་བ་ནི་རང་ལྷག་པའི་ལྷའི་ཞེས་ཡོད་པའི་ཡི་གེ་བླ་མ་གནམ་ཁའུ་བ་གསུང་གི་མཐའ་ཅན། འགོར་དཔལ་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ་ཉམས་ཆགས་སམ་འཆི་ལྟས་བྱུང་བའམ་ཞེས་ཡོད་པའི་གཏོར་སྐྱོང་གི་ཡི་གེ་བསྐང་བཤགས་ཆོ་ག་འོའི་མཐའ་ཅན། སྤྱོད་ལམ་དབང་དུ་བྱ་བའི་ཆོ་ག་རྫོགས་སོའི་མཐའ་ཅན་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་འཕགས་མཆོག་ཀླུ་སྒྲུབ་ཞབས། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ་དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། བླ་ཆེན་གཉན། གནམ་ཁའུ་པ་དར་མ་རྒྱལ་མཚན། རྗེ་བཙུན་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཞང་སྟོན་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། དཔལ་ལྡན་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་པ། ཆོས་རྗེ་དགེ་ལེགས་བཟང་པོ། ཆོས་རྗེ་ཨཱ་ནནྟ་མ་ཏི། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། ཚར་


GLG001_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་འཆང་། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཡབ་སྲས་གཉིས་ཀ་ལ་མཁན་ཆེན་བསླབ་གསུམ་དང་རིན་པོ་ཆེ་རྟ་ར་བ་གཉིས་གས་གསན། ཡབ་སྲས་བཞི་ག་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེ་ནས་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ནས། མཐུ་ཆེན་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། ས་སྐྱ་ཁྲི་ཆེན་ཀུན་དགའ་བསོད་ནམས། དེ་སྲས་འཁོན་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །མའི་རྟགས་ཡོད་པ་རྣམས་མ་གཏོགས་པའི་ལུང་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་ཕྱུག་བརྟན་ནས། ལོ་པ་སྤྱན་ལྔ་ཀུན་དགའ་དོན་གྲུབ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་མན་འདྲ། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་རྒྱ་གར་ནས་བསྟན་སྲུངས་བརྒྱ་རྩ་ཙམ་གདན་དྲངས་པའི་ནང་ནས། གཙོ་བོར་གྱུར་པ་སྟོབས་འཕྲོག་ནག་པོ་གདོང་བཞི་པའི་བཀའ་སྡོད་བཤན་པ་དམར་ནག་གཉིས་སུ་གྲགས་པའི་ཤིན་ཏུ་མྱུར་བ་ཤུ་ཀྲ་ནག་པོའི་སྐོར་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོས་རོང་ཤམྦྷ་ར་ཆོས་རྗེ་ཀུན་དགའ་རྒྱལ་མཚན་ལ་གསན་པའི་སྙན་གསན་ཕུལ་ཚུལ་སོགས་ལམ་གླུ་ཆེན་མོར་གསལ་བ་ལྟར་ཡིན་ནའང་དེང་སང་རྒྱུན་བཞུགས་པར་མི་མངོན་ཞིང་། མཐུ་རྩལ་མཆོག་ཏུ་ཆེ་བ་ལས་མཁན་དམར་པོ་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་སྐོར་ལ་ཚར་བ་རྡོ་རྗེ་འཆང་གིས་མཛད་པའི་ཡི་གེའི་སྟེང་ནས་རྗེས་སུ་གནང་བ་སྨིན་རྒྱས་ལན་གཉིས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ།


GLG001_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མའི་སྐོར་དང་གཏེར་མའི་སྐོར་ཏེ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ་ཡོངས་གྲགས་སྤྱིའི་ཆོས་སྐོར་ལ། ཡིད་ཆེས་པ་ལོ་རྒྱུས། ནུས་ལྡན་དུ་བྱ་བ་རྗེས་གནང་། ཁུངས་བཙུན་པ་རྒྱུད། ཉམས་སུ་བླང་བ་སྒྲུབ་སྐོར། གོང་འོག་ཏུ་ཉེ་བར་མཁོ་བ་གཏོར་མདོས་བསྐང་བ། གཟུངས་དང་ཐུག་ཆེན་བཟུགས་པ། བསྟོད་བསྐུལ། ལས་ཚོགས་དང་བརྒྱད། དང་པོ་ལ། གནོད་སྦྱིན་བཤན་པ་ལྕམ་སྲིང་གི་ཆོས་སྐོར་བྱུང་ཚུལ་བླ་མ་རྣམས་ཀྱི་གསུང་སྒྲོས་ལྟར་གཉག་གི་བནྡེས་ཡི་གེར་བཀོད་པ། འགོར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྲོག་གི་བཤན་པ་མི་རེང་དམར་པོ་ཞེས་ཡོད་པའི་བརྒྱུད་པའི་ལོ་རྒྱུས་༼རིན༽མན་ངག་ལ་ཡི་གེ་གཅིག་ཀྱང་ཁྱད་མི་འདུག་གོའི་མཐའ་ཅན། འགོར་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ་བཤན་པ་སྒྲོལ་བྱེད་སྲོག་བདག་དམར་པོ་ལོ་རྒྱུས་ནི་ཞེས་ཡོད་པའི་བཤན་༼རིན༽པ་ལྕམ་དྲལ་གྱི་སྐྱེ་རྒྱུས་རྒྱ་བོད་དུ་དར་ཚུལ་གདམས་ངག་གཉན་གྱི་ལུགས་ཆེ་བར་གདའ་འོའི་མཐའ་ཅན་རྣམས། གཉིས་པ་ནུས་ལྡན་དུ་བྱ་བ་རྗེས་གནང་ལ། འགོར་ན་མོ་གུ་རུ་པདྨ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར་ཞེས་ཡོད་པའི་༼རིན༽རྗེས་གནང་གི་ཡི་གེ་ཀུན་མཁྱེན་དཔལ་ལྡན་སེང་གེའི་གསུང་སྒྲོས་མཇུག་ཏུ་བླ་མ་བརྒྱུད་པ་བཀོད་པ། འགོར་ཧ་ཡ་གྲཱི་ཝ་ལ་ན་མོ་བེག་ཙེ་ལྕམ་དྲལ་གྱི་གཏོར་དབང་ནི་ཞེས་ཡོད་པའི་༼རིན༽སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཡིག་རྙིང་གཏོར་དབང་ཡིག་ཆུང་འི་མཐའ་ཅན། གནོད་སྦྱིན་དྲེགས་པ་ལྕམ་བྲལ་གྱི་རྗེས་གནང་གི་ཡི་གེར་ཀུན་མཁྱེན་དཔལ་ལྡན་སེང་གེའི་ཐོ་ཡིག་ལས་ཅུང་ཟད་གསལ་བར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་འཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་པར་མཛད་དུ་གསོལ་གྱི་མཐའ་ཅན་རྣམས། གསུམ་པ་ཁུངས་


GLG001_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་བརྒྱུད་ལ། དམར་པོ་ཁྲག་གི་མདའ་འཕེན་མའི་ངན་སྔགས་བཤན་པ་དམར་མོའི་རྒྱུད་༼ཕ༽ལེའུ་དྲུག་པ་དམར་མོ་འཇིག་རྟེན་ཟ་བྱེད་མའི་རྒྱུད་རྫོགས་བྱང་གི་མཐའ་ཅན་རྒྱ་གར་གྱི་མཁན་པོ་ཤྲཱི་དྷ་ར་ཀྲ་ཤུ་དང་བོད་ཀྱི་ལོ་ཙཱ་བ་མར་པས་བོད་ཡུལ་དབུས་ཀྱི་གྲ་ཐང་གི་གཙུག་ལག་ཁང་དུ་བསྒྱུར་བ། འདི་གཉིས་ཕ་བོང་ཁ་པའི་ཕྱག་དཔེར་མཚན་ཞིབ་པར་འདུག་པའི་ལུང་ཡང་བྱུང་། སྲོག་བདག་དམར་པོའི་དྲག་སྔགས་བཤན་པ་སྒྲོལ་བྱེད་ཀྱི་རྒྱུད་༼ཕ༽ལེའུ་ལྔ་པ་ཤྲཱི་དྷ་ར་ཀྲ་ཤུ་དང་མར་པས་གྲ་ཐང་དུ་བསྒྱུར་བའོ། །བཞི་པ་ཉམས་སུ་བླང་བ་བསྒྲུབ་སྐོར་ལ། མོའི་སྒྲུབ་པ་དམར་མོ་ཁྲག་གི་མདའ་འཕེན་མའི་ངན་སྔགས་༼ཕ༽བཤན་པ་དམར་མོའི་སྒྲུབ་ཐབས་ཨཱ་ཙཪྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱི་དྷ་ར་ཀྲ་ཤུས་བསྒྱུར་བ། འདི་གཉིས་ཕ་བོང་ཁ་བའི་ཕྱག་དཔེར་མཚན་འདུག་པའང་ནོས། ཕོའི་སྒྲུབ་པ་སྲོག་བདག་དམར་པོའི་དྲག་སྔགས་བཤན་པ་སྒྲོལ་བྱེད་ཀྱི་སྒྲུབ་ཐབས་༼ཕ༽ཨཱ་ཙཪྻ་ཉི་མ་གྲགས་པས་མཛད་པ་ཤྲཱིདྷ་ཀྲ་ཤུ་དང་མར་པས་བསྒྱུར་བ། འགོར་གནོད་སྦྱིན་འདི་ནི་སྐྱེས་བུ་དབང་གི་མདོག་ཅན་ཞེས་ཀྱང་བྱ་ཞེས་ཡོད་པའི་བཤན་པ་དམར་པོའི་སྒྲུབ་ཐབས་༼ཕ༽དགྲ་བོ་དངོས་སུ་སྒྲོལ་བར་འགྱུར་གྱི་མཐའ་ཅན་ཨཱ་ཙཪྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱི་དྷཱ་ར་ཀྲ་ཤུས་བསྒྱུར་བ། འདིའི་མཇུག་ཏུ་རྒྱ་གར་བམ་སོ་དམར་པོ་ནས་ཉི་འོད་གྲགས་པས་བཏོན་ཚུལ་དང་དགྲ་ལ་མིག་བལྟས་པ་ཙམ་གྱིས་ཤི་བ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་དོ། །དམར་པོ་ཁྲག་གི་མདའ་འཕེན་མ་དང་བཤན་པ་དམར་མོའི་ངན་སྔགས་ཡབ་ཡུམ་སྦྲགས་ཏེ་༼ཕ༽གྲུབ་པ་གནས་གསར་གྱི་ཕྱག་དཔེར་ང་ཡི་ནོར་གྱི་རྟིང་ལ་རྒྱུག་མན་འབྲི་འཕྲོ་ལུས་འདུག །ཨཱ་ཙཪྻ་ཉི་མ་གྲགས་གྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན་ཤྲཱི་དྷར་ཀྲ་ཤུ་དང་མར་པས་གྲ་ཐང་དུ་བསྒྱུར་བ། སྲོག་བདག་དམར་པོ་བཤན་པ་གྲི་ཐོགས་ཀྱི་སྒྲུབ་ཐབས་༼ཕ༽


GLG001_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་སློབ་དཔོན་རྡོ་རྗེ་གྲགས་པས་མང་ཡུལ་བྱམས་སྤྲིན་མགོན་པོའི་ཐུགས་ཀར་སྦས་ནས་བསྟན་པའི་དོན་དུ་སྨོན་ལམ་བཏབ་པ་གནམ་ལྕགས་ཐོག་དམར། ཕོ་རྐྱང་སྒྲུབ་པ་གནོད་སྦྱིན་ར་ཞོན་ཡམ་ཤུད་དམར་པོའི་སྒེར་སྒྲུབ་༼ཕ༽གཉན་ལོས་མཛད་པ་བདག་གིས་བྲན་བཞིན་ཁོལ་བར་ཤོག་ཡམ་ཤུད་སྲོག་གི་སྒྲུབ་པ་རྫོགས་སོའི་མཐའ་ཅན། འགོར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ་སྲོག་བདག་དམར་པོ་བཤན་པ་གྲི་ཐོགས་སྒྲུབ་པར་འདོད་པས་གནས་ནི་རི་གསུམ་འདུས་པའམ་ཞེས་ཡོད་པའི་སྒྲུབ་ཐབས་མཇུག་ཏུ་བཅོལ་བའི་ལས་རྣམས་མ་ལུས་སྒྲུབ་པར་མཛོད་ཅེས་ཡོད་ལ་མང་དུ་ཐོས་པའི་བཙུན་པ་སེང་གེ་འབུམ་གྱིས་དཔལ་བྲག་རམ་གྱི་གཙུག་ལག་ཁང་དུ་སྦྱར་བ་གསང་བར་བྱ་འོའི་མཐའ་ཅན། འགོར་རྒྱ་གར་སྐད་དུ་དང་དུར་ཁྲོད་དམ་བྲག་དམར་པོའི་རྩར་བསྒྲུབ་སྟེ་ཞེས་ཡོད་པའི་གནོད་སྦྱིན་ལྕམ་སྲིང་གི་སྒྲུབ་ཐབས་དྲག་པོ་གནད་བསྐུལ་དང་བཅས་པ་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ་དགྲ་བགེགས་མ་ལུས་ཚར་གཅོད་པར་ཤོག་གི་མཐའ་ཅན་རྣམས། ལྔ་པ་གོང་འོག་ཏུ་ཉེ་བར་མཁོ་བ་གཏོར་མདོས་བཀང་བ་ལ། འགོར་ཆོས་སྐྱོང་བེག་ཙེ་ཅན་གྱི་གཏོར་མ་གཏོང་བར་འདོད་པས་ཞེས་ཡོད་པའི་རྟ་མགྲིན་གྱི་ཐུགས་ཀ་ནས་ལྷ་མོ་དང་དེའི་སྨིན་མཚམས་ནས་བེག་རྩེ་སྤྲོ་བའི་གཏོར་ཆོག་ཡིག་རྙིང་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད་ཀྱི་མཐའ་ཅན། འདར་ཕྱ་རུ་བ་རིན་ཆེན་དཔལ་བཟང་གིས་བྲག་རམ་ཆོས་གྲྭར་མཛད་པའི་བཀང་བ་ར་དམར་ཁྲག་ཆང་མ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བཀང་བ་ལྷ་མཆོག་སྒྲོལ་གིང་མ། ཨ་མོ་གྷས་མཛད་པའི་


GLG001_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་དུས་གསུམ་རྒྱལ་བ་མ། གཏོར་ཆོག་བསྡུས་པ་ཚར་ཆེན་གྱི་གསུང་རྒྱུན་མཐུན་རྐྱེན་ཐམས་ཅད་སྒྲུབས་ཀྱི་མཐའ་ཅན། དེའི་གསུང་རྒྱུན་གྱི་བཀང་རྫས་བྱིན་རླབས། ལྕང་སྤེ་བ་སེང་གེ་འབུམ་གྱིས་མཛད་པའི་བཀང་བ་བྱང་ཤར་དབང་ལྡན་མ། བཤགས་པ་བདེ་ཆེན་ཆོས་སྐུ་མ། བུདྡྷ་བྷ་དྲས་བསྟོད་པའི་གནོད་སྦྱིན་ཟངས་ཀྱི་བེག་ཙེ་མ། བུདྡྷ་ཝརྞས་མཛད་པའི་བསྟབ་པ་དབང་ལྡན་མ་རུ་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བཀང་བཤགས་རྒྱུན་ཁྱེར་རོལ་མོ་དྲག་ཏུ་བྱ་འོའི་མཐའ་ཅན། གནོད་སྦྱིན་ལྕམ་དྲལ་གྱི་ཐུགས་དམ་བཀང་པའི་ཆོ་ག་རྒྱས་པ་བྱང་ཤར་མྱ་ངམ་མ་ཤར་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཀྱི་ངོར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེས་ཨཱ་ཙཪྻ་ཉི་འོད་གྲགས་དང་གཉན་ལོ་སོགས་གོང་མ་རྣམས་ཀྱི་ཡི་གེ་འཐོར་པ་ཕྱོགས་གཅིག་ཏུ་བསྡེབས་ཏེ་མཛད་པའི་གནོད་བྱིན་ལྕམ་དྲལ་གྱི་ལས་བྱང་འཕྲིན་ལས་ལྷུན་གྲུབ་མ། གཏོར་མདོས་ལ་བརྟེན་ནས་སྲོག་བདག་དམར་པོ་བཤན་པ་སྒྲོལ་བྱེད་བཅོས་པའི་༼ཕ༽༼འདར༽ཐབས་ཕྱོགས་ཕྱོགས་མ་གཉན་ལོ་ཙཱ་བས་མཛད་པ་སྲོག་བདག་དམར་པོའི་བཀང་མདོས་རྫོགས་སོའི་མཐའ་ཅན། གནོད་སྦྱིན་བཤན་པ་ལྕམ་དྲལ་གྱི་གཏོར་ཟློག་༼སུ༽བོས་སོ་ཆོས་སྐྱོང་མ་དཔལ་ལྡན་འདར་ཕྱ་རུ་བ་རིན་ཆེན་བཟང་པོས་དཔལ་བྲག་རམ་གྱི་གཙུག་ལག་ཁང་དུ་མཛད་པ་རྣམས། དྲུག་པ་གཟུངས་དང་ཐུག་ཆེན་གཟུགས་པ་ལ། གནོད་སྦྱིན་ལྕམ་དྲལ་འཁོར་བཅས་ཀྱི་ཕྱི་རྟེན་གཟུགས་པའི་ལག་ལེན་གྱི་རིམ་པ་གཉག་གི་བནྡེ་བི་ཛ་བྷ་དྲས་དཔལ་ཉན་པོའི་གཙུག་ལག་ཁང་དུ་མཛད་པ། སྲུང་མའི་དབང་པོ་བེག་གདོང་ལྕམ་དྲལ་


GLG001_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུག་གསོ་བའི་ཆོ་ག་༼སུ༽སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བསྟན་པ་བྱང་ཤར་དབང་ལྡན་མར་གྲགས་པ་འདར་གྱི་བནྡེ་རིག་འཛིན་རྡོ་རྗེས་སྦྱར་བ་དང་བཅས་པའོ། །བདུན་པ་བསྟོད་བསྐུལ་ལ། ལྕང་སྦེ་བ་སེང་གེ་འབུམ་གྱིས་མཛད་པའི་བསྟོད་པ་རིག་པའི་ལྷ་མོ་མ། ཀུན་མཁྱེན་དཔལ་ལྡན་སེང་གེ་མུས་སྲད་དགོན་པར་སྦྱར་བའི་བསྟོད་པ་གང་གི་ཐུགས་རྗེ་མ། རིགས་འཛིན་རྟོགས་ལྡན་བློ་གྲོས་བཟང་པོས་བསྐུལ་བའི་ངོར་རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མུས་སྲད་གཙུག་ལག་ཁང་དུ་མཛད་པའི་བསྟོད་བསྐུལ་གནས་མཆོག་རྒྱ་གར་མ། གཉག་གི་བནྡེ་རྣམ་རྒྱལ་བཟང་པོས་བསྟོད་པའི་ཧ་ཧ་དགོད་པ་མ། རྒྱུད་ལས་བྱུང་བའི་བསྐུལ་གནོད་སྦྱིན་ཟངས་གྱི་བེག་ཙེ་༼ཕ༽མ་དང་རིག་པའི་༼ཕ༽ལྷ་མོ་མ། རྒྱ་གར་དམ་སྲི་མ། འཇམ་དཔལ་ཐུགས་ཀྱི་ཕོ་ཉ་མ། ཨེ་ཀ་ཛ་ཌི་མ། ལས་མཁན་སྲོག་བདག་མ། གྲི་ཐོགས་བརྒྱད། བཤན་པ་ཉེར་གཅིག །བཀའ་འཁོར་སྤྱི། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་དང་བཅས་པ་རྣམས་ཀྱི་བསྐུལ་༼ཕ༽གཉན་ལོས་བསྒྲིགས་པ། གནད་ནས་བསྐུལ་བ་མ་ཧཱ་དེ་ཝ་མ་རྣམས། བརྒྱད་པ་ལས་ཚོགས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། དམ་ཚིག་པ་བསྐྱེད་བསྟིམ། བསྙེན་པ། རྟགས། ལས་སྦྱོར། ཤི་ས། སྨྱོ་འབོག །ལྟས་ངན། བཅུན་ཐབས་རྣམས་ཀྱི་སྙིང་པོའི་མན་ངག་༼རིན༽ཨཱ་ཙཪྻ་ཉི་མ་གྲགས་ཀྱིས་མཛད་པ་ཤྲཱིདྷ་ར་ཀུ་ཤུས་བསྒྱུར་བ་དམ་ཉམས་ལག་ཏུ་མ་གཏང་ཞིག་གི་མཐའ་ཅན། དམར་པོ་ཁྲག་གི་མདའ་


GLG001_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་མའི་འཁོར་ལོའི་མན་ངག་༼ཕ༽འབྱུང་བ་རླུང་ལ་བརྟེན་ནས་བསྐོར་བ་སྨྱོ་འབོག་ལྕེབ་པར་འགྱུར་རོའི་མཐའ་ཅན། འདི་ལག་ཏུ་བླངས་ནས་དྲེགས་ལྡན་ཆམ་ལ་ཕབ་པའི་ཉམས་མྱོང་ཡང་ཅུང་ཟད་བདོག །འགོར་བསྟན་པ་བསྲུང་བའི་ལྷ་ལ་ཕྱག་འཚལ་ལོ་སྔགས་དང་རྫས་དང་ཏིང་ངེ་འཛིན་དང་ཞེས་ཡོད་པའི་༼ཕ༽གསད་པའི་ལས་སྦྱོར་དྷ་ར་ཀྲ་ཤུའི་ངན་སྔགས་ཞལ་ནས་གསུངས་པའི་བཀའ་རྒྱ་མ། ལིང་ག་མིང་བྱང་འདྲི་བའི་༼རིན༽རྫས་དང་སྨྱུ་གུའི་ངོས་འཛིན། འགོར་དགྲ་བོ་ལྷ་དང་དབྱེ་བ་ལ་སྤྱིར་དགྲ་ལ་ལྷ་ལྔ་ཞེས་ཡོད་པའི་ལྷ་དབྱེའི་མན་ངག་ལྷུན་བཟང་བདག་ལ་གནང་བ་ལགས་སོའི་མཐའ་ཅན། འགོར་ཨཱོཾ་ཨཱཿཧཱུྃ་ཡོད་པའི་སྔགས་བསྣལ་དཀྲུག་ཟློག་༼ཕ༽པ་སོགས་ཀྱི་ཟབ་གནད་གསད་པའི་སྔགས་འི་མཐའ་ཅན་རྣམས། གཉིས་པ་ཐུན་མོང་མ་ཡིན་པ་ལ། ཕྱི་ནང་གསང་བའི་བླ་རྡོའི་༼སུ༽མན་ངག་གཉན་ལོའི་ཚིག་བརྒྱུད་མ། བཤན་པ་དམར་པོའི་གསང་རྟེན་༼སུ༽བཅའ་ཐབས་ར་བན་ཆོས་དཔལ་གྱི་བརྗེད་བྱང་། འགོར་རང་ཡི་དམ་དུ་གསལ་བ་ཞེས་ཡོད་པའི་༼སུ༽བཟླས་པའི་གནད་མཐོ་བར་བྱས་ནས་ཡབ་རྦད་དོའི་མཐའ་ཅན། གནོད་སྦྱིན་ལྕམ་དྲལ་གྱི་བསྙེན་གྲུབ་ལས་གསུམ་ལག་ཏུ་བླང་བའི་རིམ་པ་ཧ་ལ་ནག་པོ་དུག་གི་སྤུ་གྲི་ཞེས་བྱ་བ་དབང་ལུང་ཐོབ་པའི་སྣོད་ལྡན་རེ་གཉིས་ལ་ཆིག་བརྒྱུད་མ་གཏོགས་མང་པོར་སྤེལ་ན་བཤན་པ་དམར་པོ་ལ་ཟས་སུ་གཏད་པའི་བཞེས་སྒྲ་དང་བཀའ་རྒྱ་ཤིན་ཏུ་དམ་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེས་མཛད་པའི་ནང་གི་རྣལ་འབྱོར་ལ་བརྟེན་ནས་བསྙེན་བསྒྲུབ་ལས་གསུམ་མྱུར་


GLG001_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་པའི་ཟབ་གནད་ཅན་རྒྱ་མཚོའི་ནང་གི་ནོར་བུ་དང་སྲོག་བྲལ་ལྟོ་བའི་གསེར་བཞིན་སྦ་བའི་ཆིག་བརྒྱུད་མ་མིང་ཙམ་ཡང་བརྗོད་པར་དཀའ་བའི་གདམས་པ། ཡབ་ཡུམ་སྲོག་འཁོར། སྒྲུབ་པའི་འཁོར་ལོ་ཁ་སྦྱོར། རླུང་འཁོར་གྱི་དཔེ་རིས་དང་བཅས་པ་རྣམས་ཕྱག་ལེན་དམར་འཁྲིད་ཉམས་སུ་མྱོང་བར་ནོས། གཉིས་པ་བྱེ་བྲག་གིས་སྐོར་ལ། གནོད་སྦྱིན་དམར་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་གསང་སྒྲུབ་བཀའ་རྒྱ་མ་སྙིང་ཁྲག་ཐང་ལ་ཕོ་ཞིག་གི་མཐའ་ཅན། གནོད་སྦྱིན་གདུག་པའི་ལས་སྦྱོར་ལ་བརྟེན་ནས་དགྲ་ལ་ཁྱི་དམག་དྲང་བ་བེ་རོ་ཙ་ནས་པཎྜི་ཏ་དྷ་ཙཎྜ་ལ་གསེར་སྲང་གང་ཕུལ་ནས་ཞུས་པ། དགྲ་ལ་བྱ་དམག་གཏོང་བ་ས་ལ་སྦའོའི་མཐའ་ཅན། ཝ་ཐོད་ལས་ཀྱི་རླུང་དམར་ལ་བརྟེན་ནས་སྔགས་པ་ནག་པོ་བསྒྲལ་པའི་གདམས་པ་མནྟྲ་འི་མཐའ་ཅན་རྣམས། གཉིས་པ་གཏེར་མའི་སྐོར་ལ། ནུབ་ལུགས་དང་ཉང་ལུགས་གཉིས། དང་པོ་ལ། བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨས་བསམ་ཡས་དབུ་རྩེའི་ཀེའུ་ཚང་དུ་གཏེར་དུ་སྦས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་སྤྱན་དྲངས་པ་ལ། རྒྱལ་པོ་གསེར་གྱི་ཤུགས་ཅན་དང་བཙུན་མོ་ཨུཏྤ་ལའི་རྒྱན་གཉིས་ཀྱི་སྲས་སུ་གཅེན་གྲགས་ལྡན་དང་གཅུང་གྲགས་སྐྱེས་གཉིས་འཁྲུངས་པའི་ལོ་རྒྱུས། འགོར་ཁྲག་གིས་དམར་རྫིབ་གཏང་ཞེས་ཡོད་པའི་སྲོག་བདག་ཡམ་ཤུད་དམར་པོ་སྤུ་གྲི་རེག་ཆོད་ཅེས་བྱ་བ་ཡུམ་ཤུད་བཙན་གྱི་ཅོག་བརྡུང་བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ། སློབ་དཔོན་པདྨས་དུར་ཁྲོད་ཕུང་ལུང་ནག་པོར་སྲོག་


GLG001_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡམ་ཤུད་དམར་པོའི་སྲོག་ཕྲོགས་ནས་མཛད་པའི་བཤན་པ་དགུ་སྐོར་གྱི་སྒྲུབ་ཐབས་སྔགས་ཀྱི་རྒྱ་བསྡེབས་ཞེས་བྱ་བ། གསད་པ་སྲོག་ལས་ཀྱི་རྐྱལ་བུ་ནས་ཕྱུང་བ་ངན་སྔགས་ཀྱི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། ཝ་ཐོད་ཀྱི་ཐུན་སྣོད་ལ་བརྟེན་པའི་སྲོག་བདག་ཡམ་ཤུད་དམར་པོའི་ཐུན་གྱི་སྒྲུབ་པ། བྱ་འུག་ཁྲ་སྲིན་བཞིའི་སྒྲོ་སྒྲོན་པའི་སྲོག་བདག་ཡམ་ཤུད་ཀྱི་མདའ་ཟོར། རྫས་ལ་བརྟེན་ནས་སྨྱོ་བ། མཛེ། སྐྲངས་འབུར། བསྲུང་བ། མཚོན་བསྲུང་། ལས་མི་བྱེད་པར་འཁུ་ན་སྲོག་བདག་དམར་པོ་གཟིར་ཞིང་བཅུན་པ། མདེ་ཁ་རྣམ་དྲུག་ཅེས་པ་གྲི་སྲོག་ལ་བརྟེན་ནས་སྨྱོ་བ། ནལ་ཐོད་ལ་བརྟེན་ནས་གསད་པ། རིམས་ཐོད་ལ་བརྟེན་ནས་ནད་རིམས། སྨྱོ་འབོག་གི་ཐོད་པར་བརྟེན་ནས་འོད། མོན་ཐོད་ལ་བརྟེན་ནས་ལྟས་ངན། ཕུར་པར་བརྟེན་ནས་ཆོ་འཕྲུལ་རྣམས་གཏོང་བ། འགོར་སྲོག་བདག་བཤན་པ་ཞེས་ཡོད་པའི་དམོད་ཁ་བརྒྱད་པ་འི་མཐའ་ཅན། འགོར་སྲོག་བདག་ཆེན་པོའི་དུས་ལ་བབས་ཞེས་ཡོད་པའི་བླ་འགུགས་ཕོ་ཉའི་སྐབས་གཙོ་འཁོར་རྣམས་ཀྱི་བསྐུལ་བྱང་བསྐུལ་ཞིང་རྦད་དོ་རྫོགས་སོའི་མཐའ་ཅན་རྣམས། གཉིས་པ་ཉང་ལུགས་སྐོར་ནི། དྲག་པོ་བཙན་གྱི་རྒྱལ་འབུད་སློབ་དཔོན་ཆེན་པོས་མངའ་བདག་ལ་གདམས་པ་སྦ་གྲོ་སྐྱེར་ཆུ་དང་རུ་ལག་གྲུམ་པ་རྒྱང་གཉིས་སུ་རྒོད་དང་། གཡུང་མང་ཡུལ་དུ་སྦས་ཤིང་རྒོད་གཅིག་མཆིམས་ཕུར་སྦས་པ་མངའ་བདག་ཉང་གིས་སྤྱན་དྲངས་པ་ལ། བཤན་པ་སྲོག་གཅོད་དམར་པོའི་སྲོག་མཐུ་


GLG001_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་བཙན་གྱི་རྐྱལ་འབུད་བསྙེན་སྒྲུབ་རྦད་བསྐུལ་ལ་མ་བལྟོས་པའི་ངན་སྔགས་ཆིག་ཆོད་མ་ཡིད་ལ་ཡང་དྲན་དུ་མི་རུང་ངོའི་མཐའ་ཅན། གསང་བསྐུལ་དུར་ཁྲོད་ཆེན་པོ་མ་འཕྲིན་ལས་གོང་མ་རྣམས་ལས་ཐོས་པ་ཡི་གེར་བཀོད་པ་འོའི་མཐའ་ཅན། བཤན་པ་སྲོག་གཅོད་དམར་པོའི་སྲོག་མཐུའི་ཞལ་ཤེས་གསད་ཐབས་རྣམ་པ་ལྔས་བསྟན་པ་ལས་འཕྲོ་ཅན་དང་འཕྲད་ཤོག་གི་མཐའ་ཅན། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཞལ་ཤེས་ཡིག་ཆུང་སྒྲུབ་པའི་ཞག་གྲངས་སྤོག་པ་ཁ་བསྒྱུར་རྣམས་བསྟན་པ་གསང་པའི་ཞལ་ཤེས་སྙིང་ལྟར་ཆོངས་ལས་ཅན་ལ་འཕྲད་ཤོག་གི་མཐའ་ཅན། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཡང་ཡིག་རྒྱ་གར་གྱི་ངན་སྔགས་གསད་པའི་སྤུ་གྲི་སྡང་བ་དགྲའི་གཤེད་མ་བླ་སྲོག་རྐུ་བའི་མན་ངག་མ་གཏེར་ནས་ཕྱུང་བ་འི་མཐའ་ཅན་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་རིན་དང་སུའི་རྟགས་ཡོད་པ་མ་གཏོགས་པའི་རྗེས་གནང་དང་བཀའ་མ་ས་བཅད་གཉིས་པོའི་ལུང་ཡོངས་རྫོགས་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་བ། ཨཱ་ཙཪྻ་ཉི་འོད་གྲགས་པ། སྲས་ཟླ་བ་ནག་པོ། པཎྜི་ཏ་གྷ་ཡ་དྷ་ར། ཤྲཱི་དྷར་ཀྲ་ཤུའང་ཟེར་འདི་ལམ་འབྲས་པའི་གྷ་ཡ་དྷ་ར་ནི་མིན་པར་འདུག །གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་དར་མ་སེང་གེ །རྗེ་བཙུན་ས་སྐྱ་པ་ཆེན་པོ། ར་སའི་ཤོད་བུ་བཀྲ་ཤིས་འོད་ཟེར། ས་བཅུའི་དབང་ཕྱུག་གྲུབ་ཐོབ་འདར་ཕྱ་རུ་པ་རིན་ཆེན་བཟང་པོ། ཆོས་རྒྱལ་བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་མཚོ། བླ་མ་བསོད་ནམས་དབང་ཕྱུག །ལྕང་སྤེ་བ་སེང་གེ་འབུམ།
ཀུན་མཁྱེན་དཔལ་ལྡན་སེང་གེ་བཟང་པོ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ་བ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རིན་པོ་ཆེ་རྟ་ར་བ་བསོད་ནམས་ཆོས་འཕེལ། གྲུབ་པ་མཆོག་གི་དེད་དཔོན་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཉེ་བརྒྱུད་ནི་སློབ་དཔོན་ཆེན་པོ་པདྨས་གྲུབ་ཐོབ་འདར་ཕྱར་ལ་དབང་དང་གདམས་པ་གནང་བ་ཡིན་ནོ། །


previousཚར་ལུགས་རྫོང་པོད་ཀྱི་ལུང་སོགས་ལེགས་པར་ནོས་པའི་ལུང་བརྒྱུད་སྐོར།next