Nitartha Digital Library
Tibetan
 
previousམཆོད་པར་བརྗོད་པའི་སྒོ།next

མཆོད་པར་བརྗོད་པའི་སྒོ།


GLG001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བརྗོད་པའི་སྒོ་དང་པོ། སྒྲིབ་གཉིས་ལྕགས་ཁམས་བསྐྱེད་རྫོགས་རྫོགས་ཆེན་དངུལ་ཆུས་ཉེར་བཟས་དབྱིངས་རིག་གསེར་བསྒྱུར་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོར་ངེས་པ་ལྔ་ལྡན་སྣང་སྟོང་སྒྱུ་དྲའི་གར་མཁན་ལོངས་སྤྱོད་རྫོགས་པའི་སྐུ། །ཟླ་བ་གཅིག་ལས་སྟོང་ཕྲག་རྫིང་བུར་གཟུགས་བརྙན་ཇི་བཞིན་གྲངས་མེད་ཞིང་དུ་སྣ་ཚོགས་རྣམ་རོལ་སྤྲུལ་པའི་སྐུ། ཁྱབ་བདག་ཀུན་བཟང་རྡོར་སེམས་ཤཱཀྱའི་རྒྱལ་སོགས་དུས་གསུམ་སངས་རྒྱས་སྲས་དང་སློབ་མར་བཅས་རྣམས་ཕྱག་གི་ཡུལ། མཆོད་པར་བརྗོད་པའི་སྒོ་གཉིས་པ། འཕགས་བོད་སྐྱེ་རྒུའི་ལེགས་བྱས་ནམ་མཁར་ཕན་བདེའི་ཉི་མ་གུང་ནས་འཆར་བའི་བཀའ་དྲིན་ཟླ་


GLG001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། །གནས་བརྟན་དགྲ་བཅོམ་རིག་འཛིན་གྲུབ་ཆེན་ཤིང་རྟ་ཆེ་སོགས་ལུང་དང་རྟོགས་པའི་རིན་ཅེན་བང་མཛོད་ཅན། །མཁན་སློབ་པདྨའི་ངང་ཚུལ་ཆོས་རྒྱལ་མེས་དབོན་རིམ་པར་བྱོན་དང་སྔ་ཕྱིའི་སྒྲ་བསྒྱུར་འཇིག་རྟེན་མིག །ཐུབ་བསྟན་རིན་ཅེན་དོ་ཤལ་བཤད་སྒྲུབ་སྲད་བུར་རྒྱུད་མཛད་རྣམས་ནི་དངོས་པོ་ཀུན་གྱིས་བཏུད་བྱའི་གནས། མཆོད་པར་བརྗོད་པའི་སྒོ་གསུམ་པ། རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་བཀའ་གཏེར་གདུང་གསོབ་སྔགས་འཆང་རྒྱལ་པོ་ཧེ་རུ་ཀཿ །ཇོ་འབྲོམ་སྐུ་མཆེད་རྣམ་ གསུམ་གླང་ཤར་བྱ་འཆད་བརྒྱུད next hit་འཛིན་བཀའ་གདམས་པ་ཞེས་རྒྱལ་བའི་སྲས། །རིགས་གསུམ་གར་མཁན་འཁོན་རིགས་ས་སྐྱའི་བླ་ཆེན་རྗེས་འབྲངས་བཅས་དང་ཤོང་དཔང་བུ་སྟོན་ཞབས། །གངས་ཅན་བསྟན་པ་ཡུན་དུ་སྲོག་འཚོའི་བདུད་རྩིའི་བུམ་བཟང་ཚོགས་ལ་སྙིང་ནས་དང་བས་བསྔགས། མཆོད་པར་བརྗོད་པའི་སྒོ་བཞི་པ། འཁོར་བའི་གཡུལ་ངོ་གཞོམ་པའི་བྱེད་པོར་བཤད་སྒྲུབ་དཔུང་ཚོགས་ཡན་ལག་བཞིའི་མགོན་པོར། །འཇམ་མགོན་མཁྱེན་དཔྱོད་གསེར་འཁོར་ནམ་མཁར་འཕགས་པས་རྨོངས་པའི་དགྲ་ཚོགས་ལས་རྒྱལ་བ། །ཐུབ་བསྟན་གླིང་བཞི་ཡོངས་ལ་དབང་སྒྱུར་བློ་བཟང་གྲགས་འབར་ཀུན་མཁྱེན་བཙོང་ཁ་པ། །གང་གི་བཞེད་གཞུང་འཁྲུལ་མེད་འཛིན་བཅས་དེང་ནས་བྱང་ཆུབ་བར་དུ་གཙུག་ན་མཛེས། མཆོད་པར་བརྗོད་པའི་སྒོ་ལྔ་པ། རང་སྐལ་ཆ་ཕྲའི་རྙོག་མར་སྐྱབས་མཆོག་དེ་ཀུན་གཟུགས་བརྙན་འཆར་མིན་ཡང་། །ཆོས་ཀྱི་རྒྱལ་མཚན་དཀོན་ཅོག་ཆོས་ཚུལ་རབ་འཕེལ་སྨོན་འགྲོ་པཎ་ཆེན་སོགས། །གནས་ལྔའི་གཙུག་
ལག་ཚིགས་བཅད་ཙམ་གྱིས་མཐའ་རྟེན་སྟོན་མཛད་ཡོངས་འཛིན་ཚོགས། །སྲས་བཅས་རྒྱལ་བའི་རྣམ་འཕྲུལ་གར་དུ་ངེས་རྙེད་དང་བའི་ཡིད་ཀྱིས་འདུད། མཆོད་པར་བརྗོད་པའི་སྒོ་དྲུག་པ། ཁྱད་པར་ཚོགས་གཉིས་ས་བོན་ཡོངས་སུ་སྨིན་པའི་བླ་མེད་ཆོས་གཟུགས་གཟོད་མ་ཉིད་ནས་དར་དྲག་ཀྱང་། །དམན་བློར་ཐ་མལ་ཟོལ་ཅན་དཔལ་འབྱོར་ལྷུན་གྲུབ་ཆོས་དབྱིངས་རང་གྲོལ་འཇམ་མགོན་བསོད་ནམས་མཆོག་ལྡན་སྡེ། །རིན་ཅེན་བསོད་ནམས་མཆོག་ཏུ་ལྷུན་གྲུབ་ཉང་སྟོན་རིག་པའི་རྡོ་རྗེ་ཆོས་རྒྱལ་གཏེར་བདག་གླིང་པའི་ཞབས། །བཤེས་གཉེན་ཡོངས་འདུའི་འཁྲི་ཤིང་འབྲས་བཟང་རོ་བདས་བདག་ཡིད་མྱོས་ལས་དགའ་སྤྲོའི་བསྟོད་བསྔགས་དབྱངས་སུ་ལེན། མཆོད་པར་བརྗོད་པའི་སྒོ་བདུན་པ། གྲངས་རིང་བགྲོད་དཀའ་སྲིད་པའི་ལམ་དུ་ཉེ་བར་དུབ་པའི་གདུང་སྐྱོབ་ཕྱིར་དུ་རྒྱལ་ཀུན་ཡེ་ཤེས་ཕུང་པོའི་གཟུགས། །བསྐལ་བཟང་འདི་ལ་རྣམ་འདྲེན་སྟོང་གི་སྒྱུ་འཕྲུལ་བསྡོམས་པ་མི་ལུས་ཟོལ་ཅན་རིགས་བརྒྱའི་བདག་པོ་ཡོངས་འཛིན་རྗེ། །དེ་ཡང་སེམས་ཉིད་ཁོ་ནའི་རྣམ་འཕྲུལ་རང་རིག་བླ་མའི་ངོ་བོར་ཤེས་ལ་དཔྱད་གསུམ་དག་པས་ངེས་རྙེད་ནས། །གཅིག་པུ་ཉིད་ལས་དུ་མའི་གར་བཞིན་ལམ་ཟབ་རྣལ་འབྱོར་རྟག་ཏུ་སྐྱོང་ལ་སྤྲོ་བའི་རྩེ་དགའ་ཁོང་ནས་དགོད། །


previousམཆོད་པར་བརྗོད་པའི་སྒོ།next