Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
ཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་སྐོར།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་སྐོར།next

ཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་སྐོར།


GLG002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༈ །གཉིས་པ་ཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་སྐོར། རྗེ་སྒོ་རུམ་པས་མཛད་པའི་ཡི་གེའི་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཟླ་བ་བཟང་པོ། འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ་ཆེ་ཆུང་གཉིས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མཁྱེན་བརྩེ་ཐར་རྩེ་སྒྲུབ་ཁང་གསུམ་གྱི་གསན་ཡིག་ན་མི་གསལ་ཡང་རྫོང་ལུགས་ཀྱི་གསན་ཡིག་ན་འདིའི་རྗེས་སུ་ཀློག་སྐྱ་ཤེས་རབ་བརྩེགས་འདུག་པ་ཆད་དམ་སྙམ། མལ་ལོ་ཙཱ་བ་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་བསོད་ནམས་སངས་རྒྱས། གྲུབ་པ་མཆོག་གི་དེད་དཔོན་ཀུན་སྤངས་ཆེན་པོ། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །


GLG002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་གྲུབ་པའི་དཔའ་བོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །ཡང་ན་ས་པཎ་ནས།བླ་མ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། བླ་མ་ཤཱཀྱ་བསོད་ནམས། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། དེ་ལ་རྗེ་རིན་ཅེན་རྣམ་རྒྱལ་དང་། སྔགས་འཆང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་གསན། གཉིས་ཀ་ལ་འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། དེ་ནས་བླ་མ་རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་བ་མན་འདྲ། ཡང་ན་བྲག་ཕུག་པ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་མན་གོང་ལྟར་རོ། །ཡང་ན་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ནས། བླ་མ་ཡོན་ཏན་དཔལ། ཡབ་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། བླ་མ་དམ་ཆོས་དཔལ་བཟང་། རྗེ་སངས་རྒྱས་རྒྱལ་མཚན། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྒོ་རུམ་པས་མཛད་པའི་ཁྱུང་ཁྲའི་སྒྲུབ་ཐབས་ཀྱི་ལུང་ནི། རྗེ་མཁྱེན་བརྩེ་ནས། མཁན་ཆེན་བསླབ་གསུམ་པ། རྡོ་རྗེ་འཆང་དབང་རབ། ཁྱབ་བདག་ཞ་ལུ་


GLG002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན། དེས་བདག་ལའོ། ༈ །ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་རྗེས་གནང་དང་དེའི་ཟུར་འདེབས་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པ་གཉིས་ལ་བརྟེན་ནས་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ཀྱི་ཟིན་ཅིང་པཎྜི་ཏ་ནཱ་རོ་པའི་མན་ངག་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཟབ་ཆོས་དཔལ་རྡོ་རྗེ་ཁྱུང་ཁྲའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་བྱབ་བསྲུང་དང་འབྲེལ་བ་ནོས་ནས། རྒྱབ་རྟེན་ལུང་ལ། མཉམ་མེད་བཟང་པོ་རྒྱལ་མཚན་གྱིས་མཛད་པའི་ཆོས་སྐོར་གྱི་དཀར་ཆག་ཐུབ་བསྟན་མི་མཇེད་མ། བྱིས་པའི་གདོན་ཆེན་བཅོ་ལྔའི་ནང་ནས་བྱ་མིག་གི་བཅོས་ཐབས་ཞེས་པ་བརྟག་ཐབས། གསོ་ཐབས། ཕྱིར་འཕྲོ་གཅད་པ་དང་བཅས་པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པ་ལ་སྙིང་པོའི་ཞལ་ཤེས་རྣམས་གོ་བདེ་ཕྱིར་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ། ཚིམ་པར་བྱེད་པ་བྱ་མདོས་ཀྱི་ཡི་གེ་བྱ་རྒྱུད་དང་མཐུན་པར་རྡོ་རྗེ་ཁྱུང་ཁྲའི་ལས་མཐར་གཟུངས་ཀྱི་མིང་ཅན་གྱིས་མཛད་པ། ཁྱི་སྨྱོན་གྱི་བརྟག་པ། གསོ་བའི་ཐབས། རང་བསྲུང་རྗེས་གཅོད་དང་བཅས་པ་སྔགས་འཆང་གཟུངས་པས་མཛད་པར་ཞལ་ཤེས་རྣམས་གོ་བདེ་ཕྱིར་བསྣན་ཏེ་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ། གཟའ་ནད་ལ་དང་པོར་བརྟག་པ། བར་དུ་གསོ་དཔྱད། ཕྱིར་མི་ལྡོག་པ་རྗེས་ཀྱི་བྱ་བ་དང་གསུམ་གྱིས་བསྟན་པ་སྔགས་འཆང་གཟུངས་དཔལ་གྱིས་མཛད་པར་སླར་ཡང་ཞལ་ཤེས་ཀྱིས་བརྒྱན་པ་ཤྲཱི་བསམ་རྩེར་ཕ་ལའི་མིང་ཅན་གྱིས་བྲིས་པ།


GLG002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྲ་མེན་བརྟག་ཐབས་ཀྱི་ཞལ་ཤེས། གཟའ་བཅོས་ཀྱི་ལག་ལེན་དང་ཤོག་དྲིལ་ཁྱུང་རྒྱ་མ་ཞེས་པར་མིང་དང་འགྱུ་དུས། ཕྱི་རུ་རྟེན་འབྲེལ་བརྩི་བ། གཟའ་བརྒྱད་ཀྱི་སྔགས། རཱ་ཧུ་ལའི་བྱད་འགྲོལ་དང་བཅས་པ་གཟུངས་པས་རྫོང་ཆུང་བླ་བྲང་དུ་མཛད་པ། ལས་མདོ་གཤེད་སྐོར་ཟབ་མོ། སྦྲུལ་ལྤགས་ལ་བརྟེན་པའི་བསྲུང་བ། གཟའ་མདོས་ཀྱི་ཆོ་ག་འབྲིང་པོ་རྫོགས་བྱང་གི་མཐའ་ཅན། དུག་ནད་གསོ་བ་བཻཌཱུཪྱའི་འཕྲེང་བ་ཞེས་པ་བརྟག་པ་ཆོས་ཐབས། འབྲིང་བསྡུས་ཟབ་མོ་སྔགས་འཆང་གཟུངས་པས་མཛད་པ། དུག་བསྲུང་བརྟག་པའི་མན་ངག་ཟབ་མོ་ཟུར་དུ་བྲིས་པས་བལྟ་བར་བྱའོའི་མཐའ་ཅན། ལས་སྦྱོར་དྲུག་པ་ཞེས་པ་བོང་ངའི་བཅུད་ལེན་གཉན་གྱིས་སོ་བཏབ་པ་གསོ་བ། དུག་བསྲུང་དུག་ཁོང་དུ་སོང་བ་བཟློག་པ། ནད་ཕྱོགས་མེད་འཇོམས་པ། དེའི་གེགས་སེལ་དང་དམིགས་པའི་ཁྱད་པར་རྣམས་བླ་མའི་གསུང་བཞིན་འཕགས་པ་རིན་པོ་ཆེས་མཛད་པ། ནཱ་རོ་པཎ་ཆེན་ནས་བརྒྱུད་པའི་རྡོ་རྗེ་ཁྱུང་ཁྲའི་ལས་སྦྱོར་བརྒྱད་པ་ཞེས་པ་བོང་བ་ལ་བརྟེན་ནས་གྲང་བ་སྙིང་རླུང་ཚད་པ་སེལ་ཞིང་བཅུད་ལེན་གྱི་མཆོག་ཏུ་འགྱུར་བ། གཡོས་དུག་དབྱིག་དུག་སྦྱར་དུག་བསྲུང་བ། རྒྱུ་བའི་དུག་རྣམས་ཀྱིས་སོ་བཏབ་པ་ཞི་བ། གྲེ་ནད་སེལ་བ། གཉན་ཚང་ལས་གྲོལ་བ། ནད་བརྒྱ་སྨན་གཅིག །ནད་སྤྱི་དང་ཁྱད་པར་མཛེ་དྲག་གྲུམ་གཟའ་ནད་སེལ་བ། བུམ་ཆོག །གཏོར་ཆོག་དང་བཅས་པ་སྔགས་འཆང་གཟུངས་པས་རྫོང་ཆུང་བླ་བྲང་དུ་མཛད་པ། དྲེག་འདོན་པའི་མན་ངག་བླ་མ་དམ་པའི་ཞབས་ལ་དྲེག་བྱུང་བའི་དུས་དཔལ་གྱི་མིང་


GLG002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ས་སྐྱར་བཀོད་པ། དྲེག་སེལ་བ་སྡིག་པ་ཆུང་བ་བཀའ་རྒྱ་མ། མཛེ་འཆོས་པ་བརྟག་ཐབས་གསོ་ཐབས་རྗེས་གསུམ་གྱིས་བསྟན་པ་ལུས་ལ་བཏགས་སོའི་མཐའ་ཅན། བསྙེན་པ་འཁྱོལ་ནས་ཐོག་བསྲུང་བ་འཕགས་པས་ཤིང་ཀུན་ཏུ་མཛད་པ། ཁྱུང་གི་ལས་མཐའ་གེགས་སེལ་གཟེར་ལྔའི་སྙན་བརྒྱུད་གཟུངས་ཀྱི་མིང་ཅན་གྱིས་རྡོ་རྗེ་ཁྱུང་ཁྲའི་ལས་མདོར་སྦྱར་བ། རྒྱལ་མོ་ཆུ་སྦྱོང་བ་འོག་རླུང་འབེབས་སོའི་མཐའ་ཅན། རིགས་གསུམ་འདུས་པའི་དྲག་སྔགས་ཕྱག་ཆ་རང་ལ་བསྐོར་བ་སྐྱིན་ཐང་བསྲུང་བ། སེར་བ་བསྲུང་བ། ལོ་ཆོག་དང་ལོ་ཕུད་ཀྱི་ལག་ལེན་ཞེས་པ་སྔོན་འགྲོ་དང་དངོས་གཞི་ལ་ནམ་མཁའ་མཐོངས་སུ་སྤྲིན་ནག་གི་གུར་བཤིག་པ། རི་ཐང་མཚམས་སུ་སེར་བའི་རྐང་གཅག་པ། བར་སྣང་ཁམས་སུ་འཁྱགས་པ་ཆུར་བཞུ་བ། ས་གཞིའི་སྟེང་དུ་རླུང་གི་གཞུ་གཅག་པ། དྲག་པོ་འབྲུག་གི་ངར་སྐད་གཅག་པ་རྣམས་བསྟན་པ། ཁ་བ་བསྲུང་བ། འཕགས་པ་རིན་པོ་ཆེས་མཛད་པའི་སྦྱིན་སྲེག་གི་ཆོ་ག །དེས་མཛད་པའི་རྗེས་གནང་གི་ཡི་གེ །དེས་མཛད་པའི་བསྟོད་པ་རིགས་ལྔའི་ཀླུ་འདུལ། ཨཱ་ནནྡ་མ་ཏི་བྷ་དྲས་མཛད་པའི་སྒྲུབ་ཐབས། སྔགས་འཆང་གཟུངས་པས་མཛད་པའི་སྒྲུབ་ཐབས་ནང་བཞིན་ལས་འདོན་འཇུག་ཅུང་ཟད་ཁ་བསྐང་བ། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་བྱིན་རླབས་ཟུར་འདེབས་ཀྱི་ཡི་གེ་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དྲུག་པ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎ་ཆེན་ནཱ་རོ་པ། བལ་པོ་ཕམ་


GLG002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐིང་པ་སྐུ་མཆེད། གཅེན་འཇིགས་མེད་གྲགས་པ། གཅུང་ངག་དབང་གྲགས་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས། དཔལ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎྜི་ཏ། འགྲོ་བའི་མགོན་པོ་འཕགས་པ། ཞང་དཀོན་ཅོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་དཔལ་བཟང་། རྫོང་ཆུང་པ་ཨཱ་ནནྡ་མ་ཏི་བྷ་དྲ། ཆོས་རྗེ་སངས་རྒྱས་བཟང་པོ། རིག་འཛིན་ཆོས་བློ་གྲོས། རིག་འཛིན་ཆོས་དཔལ་བཟང་པོ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་། རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྔགས་འཆང་གཟུངས་པ་ནས། མཉམ་མེད་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་ཅོག །རྩང་རུས་ཀྱི་མིང་ཡིན། བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཅེན། རྡོ་རིང་ཀུན་དགའ་རྒྱལ་མཚན། སྒྱེ་ཆུ་མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར་མན་འདྲ། ཡང་ན་ཨཱ་ནནྡ་མ་ཏི་ནས། མཁས་གྲུབ་བྱམས་པ་རྡོ་རྗེ་རྒྱལ་མཚན་མན་འདྲ། ཡང་རྗེས་གནང་དང་བྱ་ཁྱི་རྣམ་གསུམ་བཅོས་ཐབས་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། འབུམ་ཆེན་ནས། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། བྱམས་པ་ངག་དབང་དཔལ་བཟང་མན་འདྲ། ༈ ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་
པའི་སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་གསུམ་པ་ཆར་དབབ་གཅོད་བྱེད་པ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དུས་ཀྱི་འཁོར་ལོ། ཤཱཀྱ་ཐུབ་པ། ཆོས་རྒྱལ་རིགས་ལྡན་སོ་ལྔ། དུས་ཞབས་པ་ཆེ་ཆུང་། ཁ་ཆེ་ཟླ་མགོན། འབྲོ་ལོ་ཙཱ་བ། ལྷ་རྗེ་སྒོམ་པ་པ། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུགས། སེ་ཆེན་ནམ་མཁའ་འོད་ཟེར། ཀུན་མཁྱེན་འཇམ་གསར་བ། བླ་མ་ཆོས་འོད། ཞང་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པ་བ། རྗེ་ཕྱོགས་ལས་རྣམ་རྒྱལ། མཁས་གྲུབ་ཉ་དབོན། གྲུབ་ཆེན་ཀུན་བློ། མཁན་ཆེན་དཀོན་ཅོག་བཟང་པོ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་རཏྣ་བྷ་དྲ། ལོ་ཆེན་འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷཱུ་ཏི་པ། སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། ཀུན་མཁྱེན་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ།


previousཀླུ་དང་ས་བདག་གི་གདོན་འཇོམས་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་སྐོར།next