Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of མགོན་པོ་བེང་
[Clear Hits]


  
 expand section
  
སྤྱི་བཀའ་བརྒྱ་རྩའི་རྗེས་གནང་ཇི་ལྟར་ནོས་པའི་སྐོར།
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  


3 occurrences of མགོན་པོ་བེང་
[Clear Hits]

 
previousསྤྱི་བཀའ་བརྒྱ་རྩའི་རྗེས་གནང་ཇི་ལྟར་ནོས་པའི་སྐོར།next

སྤྱི་བཀའ་བརྒྱ་རྩའི་རྗེས་གནང་ཇི་ལྟར་ནོས་པའི་སྐོར།


GLG002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༈ །གཉིས་པ་སྤྱི་བཀའ་ལ། གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཨ་བྷ་ཡཱ་ཀ་ར་གུཔྟ་ཞེས་འཇིགས་མེད་འབྱུང་གནས་སྦས་པར་གྲགས་པ་ཨིནྡྲ་ཨུ་ལིའི་གཙུག་ལག་ཁང་དུ་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་སྤེལ་བའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བུད་མེད་བ་གླང་ཤ་བའི་རིགས་སུ་སྤྲུལ་ནས་ཤ་ཆང་བྱིན་པ་ཕྱིར་སློག་པའི་རྟེན་འབྲེལ་གྱིས་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་འགྱོད་བཤགས་ཀྱིས་གསོལ་བ་བཏབ་


GLG002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྒྲིབ་སྦྱོང་དུ་སྔགས་ཀྱི་མན་ངག་དུ་མ་དང་ཁྱད་པར་སམྦུ་ཊིའི་འགྲེལ་པ་རྒྱས་པ་གཅིག །གདུལ་བྱ་རྣམས་ཀྱི་འཇུག་སྒོ་རྒྱུད་སྡེ་བཞིའི་ཆོ་ག་རྒྱས་པ་དང་དེའི་ལྷའི་ཚོགས་རྣམས་ཀྱི་རྗེས་སུ་གནང་བའི་ཆོ་ག་ལོ་རྒྱུས་གཅིག་ལ་མ་ཧཱ་བོ་དྷིས་ལུང་བསྟན་ཡང་ཟེར། རྩོམས་ཤིག་པར་ལུང་བསྟན་ཞིང་དབུགས་ཕྱུང་བ་ལ་བརྟེན་ནས་རྒྱུད་སྡེ་སྤྱིའི་དགོངས་འགྲེེལ་དུ་འགྱུར་བའི་འཕྲེང་བ་སྐོར་གསུམ་གྱི་ཡིག་ཆ་མཛད་ཅིང་། འདི་ལ་གཙོ་བོ་འཕོ་བའི་དབང་དུ་བྱས་ན་དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན། རྩ་བའི་ལྷའི་དཀྱིལ་འཁོར་གྱི་དབྱེ་བ་ཉིས་སྟོང་དང་དྲུག་བརྒྱ་ང་བདུན། དེ་རྣམས་གཙོ་བོའི་རིགས་སོ་སོའི་དབང་དུ་བྱས་པ་རྩ་བའི་དཀྱིལ་འཁོར་ཉེར་བརྒྱད། དེ་ལས་སྤྲོས་པ་ཞེ་གཉིས། དེ་ལས་སྤྲོས་པ་ང་ལྔ་རྣམས་ཚད་ཐུབ་ཀྱི་མཁས་པ་ཡོངས་ལ་གྲགས་ཤིང་། རྡོ་རྗེ་འཆང་སྔགས་རམ་པ་ཞེ་བཞི། ཞེ་བདུན། དྲུག་ཅུ་རེ་གསུམ་དུ་ཕྱེ་བ་ཡོད་གསུང་བ་གྲགས་ཆུང་ཡང་ཁོང་པ་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཡིན པས་ཁུངས་དང་འབྲེལ་བར་ངེས། ལ་ལ་དག་འཕྲེང་བ་མཁན་པོས་དཀྱིལ་འཁོར་རྣམས་བླ་མེད་ལས་རྒྱུད་སྡེ་སོ་སོར་མ་ཕྱེ་ཞིང་། རྒྱ་གར་དུ་ཕྱག་ལེན་ལའང་དེ་ལྟར་མཛད། བོད་དུ་ཁ་ཆེ་པཎ་ཆེན་ལ་རྗེ་བཙུན་མ་སྒྲོལ་མས་བོད་རྟོག་པ་མང་བས་སོ་སོའི་ལུགས་བཞིན་བསྐུར་གསུངས་པས་མངའ་རིས་སུ་དབང་བསྐུར་དེ་ལྟར་མཛད། ཕོ་བྲང་སྣེའུ་གདོང་རྩེ་དང་དྲང་སྲོང་སྲིན་པོ་རིར་ཡང་དེ་བཞིན་བསྐུར་ཞེས་གླེང་བ་དང་། རྒྱ་གཞུང་དུ་འདུས་པ་གཉིས་ཀྱི་རྗེས་སུ་སམྦུ་ཊི་རྡོར་སེམས་དང་རྣལ་འབྱོར་ནམ་མཁའི་ཡུམ་བཀའ་ཡེ་ཤེས་མཁའ་འགྲོ་འདུག་པ་སོགས་གོ་རིམ་འཁྲུགས་པར་སྣང་བ་དེ་ག་


GLG002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་བཞེད་པར་བཟུང་ནས་ཡིག་ཆ་ཚོར་འདྲིལ་ཞིང་བསྐུར་བ་དང་། འདི་པའི་ལུགས་ཀྱི་གསང་འདུས་འཇམ་རྡོར་གྱི་དབང་གིས་ཡེ་ཤེས་ཞབས་ལུགས་ཀྱི་གོ་གཅོད་པ། ལ་ལ་འཕྲེང་བའི་དུས་འཁོར་ལ་བྱིས་པ་འཇུག་པའི་དབང་བདུན་སོགས་ཟུར་བཀའ་བསྐུར་བ། ཞྭ་དམར་པ་དྲུག་པས་གདན་ས་འཐིལ་དུ་ཐིག་ཚོན་གྱི་ཆོ་ག་དང་སྟ་གོན་གང་ཡང་མེད་པར་རྡུལ་ཚོན་གྱིས་བྲི་ཐུབ་པ་ཉིད་གཙོ་བོར་བཟུང་སྟེ་བསྐུར་བ་སོགས་སྣ་ཚོགས་བྱུང་ཡང་ཨ་བྷ་ཡས་རྣལ་འབྱོར་རྫོགས་འཕྲེང་གི་སྐབས་རྒྱུད་སྡེ་ལ་གོ་རིམ་ངེས་མེད་དུ་བསྒྲིགས་པ་དང་། རྡོ་རྗེ་འཕྲེང་བར་བླ་མེད་ལས་རྒྱུད་སྡེ་གཞན་གྱི་ཕྱག་ལེན་གསལ་བར་མི་གསུང་བར་ནི་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཁོང་དུ་ཆུད་པའི་རྡོ་རྗེ་སློབ་དཔོན་ཞིག་གིས་མཐོང་བརྒྱུད་ཀྱི་ཕྱག་ལེན་དང་མན་ངག་ལ་བརྟེན་ནས་འཐོར་བ་བསྡུས། འཁྲུགས་པ་བསྡེབས། མི་གསལ་བ་རྣམས་གསལ་བར་བྱས་ནས་རྒྱུད་སྡེ་རྣམས་སོ་སོར་ཕྱེ། དཀྱིལ་འཁོར་གྱི་ཕྱག་ལེན་ཡང་དེ་ལྟར་མཛད་པའི་དབང་དུ་བྱས་ནས་གབ་དཀྲུགས་སུ་མཛད་པ་ཡིན་ལ། དེའི་རྒྱུ་མཚན་ཡང་ནག་པོ་འགྲོ་ཤེས་ལྟ་བུར་བྲིས་ན་སྙིགས་མའི་དུས་འདིར་ཚེ་འདིའི་ལྟོ་རྒྱབ་དང་སྙན་གྲགས་ཀྱི་ཆེད་དུ་དབང་གི་རྒྱུན་མེད་པར་བསྐུར་བ་སོགས་རང་གཞན་མང་པོ་ཕུང་ལ་སྦྱོར་བའི་དགག་བྱ་དང་དགོས་པར་དགོངས་པ་ཡིན་གྱི། དངོས་སུ་མ་བསྟན་པ་ཙམ་ལ་རྒྱུ་མཚན་དུ་བྱེད་ན། རྒྱུད་སྡེ་ཕལ་ཆེར་ན་དབང་བཞི་པ་སྦས་ནས་མ་བསྟན་པས་བླ་མེད་ཀྱི་སྐབས་དབང་གསུམ་ལས་མེད་དོ་ཞེས་སྐད་གདངས་མཐོན་པོར་སྒྲོག་པར་བྱེད་དམ། ཁ་ཆེ་པཎ་ཆེན་ལ་སྒྲོལ་མའི་ལུང་


GLG002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱུང་ཚུལ་ལོ་རྒྱུས་ཁུངས་མ་ཡིན་ཚེ་རྒྱ་གར་དུ་སློབ་དཔོན་འཇིགས་མེད་ཞབས་ལ་ཡི་དམ་གྱི་ལྷའི་གནང་བ་ཐོབ་ནས་དཀྱིལ་འཁོར་ཞེ་གཉིས་བླ་མེད་དུ་བཀྲལ་བ་བོད་དུ་མ་བྱོན་སངས་རྒྱས་གསུམ་པས་གདུལ་བྱའི་དབང་གིས་རྒྱུད་སྡེ་སོ་སོར་བསྐུར་བས་ཀྱང་བོད་ཀྱི་ཡུལ་འདིར་དེ་ལྟར་བྱ་དགོས་པའི་སྒྲུབ་བྱེད་རྣམ་དག་ཏུ་སོང་བས་དྭགས་བརྒྱུད་པ་སོགས་སྔགས་ལ་རྩིང་པོར་སྤྱོད་པ་རྣམས་བག་ཡོད་པར་མཛད་རིགས་སམ་སྙམ། ཡང་པཎ་ཆེན་ནགས་ཀྱི་རིན་ཅེན་གྱིས་དཀྱིལ་འཁོར་ཐམས་ཅད་བླ་མེད་དུ་བཀྲལ་བ་བཞི་བཅུ་ཞེ་ལྔར་ནུབ་དང་པོ་འཇམ་རྡོར་གྱི་སྐབས་སུ་ས་ཆོག་ཡན་འཕྲེང་བ་ནས་ཇི་ལྟར་འབྱུང་བ་བཞིན་མཛད། ནུབ་གཉིས་པ་ནས་དཀྱིལ་འཁོར་རེ་རེ་བཞིན་བདག་བསྐྱེད་སྟ་གོན་གསུམ་དཀྱིལ་འཁོར་བྲིས་སྒྲུབ་སོགས་རྫོགས་པར་མཛད་ཚུལ་ལོ་རྒྱུས་ཀྱི་ཡི་གེ་དང་ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ཏུ་སྣང་བ་ལྟར་ན་པཎ་ཆེན་ནགས་རིན་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཞིག་ཡིན་འདུག་པས་རྣལ་འབྱོར་དབང་ཕྱུག་བིར་ཝ་པས་རྣམ་འཇོམས་བླ་མེད་དུ་བཀྲལ་བ་དང་མཐུན་པ་ཞིག་ཡིན་ཤས་ཆེ་ཡང་ལས་དང་པོ་པ་རྣམས་ཀྱིས་སྤྱོད་ཡུལ་དུ་མ་མངོན་ཞིང་ནུབ་རེ་བཞིན་སའི་ཆོ་ག་དོར་བ་མ་གཏོགས་སྟ་གོན་དང་ཐིག་ཚོན་རྣམས་ངེས་པར་མཛད་འདུག་པས། དེ་དག་གང་ཡང་མེད་པར་རྡུལ་མཚོན་དང་རས་བྲིས་ལ་བརྟེན་པ་ནི་བཞད་གད་ཀྱི་གནས་ཁོ་ནའོ། །དཀྱིལ་འཁོར་ཞེ་གཉིས་ཀྱི་ཟུར་བཀའ་ཨ་བྷ་ཡས་གསན་པའི་རྒྱུན་བོད་དུ་མེད་པ་ལོ་རྒྱུས་ཁུངས་མ་རྣམས་ལས་བཤད་ལ། འཕྲེང་བ་ནི་སྤྱི་བཀའི་དབང་དུ་བྱས་ནས་དབང་ཆོག་གཅིག་ལ་ཁ་བསྒྱུར་བ་ཡིན་ཞིང་


GLG002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཀའ་རྣམས་ལ་སོ་སོའི་ལུགས་ཀྱི་དབང་ཆོག་མི་འདྲ་བ་ཡོད་པ་དང་མངོན་རྟོགས་ཀྱང་འདིར་རྫུས་སྐྱེས་སྦྱོང་བྱེད་དང་གཞན་རྣམས་སུ་མངལ་སྐྱེས་དང་སྒོང་སྐྱེས་སྦྱོང་བྱེད་ཀྱི་རྒྱས་བསྡུས་ཀྱང་མི་འདྲ། འདིར་བླ་མ་བརྒྱུད་པའང་རྣལ་འབྱོར་མ་དང་ཨ་བྷ་ཡའི་བར་དུ་གཞན་བརྒྱུད་མི་དགོས་ཤིང་གཞན་རྣམས་ལ་སོ་སོའི་བརྒྱུད་ཚུལ་འདོད་དགོས་པས་ལྷའི་མཚན་ཙམ་གཅིག་པ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གཅིག་གོ་གཅིག་གིས་གཅོད་པ་ནི་རྒྱུད་སྡེའི་ཕྱོགས་ལ་རྣམ་པར་མི་མཁས་པའི་རང་མཚང་དང་། ལ་ལ་མཁོ་ཆེ་བ་རྒྱུ་མཚན་དུ་བྱས་ནས་དགྲ་ནག་གི་ཚབ་ལ་འཇིགས་བྱེད་བསྐུར་བ་སོགས་འཕྲེང་བ་མཁན་པོའི་གསུང་རབ་ལས་རིང་དུ་གྱུར་པའོ། །ས་བཟང་མ་ཏི་པཎ་ཆེན་ཡན་ལ་རྡོ་རྗེ་འཕྲེང་བ་ལས་མ་དར་ནའང་པཎྜི་ཏ་དཪྤན་ཨཱ་ཙཪྻ་ཞེས་འགྲོ་བའི་མེ་ལོང་དུ་གྲགས་པ་དེས་ལ་ལཱི་ཏ་བཛྲ་སོགས་མཁས་གྲུབ་མང་པོ་ལ་བརྟེན་ནས་གསང་སྔགས་ཀྱི་སྒྲོ་འདོགས་བཅད། རྡོ་རྗེ་རྣལ་འབྱོར་མས་དངོས་སུ་བྱིན་གྱིས་བརླབས། མཆོག་གི་དངོས་གྲུབ་བརྙེས། ཚེམས་ལན་ཉི་ཤུ་བརྗེས་ཤིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞུགས་པ་དེས་འཕྲེང་བསྐོར་གསུམ་དུ་གསལ་བ་དེ་དོན་སོར་བཞག་ཐོག་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཚད། མཚན་དཔེའི་ངོས་འཛིན་སོགས་ལྷག་ཁ་ཡར་དང་བཅས་པ་བསྣན་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་ཆོ་ག་ཀྲྀ་ཡ་ས་མུ་ཙྪ་ཞེས་སྒྲུབ་དཀྱིལ་ཡན་ལག་དང་བཅས་པ་དོན་ཚན་དྲུག་ཅུ་རྩ་བཞིའི་སྒོ་ནས་སྟོན་པའི་བསྟན་བཅོས་ཆེན་པོ་ཞིག་མཛད་པ་འཕགས་པའི་ཡུལ་


GLG002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དར་རྒྱས་ཤིན་ཏུ་ཆེ་ཞིང་། བོད་འདིར་ཐོག་མར་རྒྱ་དཔེ་ཞིག་བལ་པོའི་ཚོང་པའི་ལག་ནས་དཔལ་ལྡན་བླ་མ་དམ་པའི་གཅེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་ཕྱག་ཏུ་བྱུང་། དེ་ལ་བརྟེན་ནས་ཀུན་སྤངས་ཆོས་གྲགས་དཔལ་བཟང་གིས་བདག་རྐྱེན་མཛད་ནས་བི་ཀ་མཱ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང་ས་བཟང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་ཀྱང་ཆོས་ཀྱི་རྒྱུན་མེད་པ་ལ། མངའ་རིས་པ་རྡོ་རྗེ་དཔལ་གྱིས་བལ་ཡུལ་ཡེ་རང་དུ་ཀྲྀ་ཡ་ས་མུཙྪའི་དབང་ཞུས་པའི་གཏམ་ཐོས་པའི་རྐྱེན་གྱིས་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་པཎྜི་ཏ་མ་ཧཱ་བོ་དྷི་ལ་དབང་ལུང་རྫོགས་པར་གསན། དེ་ནས་འཕྲེང་བ་དང་ཀྲྀ་ཡ་གཉིས་དབང་གི་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྡོ་རྗེ་འཕྲེང་བའི་སྒྲུབ་དཀྱིལ་སྦྲགས་པ་རྡོར་འཕྲེང་མཛེས་རྒྱན་གྱི་སྟེང་ནས་སྟ་གོན་གསུམ་སྒྲུབ་མཆོད་སོགས་དམ་པའི་ཕྱག་ལེན་འཁྲུལ་མེད་དང་དབང་གི་སྐབས་ཀྱང་དཀྱིལ་འཁོར་མང་མར་འཕྲེང་བའི་སྟེང་དུ་ཀྲྀ་ཡའི་སྒོས་ཆོས་ཁ་ཡར་བསྣན་པའི་ཕྱག་ལེན་རྒྱས་པ། དུས་འཁོར་ལྷ་གྲངས་མངས་པའི་དཀྱིལ་འཁོར་སྒྲུབ་མཆོད་ཡུན་རིང་བར་བརྟེན་འཕྲེང་རྐྱང་གི་ཕྱག་ལེན་བསྡུས་ཤོས་འཁོར་ལོ་སྒྱུར་དྲུག་ལ་ཀྲྀ་ཡའི་སྒོས་ཆོས་ཕྲ་མོ་རྣམས་ཀྱང་བསྣན་པའི་ཕྱག་ལེན་ཤིན་ཏུ་རྒྱས་པ་ཐོབ་པར། དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་མི་བསྐྱོད་པའི་རིགས་གསང་འདུས་འཇམ་རྡོར་ལྷ་བཅུ་དགུ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། རྣམ་སྣང་སྒྱུ་


GLG002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དྲའི་རྒྱུད་སློབ་དཔོན་ཀུན་སྙིང་དང་བི་ཤཱ་མི་ཏྲས་རྣམ་སྣང་སྒྱུ་དྲ་གསང་འདུས་ཀྱི་རྒྱུད་ཕྱི་མའི་ཕྱི་མར་བཤད། སློབ་དཔོན་ཟླ་བ་གྲགས་པས་ཀྱང་དོན་གྱིས་གསང་འདུས་དང་ཕྱོགས་མཐུན་པར་བཞེད། རྡོ་རྗེ་འཆང་སྔགས་རམ་པ་བླ་མེད་དང་རྣལ་འབྱོར་རྒྱུད་དུ་བྱེད་པའི་ལུགས་གཉིས་སྣང་ཞེས་ཐེ་ཚོམ་དུ་མཛད་དོ། །ལ་བརྟེན་པའི་འཇམ་དཔལ་རྡོ་རྗེ་ལྷ་ཞེ་གསུམ། རྩ་བའི་རྒྱུད་གཤིན་རྗེ་དགྲ་ནག་གི་རྒྱུད་ལ་བརྟེན་པའི་རྣམ་སྣང་གི་རིགས་འཇམ་དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་སྟེ་ཕ་རྒྱུད་བཞི། བརྟག་པ་གཉིས་པ་ནས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱི་དཔལ་དགྱེས་པ་རྡོ་རྗེ་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ། གསུང་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་མཁའ་འགྲོ་ལྔ་རིགས་བསྡུས་པ་ལྷ་ལྔ་བཅུ་རྩ་གསུམ། སམྦུ་ཊིའི་རྒྱུད་ནས་གསུངས་པའི་བདག་མེད་ལྷ་མོ་ཉེར་གསུམ། བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔ། ཡང་རྒྱུད་དེ་ཉིད་ལས་གསུངས་པའི་ཀུ་རུ་ཀུ་ལླེ་ལྷ་བཅོ་ལྔ། མཁའ་འགྲོ་མ་རྡོ་རྗེ་གུར་ནས་བཤད་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གསུམ། རྡོ་རྗེ་འཆང་སྔགས་རམ་པ་བྱ་རྒྱུད་དུ་བཞེད། སམྦུ་ཊི་ནས་གསུངས་པའི་སྙིང་པོ་ཀྱེ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན། གསུང་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་བཅུ་བདུན། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་རྣམས་གཉིས་མེད་ཀྱི་རྒྱུད། སམྦུ་ཊི་ནས་གསུངས་པའི་བདེ་མཆོག་རྡོ་རྗེ་སེམས་དཔའ་


GLG002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སོ་བདུན། བདེ་མཆོག་རྩ་བའི་རྒྱུད་ནས་གསུངས་པའི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། བདེ་མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། ཕག་མོ་དམར་མོ་ལྷ་སུམ་ཅུ་རྩ་བདུན། ཕག་མོ་སྔོན་མོ་ལྷ་སོ་བདུན། ཕག་མོ་སེར་མོ་ལྷ་སོ་བདུན། ཨ་བྷི་དྷཱ་ན་ལས་གསུངས་པའི་ཧཱུྃ་མཛད་ཁྲོ་བོ་བཅུ་གཅིག་འདི་བདེ་མཆོག་ཁྲོ་བོ་རྡོར་སེམས་སུ་ཨ་བྷ་ཡ་བཞེད་དོ། །ཡང་རྒྱུད་དེ་ཉིད་ལས་གསུངས་པའི་བདེ་མཆོག་འཁོར་ལོ་སྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས། རྡོ་རྗེ་བདུད་རྩིའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མའི་རིགས་ཀྱི་རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག །བདུད་རྩི་ཧཱུྃ་མཛད་ལྷ་ཉེར་དགུ་བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག་བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ། ཧེ་རུ་ཀའི་རིགས་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔ། སངས་རྒྱས་ཐོད་པ་ལྷ་དགུ། །མ་ཡའི་རྒྱུད་ཆུང་ལ་བརྟེན་པའི་མ་ཧཱ་མ་ཡ་ལྷ་ལྔ། གདན་བཞིའམ་རྒྱུད་གསེར་གྱི་ཆར་པ་ནས་བཤད་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་ལྷ་ལྔ་བཅུ་རྩ་བརྒྱད། དེའི་ཡུམ་བཀའ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་རྣམས་བདེ་མཆོག་གི་ཕྱོགས་སུ་གཏོགས་པའམ་རྣལ་འབྱོར་མ་རྒྱུད། སྔོན་བྱུང་དྲང་སྲོང་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་འདུལ་བའི་དོན་དུ་གསུངས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ལྷ་དྲུག་བརྒྱ་སུམ་ཅུ་རྩ་བཞི། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་སྟོང་དང་བཞི་བརྒྱ། སྔགས་རམ་པའི་གསན་ཡིག་ན་དྲུག་བརྒྱ་ཉེར་དྲུག་ཅེས་སྣང་ངོ་། །ཕ་རྒྱུད་མ་


GLG002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཉིས་སུ་ཕྱེ་ན་དགྱེས་རྡོར་ནས་འདིའི་བར་མ་རྒྱུད་དུ་བསྡུས་ཀྱང་འཐད་དོ། །དེ་ཉིད་འདུས་པའི་རྒྱུད་ལས་གསུངས་པའི་ཐབས་གཙོ་བོར་སྟོན་པ་རྡོ་རྗེ་དབྱིངས་ལྷ་ལྔ་བཅུ་རྩ་གསུམ། ངན་སོང་སྦྱོང་རྒྱུད་དང་བརྟག་པ་ཕྱོགས་གཅིག་ལ་བརྟེན་པའི་གཙུག་དགུ་ལྷ་སུམ་ཅུ་རྩ་བདུན། སྒྱུ་དྲའི་རྒྱུད་དང་འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་འགྲེལ་པ་ལ་བརྟེན་ནས་ཤེས་རབ་གཙོ་བོར་སྟོན་པ་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག་སྟེ་རྣལ་འབྱོར་རྒྱུད། རྩ་བཤད་འཕྲོས་པ་ཆ་མཐུན་པ་ཡན་ལག་གི་རྒྱུད་ལྔའི་ནང་ནས་ཡན་ལག་གི་རྒྱུད་དམ་རྡོར་དབྱིངས་དང་ཆ་མཐུན་པའི་རྒྱུད་དུ་བཤད་ཅིང་དེ་བཞིན་གཤེགས་པའི་རིགས་སུ་ངོས་འཛིན་པར་སྣང་ངོ་། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་བརྟེན་པའི་རྡོ་རྗེའི་རིགས་གསང་བའི་བདག་པོ་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ་པ་སྤྱོད་རྒྱུད། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་བྱ་རྒྱུད་གསུམ། ཡོ་ག་གསུམ་ཞེས་འདུག་པས་བྱ་རྒྱུད་དུ་བཞེད་པ་འདྲའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འོད་ཟེར་ཅན་མ་ལྷ་ཉི་ཤུ་རྩ་ལྔ། གཟུངས་གྲ་ལྔ་ལྷ་བཅུ་གསུམ། འདི་ཡན་གྱིས་འཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་གཉིས་ཚང་། ཀྲྀ་ཡ་ནས་གསུངས་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཞེས་པ་ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གནས་གཙང་མའི་ལྷ་ནོར་རྒྱུན་ལ་ལྷ་བཅུ་དགུ་གཟའ་ཡུམ་གྱི་རྟོག་པ་ལས་གསུངས་པའི་རིགས་བྱེད་མ་ནུབ་བྱང་གི་གྲར་བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པའི་གཟའ་ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་རྒྱལ་མ་ལྷ་སུམ་ཅུ་རྩ་གསུམ་སྟེ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔ་དང་བཅས་


GLG002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་དབང་ལེགས་པར་ཐོབ་པའི་རྡོ་རྗེ་འཕྲེང་བ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་བརྒྱུད་པ་ནི་བཛྲ་དྷ་རཿ རྡོ་རྗེ་འཆང་། ཛྙཱ་ན་ཊཱཀི་ནཱི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨཱ་ཙཪྻ་ཨ་བྷ་ཡཱ་ཀ་ར་གུ པྟཿ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ། པཎྜི་ཏ་ཨ་ནུ་ས་མ་རཀྵི་ཏཿ མཁས་པ་དཔེ་མེད་བསྲུང་བ། མ་ཧཱ་པཎྜི་ཏ་བི་བྷཀྵ་ཏ་དེཝཿ མཁས་པ་ཆེན་པོ་རྣམ་བཤད་ལྷ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲཿ མཁས་པ་ཆེན་པོ་ཤཱཀྱ་དཔལ་བཟང་པོ། ཨ་ཝ་ནཔྟི་ཀ་བྷཱུ་མི་ཤྲཱིཿ དབོན་ཆུང་ས་གཞིའི་དཔལ། ཏ་སྱ་པུ་ཏྲ་བི་མཱ་ལ་ཤྲཱི་བྷ་དྲཿ དེའི་སྲས་དྲི་མེད་དཔལ་བཟང་། མང་མཁར་ལོ་ཀ་ཙཀྵུ་བོ་དྷི་སིདྷཿ མང་མཁར་འཇིག་རྟེན་མིག་བྱང་ཆུབ་སེང་གེ །སྐྱི་ཤཱསྟ་ཀཱིརྟི་དྷཱ་ཛཿ སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་སརྦ་ཛྙ་པྲ་ཛྙཱ་དྷྭ་ཛཿ དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། མཁྱེན་བརྩེ་ཐར་རྩེ་སྒྲུབ་ཁང་གསུམ་གྱི་གསན་ཡིག་ན་བིཀྵར་མཁྱེན་ཤེས་རབ་རྒྱལ་མཚན། གསན་ཡིག་ན་བིཀྵར་དེ་ཝ་དང་ཐར་རྩེ་སངས་རྒྱས་སེང་གེར་གསན་པ་དང་ཤར་བའི་གསན་ཡིག་ན་རྣམ་གྲགས་ལྷ་ཟེར་བ་འདུག་ཅིང་སྔགས་རམ་པའི་གསན་ཡིག་ན་བི་ཁྱ་དེ་ཝ་སྟེ་རྣམ་བཤད་ལྷ་ཞེས་སྣང་བ་སོགས་མི་མཐུན་ཙམ་ཁ་ཡར་བྱུང་བ་སླར་ཡང་བརྟག་གོ །ས་བཟང་མ་ཧཱ་པཎྜི་ཏ་མ་ཏི་དྷཱ་ཛ། ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་ཨཱཪྻ་ཀུ་མཱ་ར་མ་ཏིཿ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། བཛྲ་དྷར་ཨ་ནནྡ་བྷ་དྲཿ རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བོ་དྷི་ས་ཏྭ་མ་ཏི་རཏྣཿ བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཅེན། མཉྫུ་གྷོ་ཥ་བུདྷ་རཏྣཿ འཇམ་དབྱངས་སངས་རྒྱས་རིན་ཅེན། ཛིཾ་ན་པ་ར་མ་དེ་ཝ་སིདྷཿ རྒྱལ་བ་ལྷ་མཆོག་སེང་གེ །མྲྀ་དུ་སྭ་ར་རཏྣ་ནི་རཱ་བྷོ་གཿ འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ། མོཀྵཱ་གྲ་པཊུ་སིདྡྷ་ག་ག་ན་ཤྲཱི་བྷ་དྲཿ ཐར་རྩེ་བ་མཁས་གྲུབ་ནམ་མཁའ་དཔལ་བཟང་།


GLG002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱུ་མི་པཎྜུ་ཀ་མཉྫུ་གྷོ་ཥ་ཨཱ་ནནྡ་པུ་ཎྱ་ནི་རཱ་བྷོ་ག་མཾ་ག་ལ་ཀཱིརྟི་དྷྭ་ཛཿ ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན། མ་ཧཱ་པཎྜི་ཏ་ཝཱ་གིནྡྲ་དྷརྨཱ་ཀཱིརྟིཿ མཁས་པ་ཆེན་པོ་ངག་དབང་ཆོས་གྲགས། པྲ་བྷུ་བཛྲ་ས་ཏཱ་ནཱ་ཐ་པུ་ཎྱོ་ཏྟ་མ་བཤྴཱ་ས་ན་སྱ་དྷྭ་ཛ་ཤྲཱི་བྷ་དྲཿ ཁྱབ་བདག་རྡོ་རྗེ་སེམས་དཔའ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ཏེ་ནཱསྨ་ཏྶ་ཧོ་ར་གོ་མིཾ་ཀུ་ཊི་པོ་ཊ་ལ་སྱ་སྭཱ་བྷ་ཝ་དཱཪྻ་ལོ་ཀེ་ཤྭ་ར་སྱ་གནྡྷོ་ལེ྅ཡཙྪ་དཿ དེས་བདག་ཟ་ཧོར་བནྡེ་ལ་ཕོ་བྲང་པོ་ཏ་ལའི་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་དུ་སྩལ་ཏོ། །བཱ་རཏྣ་ནི་རཱ་བྷོ་གཱ་ཏཿ ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། པཱུརྦ་གྲྀ་ཧ་པྲཛྙ་དྷཱ་ཛཿ ཤར་ཁང་པ་ཤེས་རབ་རྒྱལ་མཚན། མོཀྵཱ་གྲ་པ་ནི་ཤྩ་ས་མཱ་ནཿ ཐར་རྩེ་པ་མན་འདྲ། ཙ་པ་ར་མ་དེ་ཝ་སིདྷཱུ་ཏྲ། ཡང་ན་ལྷ་མཆོག་སེང་གེ་ནས། པཱུརྦ་གྲྀ་ཧ་ནི་ཤྩ་ས་མཱ་ནཿ ཤར་ཁང་པ་མན་འདྲ། བཱ་རཏྣ་ནི་རཱ་བྷོ་གཱ་ཏཿ ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། སྭ་མི་བུདྡྷ་སིདྷཿ རྗེ་སངས་རྒྱས་སེང་གེ །མོཀྵཱ་གྲ་པ་ནི་ཤྩ་ས་མཱ་ནཿ ཐར་རྩེ་བ་མན་འདྲ། བི་བྷཱ་ཥ་ཨ་བྷ་ཡཱ་ཀ་རཱཏ྄ཿ ཡང་ན་འཇིག་མེད་འབྱུང་གནས་ནས། ཐར་རྩེ་བའི་གསན་ཡིག་ན་དཀྱིལ་འཁོར་ང་ལྔར་ཕྱེ་བའི་བརྒྱུད་པར་མཛད་འདུག་ཀྱང་མཁྱེན་བརྩེ་དང་སྔགས་རམ་པའི་གསན་ཡིག་སོར་བཞག་བྲིས་པ་ཡིན། སུ་ཙཱ་རཱ་ཀ་ར་གུཔྟཿ ལེགས་སྤྱོད་འབྱུང་གནས་སྦས་པ། ཤུབྷ་ཀ་ར་གུཔྟཿ དགེ་བྱེད་སྦས་པ། རཏྣ་རཀྵི་ཏཿ རིན་ཅེན་བསྲུང་བ། མ་ཏུ་ལ་ལོཙྪ་སིདྡྷ་ཤྲཱིཿ ཞང་འཇིག་རྟེན་དུ་སྒྲོགས་པ་གྲུབ་པ་དཔལ། ཁམས་པ་ཤཱཀྱ་བཛྲཿ ཁམས་པ་ཤཱཀྱ་རྡོ་རྗེ། མ་དྷྱ་བུདྡྷ་ལཀྵཿ དབུས་པ་སངས་རྒྱས་འབུམ། ལོ་ཀ་ཙཀྵུ་ཨུཏྟ་མ་བཱཾཿ འཇིག་རྟེན་མིག་མཆོག་ལྡན། སྐྱི་ཤཱསྟ་ནི་ཤྩས་མཱ་ནཿ སྐྱི་སྟོན་


GLG002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མན་འདྲ། ཙ་ཨ་བྷ་ཡཱ་ཀ་རཱཏཿ ཡང་ན་འཇིགས་མེད་འབྱུང་གནས་ནས། ན་ཡ་ཀཿ འདྲེན་པ། ད་ཤ་བ་ལ་ཤྲཱིཿ སྟོབས་བཅུའི་དཔལ། བི་བྷཀྵ་ཏ་དེ་ཝ་ནིཤྩ་ས་མཱ་ནཿ རྣམ་བཤད་ལྷ་མན་འདྲ། བཱ་པཎྜི་ཏ་ཤཱཀྱ་ཤྲཱི་ཡཿ ཡང་ན་མཁས་པ་ཤཱཀྱ་དཔལ་ནས། གླན་བ་སོ་བཿ གླན་བ་སོ་བ། གཉག་བཛྲ་དྷ་རཿ གཉག་རྡོ་རྗེ་འཛིན་པ། ཁམས་ཤཱསྟ་ལྷོ་ཚད་པ་རཏྣ་རཏྣཿ ཁམས་སྟོན་ལྷོ་ཚད་པ་དཀོན་ཅོག་རིན་ཅེན། ལོ་ཀ་ཙཀྵུ་ཨུཏྟ་མཱཾ་ནིཤྩ་ས་མཱ་ནཿ འཇིག་རྟེན་མིག་མཆོག་ལྡན་པ་མན་འདྲ། བཱ་པཉྩ་མཎྜལ་པཉྩ་ད་ཤི་ཀ་མཱ་ལེ། ཡང་དཀྱིལ་འཁོར་ལྔ་བཅུ་རྩ་ལྔར་ཕྱེ་བའི་བརྒྱུད་པ་ནི། མཁའ་འགྲོ་ལྔ་འཁོར་ལོ་སྒྱུར་བ་དྲུག་བསྲུང་བ་ལྔ་རྣམས་སོ་སོར་ཕྱེ་བས་ང་ལྔ། ཨ་བྷ་ཡཱ་ཀ་རཿ འཇིགས་མེད་འབྱུང་གནས། ཤཱཀྱ་རཀྵི་ཏཿ ཤཱཀྱ་བསྲུང་བ། གོ་ཏཾ་གུ་རུཿ གོ་ཏཾ་བླ་མ། བི་བྷཱུ་ཏི་ཙནྡྲཿ གྲགས་འབྱོར་ཟླ་བ། གོ་དེ་ཝ་ཤྲཱིཿ ས་ལྷའི་དཔལ། ཀྵནྟི་ཤྲཱིཿ བཟོད་པ་དཔལ། པཎྜི་ཏ་བུདྡྷ་ཤྲཱིཿ མཁས་པ་སངས་རྒྱས་དཔལ། པཎྜི་ཏ་ནཱ་ཐཿ མཁས་པ་མགོན་པོ། སྐྱི་ཤཱསྟ་ནི་ཤྩ་ས་མཱནཿ སྐྱི་སྟོན་མན་འདྲ། ཙ་མཎྜ་ལཱཥྚ་བིཾ་ཤཏྶ་མ་ཧ་ར་མཱ་ལེཿ ཡང་ན་དཀྱིལ་འཁོར་ཉེར་བརྒྱད་དུ་བསྡུས་པའི་བརྒྱུད་པ་ནི། ཀྱེ་རྡོར་ལྷ་དགུ་མ་བཞི་དང་བཅུ་བདུན་མ་བཞི་བདག་མེད་མ་གཉིས་བདེ་མཆོག་གསུམ་ཕག་མོ་གསུམ་བདུད་རྩི་བཞི་རྣམས་རེ་རེ་བསྡུས་སོ། །པཎྜི་ཏ་ཤཱཀྱ་ཤྲཱི་ཡཿ མཁས་པ་ཤཱཀྱ་དཔལ་ནས། དཀྵི་ཎ་སརྦ་ཛྙཿ ལྷོ་པ་ཐམས་ཅད་མཁྱེན་པ། དེ་ཝ་གྲྀ་ཧ་ཤུཀླཿ ལྷ་ཁང་ཀ་རུ་བ། ཡར་ཀླུངས་པ་བྷ་ག་ཝཱ་ན་ཁཌྒ་སྱཿ ཡར་ཀླུངས་པ་བཅོམ་ལྡན་རལ་གྲི། བྷ་ཏྲ་པྲཛྙཱ་པྲ་ཎི་དྷིཿ གཅུང་པོ་ཤེས་རབ་སྨོན་ལམ། གུ་རུ་བོ་དྷི་སིདྷ་ནི་ཤྩ་ས་མཱ་ནཿ བླ་མ་བྱང་ཆུབ་སེང་གེ་མན་འདྲ། བཱ་བི་མཱ་ལ་ཤྲཱི་ཡཿ ཡང་ན་དྲི་མེད་དཔལ་ནས།


GLG002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀ་ཙཀྵུ་མ་ཏི་སྠི་རཿ འཇིག་རྟེན་གྱི་མིག་བློ་གྲོས་བརྟན་པ། བོ་དྷི་སིདྷ་ནི་ཤྩ་ས་མཱ་ནཿ བྱང་ཆུབ་སེང་གེ་མན་འདྲ། མ་ཧཱ་པཎྜི་ཏ་དཪྤ་ཎ་ཨཱ་ཙཪྻ་སྱ་ནེ་མ་ཏ་ཀྲྀ་ཡ་ས་མུཙྪ་ནཱཾ་མཎྜལ་པཉྩ་མ་ཙ་ཏུ་རིཾ་ཤ་དཱཾ་མཱ་ལེ། མཁས་པ་ཆེན་པོ་སློབ་དཔོན་འགྲོ་བའི་མེ་ལོང་ལུགས་ཀྱི་བྱ་བ་ཡང་དག་པར་བསྡུས་པའི་དཀྱིལ་འཁོར་ཞེ་ལྔའི་བརྒྱུད་པ་ནི། བཛྲ་དྷ་རཿ རྡོ་རྗེ་འཆང་། ཛྙཱ་ན་ཌཱ་ཀི་ནཱིཿ ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎྜི་ཏ་དཪྤ་ཎ་ཨཱ་ཙཪྻཿ སློབ་དཔོན་མཁས་པ་འགྲོ་བའི་མེ་ལོང་། འཕགས་པ་རིན་པོ་ཆེའི་གསན་ཡིག་ན་འདིའི་སྔོན་དུ་ཨ་བྷ་ཡ་དང་དཔེ་མེད་བསྲུང་གཉིས་འདུག་པས་ཆད་དམ་ཞེས་ཐར་རྩེ་དང་ཤར་པའི་གསན་ཡིག་ཏུ་བྱུང་བ་བགྲང་ཀྱང་ཁུངས་མི་བཙུན་པ་མ་ཡིན་ལ། ལོ་རྒྱུས་ལྟར་ན་ཕག་མོ་ལ་དཪྤ་ཎ་རང་གིས་ཐུག་པས་ཆད་སྐྱོན་མི་འབྱུང་ཞིང་ཨ་བྷ་ཡ་དང་དཪྤ་ཎ་གཉིས་ཕར་སློབ་ཚུར་སློབ་ཡིན་པའི་ལོ་རྒྱུས་ལྟར་ན་དཔེ་མེད་གསུངས་མི་དགོས་པ་འདྲའོ། །ས་མནྟ་བྷ་དྲཿ ཀུན་ཏུ་བཟང་པོ། ཛྙཱ་ན་ཛྱོ་ཏེཿ ཡེ་ཤེས་ཀྱི་གློག །ཤྲཱི་ཧཱ་ནུ་མནྟཿ དཔལ་མྱུར་བའི་མཐའ། ཐར་རྩེ་པའི་གསན་ཡིག་ན་དཔལ་ཡིད་ཀྱི་འགྲམ་པ་དང་སྔགས་རམ་པའི་དེར་དཔལ་གཞན་ལ་ཕན་ཞེས་པར་བསྒྱུར་འདུག་པ་དཔྱད། ཤྲཱི་མཉྫུ་བྷ་དྲཿ འཇམ་དཔལ་བཟང་པོ། ཤྲཱི་བྷ་དྲཿདཔལ་བཟང་། དྷརྨཱ་ཛྱོ་ཏི་བྷ་དྲཿ ཆོས་ཀྱི་གློག་བཟང་། མ་ན་ཛཱི་ཝ་བྷ་དྲཿ ཡིད་འཚོ་བ་བཟང་པོ། གོ་ཏཾ་ཤྲཱི་བྷ་དྲཿ ངག་གི་དཔལ་བཟང་། ཤྲཱི་བི་ཛ་ཡ་བྷ་དྲཿ དཔལ་རྣམ་རྒྱལ་བཟང་པོ། ཤྲཱི་མ་ད་ན་བྷ་དྲ་པཱ་དཿ དཔལ་མྱོས་བྱེད་བཟང་པོའི་ཞབས། ཤྲཱི་ལཀྵྨི་བྷ་དྲ་པཱ་དཿ དཔལ་ཕུན་ཚོགས་བཟང་པོའི་ཞབས། ག་ག་ན་བྷ་དྲཿ ནམ་མཁའ་བཟང་པོ། ཨུ་ད་ཀ་ཛཱི་ཝ་བྷ་དྲཿ ཆུའི་འཚོ་བ་བཟང་པོ། ཤྲཱི་ཧརྵ་བྷ་དྲ་པཱ་ད། དཔལ་འཕྲོག་བྱེད་བཟང་པོའི་ཞབས། བྷ་ག་ཝཏྦྷ་དྲཿ སྐལ་ལྡན་བཟང་པོ། ཛ་ག་ཏ་ཨཱ་ནནྡ་ཛཱི་ཝ་བྷ་དྲཿ སྐྱེ་རྒུ་ཀུན་དགའི་འཚོ་བ་བཟང་པོ། ཏསྱ་པུ་ཏྲ་མ་ཧཱ་བོ་དྷིཿ དེའི་སྲས་བྱང་ཆུབ་ཆེན་པོ། ས་བཟང་ཨཱཪྻ་ཀུ་མཱ་ར་མ་ཏི་ནིཥྩ་ས་མཱ་ནཿ ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་མན་འདྲཿ


GLG002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གླང་ཟླ་བ་བཅུ་གཅིག་པའི་དགུན་ཉི་མ་ཐུང་ཞིང་བསིལ་ངད་ཆེ་བ་དང་ཉིན་མོའི་རིང་ཕལ་ཆེར་རྒྱལ་བ་བཙོང་ཁ་པ་ཆེན་པོའི་གསུང་རབ་ཀྱི་ལྗགས་ལུང་སོགས་ཀྱིས་ཐུགས་ལོང་ཆུང་བའི་སྒྲུབ་མཆོད་སོགས་ཞིབ་ཞིབ་གནང་ལོང་བྱུང་མ་སོང་བའི་སྟེང་། དཀྱིལ་འཁོར་ཉི་ཤུ་རྩ་གཉིས་ཙམ་ཞིག་ལ་དཀྱིལ་འཁོར་ཞེ་གཉིས་ཚང་བའི་དབང་དུ་བཏང་བའི་རྡོ་རྗེ་འཕྲེང་བའི་དབང་ཞིག་མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ནོས་པ་འཕགས་ཆེན་དམ་པ་རྣམས་དག་པ་ཡེ་ཤེས་ཀྱི་སྣང་བས་རྟག་ཏུ་འབྱམ་ཀླས་པས་ཀུན་རྫོབ་ཀྱི་རྩོལ་བྱས་ལ་མ་ལྟོས་མོད། ཕ་དམ་པས་ངའི་གདམས་པ་འདི་ང་དང་འདྲ་བ་ཞིག་གིས་ཉམས་སུ་བླངས་ན་ལག་ཏུ་ཁེལ་གསུང་པ་ལྟར་སྤང་རྟོགས་ཀྱི་ཡོན་ཏན་དེ་ལྡན་ཞིག་གིས་དབང་ཐོབ་པར་འགྲོ་ཤས་ཆེ་ཡང་ཚུར་མཐོང་བྱིས་པའི་ངང་ཚུལ་ཅན་རྣམས་ཀྱིས་ཐོབ་པར་རློམ་ཡང་། སྡོམ་གསུམ་དུ། ཆོ་ག་ཅུང་ཟད་ཉམས་པ་ལ། ཆོ་ག་ཆགས་པར་མ་གསུངས་ན། ཆོ་ག་ཕལ་ཆེར་ཉམས་པ་ལ། །ཆོ་ག་ཆགས་པར་འགྱུར་རི་སྐན། །ཞེས་པ་ལྟར་བདག་འདྲ་དམན་པའི་རིགས་ཀྱི་བློར་ཆུད་དཀའ་བ་ནས་བརྒྱུད་པ་ཞིབ་མ་དཔྱད། དཔྱོད་པར་ཤར་ཚེ་བཀའ་འབུམ་དུ་བརྒྱུད་འདེབས་འདུག་པ་དེ་བཞིན་གཤེགས་པས་གདུལ་བྱ་འགའ་ཞིག་ལ་གང་ཟག་གིས་བདག་ཡོད་པར་བསྟན་པ་བཞིན་འགྲོ་བའི་སྣང་ངོར་གསུངས་པ་མ་གཏོགས་ངེས་དོན་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་འཕྲེང་བའི་སྙན་གསན་ཕུལ་བར་སྔར་ཕན་ཚང་བ་ཞིག་མ་ཐོབ། སླར་རྩོལ་བ་བྱས་ནས་ལོ་གསུམ་གྱི་ཁོངས་སུ་འབུལ་བར་ཞལ་གྱིས་འཆེས་པ་རྗེ་ཉིད་ཀྱི་མཆོད་དཔོན་ཨོ་ལོ་སྲས་པོ་དང་གྲོགས་པོ་ནང་པའི་དགེ་


GLG002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ངག་དབང་ཆོས་རྒྱལ་སོགས་དུས་དེའི་གྲྭ་རྒན་ཕལ་ཆེར་གྱིས་གླེང་ཞིང་། རབ་འབྱམས་པ་བསོད་ནམས་གྲགས་པས་ཇོ་ནང་སྤྲུལ་སྐུར་ཞུས་ནས་ཕུལ་ལམ། ཡང་ན་ཟུར་བཀའ་གསན་རིགས་དེ་གས་གོ་བཅད་འཕྲོས་རྣམས་ཁ་བསྐངས་ཞེས་དོགས་གནས་གཉིས་སུ་བྱེད་པར་སྣང་ངོ་། །སྒྲུབ་ཐབས་རྣལ་འབྱོར་རྫོགས་པའི་འཕྲེང་བ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་འཕྲེང་བ། སྦྱིན་སྲེག་འོད་ཀྱི་སྙེ་མ་གསུམ་གྱི་ལུང་ནོས་པའི་བརྒྱུད་པ་ནི། ཨ་བྷ་ཡཱ་ཀ་ར། ཨ་ནུ་ས་མ་རཀྵི་ཏ། རྣམ་པར་གྲགས་པའི་ལྷ། པཎ་ཆེན་ཤཱཀྱ་ཤྲཱི། དབོན་ཆུང་བྷཱུ་མི་ཤྲཱི། དེ་སྲས་བི་མཱ་ལ་ཤྲཱི། མང་མཁར་ལོ་ཙཱ་བ་བྱང་ཆུབ་སེང་གེ །སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པོ་བ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །ཆོས་རྗེ་རྡོ་རྗེ་སེང་གེ །མཁས་གྲུབ་ཤཱཀྱ་འོད་ཟེར། རྗེ་སངས་རྒྱས་སེང་གེ །བྲང་ཏི་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། ཁྱབ་བདག་བཀའ་འགྱུར་བ་ཆེན་མོ། རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་འཇིགས་མེད་འབྱུང་གནས། ལེགས་སྤྱོད་འབྱུང་གནས། དགེ་བྱེད་སྦས་པ། རིན་ཅེན་འཚོ་བ། ཞང་གྲུབ་པ་དཔལ། ས་ཕུག་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། མཆོག་ལྡན་ལེགས་པའི་བློ་གྲོས། སྐྱི་སྟོན་གྲགས་རྒྱལ་མན་འདྲའོ། །རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ལྷ་དཔའ་བོ་གཅིག་པ་སོགས་སྒྲུབ་ཐབས་མང་པོ་གསུངས་པ་རྣམས་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་མཚོན་པའི་པཎ་གྲུབ་


GLG002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་སྒྲུབ་ཐབས་ཆུང་ངུ་མང་དུ་མཛད་པ་ཐོར་བུ་རྣམས་པཎ་གྲུབ་ཚད་ལྡན་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་བསྡུས་པ་ཞེས་པ་རྒྱས་བསྡུས་ཀྱི་བསྡུས་པ་མིན་ཡང་བྱ་བ་མང་པོ་ཕྱོགས་གཅིག་ཏུ་བསྡུས་པས་དེ་ལྟར་གྲགས་ཤིང་། བླ་མ་བཻ་རོ་ཙ་ན་རཀྵི་ཏ་དང་བྷ་བྱང་ཆུབ་སེམས་དཔའ་སོགས་ལ་བ་རི་ལོ་ཙཱ་བས་སྒྲུབ་ཐབས་མི་འདྲ་བ་སྟོང་རྩ་གསན་པའི་ནང་ནས་ཟབ་ཅིང་ཐུགས་གཙིགས་ཆེ་བ་དགུ་བཅུ་གོ་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས་ཀུན་ལས་བཏུས་སམ་བརྒྱ་རྩ་ཞེས་པ་བོད་འདིར་འགྱུར་བའི་བསྡུས་པ་དང་། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི་སྒྲུབ་ཐབས་ཕྱེད་དང་ཉིས་བརྒྱ་པ་འབྲིང་པོ། རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ལས་གནང་བ་ཐོབ་ཅིང་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལ་བརྟེན་ནས་པཎ་ཆེན་འཇིགས་མེད་འབྱུང་གནས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཀས་བསྐུལ་ནས་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་ཞེ་གཉིས་བཞུགས་པ་རྒྱས་པའམ་རྒྱ་མཚོར་གྲགས་པ་རྣམས་ལས་ཕྱི་མ་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས་ཟིན་བྲིས་སུ་མཛད་པའི་བཀླགས་པས་དོན་གྲུབ་ཀྱི་སྟེང་ནས་རྗེས་གནང་དང་། རྒྱ་གཞུང་གི་ལུང་ཡོངས་རྫོགས་ནོས་པར་གོང་དཀར་བའི་གསན་ཡིག་དང་རྒྱ་གཞུང་གཉིས་གོ་རིམ་ཞུས་དག་ཕེར་ཞིང་། ངོར་ཆེན། མཁྱེན་བརྩེ། ཐར་རྩེ། ཤར་བ། རྗེ་བཀའ་འགྱུར་བའི་གསན་ཡིག་རྣམས་སུ་རྒྱུད་སྡེའི་གོ་རིམ་ཕྱེ་བ་དང་། ལ་ལར་དེར་མ་ལྟོས་པའི་གོ་རིམ་མི་


GLG002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའང་འདུག །བཀླགས་པས་དོན་གྲུབ་དང་རིན་ཅེན་སྒྲོན་མེ་གཉིས་ནའང་གོ་རིམ་དང་གྲངས་མང་ཉུང་ཅུང་ཟད་བྱུང་ལ། འདིར་ཆོས་སྡེའི་གོ་རིམ་རྒྱ་གཞུང་སོར་བཞག་དང་། ལག་ལེན་གྱི་དུས་གོ་རིམ་འཁྲུགས་བསྡེབས་བྱས་ཆོག་པའི་རྗེས་གནང་ཡོད་མེད་དང་བླ་མེད་གང་ཡིན་མཆན་བུས་བཀྲོལ་ཏེ་བཀོད་པ་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། འདི་གཉིས་ལ་ལྷ་སྔགས་མི་གསལ་བ་འཇམ་དཔལ་རྩ་རྒྱུད་ནས་ཁ་བསྐངས་པའི་རྗེས་གནང་མཛད་སྲོལ་བྱུང་འདུག་ཀྱང་དེང་སང་ལུང་ལས་རྗེས་གནང་མེད་དོ། །དེའི་སྒྲུབ་ཐབས་རིན་ཅེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། རྗེ་བཙུན་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་མན་ངག་གི་ཆོ་ག་འདི་གསུམ་བསྡོམས་པར་རྗེས་གནང་གཅིག །ཡང་དེའི་སྒྲུབ་ཐབས་མི་འདྲ་བ་གཉིས། འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་པོ་དཀར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དཔལ་ལྡན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྗེས་གནང་ཡོད། ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་དཔལ་ལྡན་འཇིག་རྟེན་མགོན་པོ་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས། མགོ་མཇུག་གཉིས་ན་ཡི་གེ་དྲུག་པའི་སྒྲུབ་ཐབས་ཟེར་བ་དང་མངོན་རྟོགས་ཀྱི་འགོར་དཔལ་ལྡན་འཇིག་རྟེན་མགོན་ཞེས་པ་སྣང་རྗེས་གནང་ཡང་ཡོད། དཔལ་ལྡན་འཇིག་རྟེན་མགོན་པོ་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་པདྨ་དབང་བྱེད་ཀྱང་ཟེར་རྗེས་གནང་ཡོད། འཕགས་པ་ཡི་གེ་དྲུག་པའི་རིགས་སྔགས་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་མན་ངག་རྒྱ་ཆེན་བརྒྱུད་པའི་སྒྲུབ་ཐབས་ཀྱི་ཆོ་ག་ཞེས་པ་ཡི་གེ་དྲུག་པ་


GLG002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པ་དཀར་པོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྣམ་སྣང་མངོན་བྱང་ནས་བཤད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་ཁ་སཪྤཱ་ཎི་དཀར་པོ་ཕྱག་གཉིས་པའི་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་རྙོག་པ་མེད་པས་མཛད་པ། འདི་ནས་ཨ་ནུ་སམ་རཀྵི་ཏས་མཛད་པའི་བར་གྱི་བཞི་པོར་རྗེས་གནང་གཅིག །པོ་ཏ་ལ་ཀེ་ཁ་སཪྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། སློབ་དཔོན་དགེ་བྱེད་ཀྱིས་མཛད་པའི་ཁ་སཪྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས། གསན་ཡིག་གཞན་ཚོར་བདེ་བྱེད་ཟེར་བ་འདུག །རྒྱ་གཞུང་དང་གོང་དཀར་བའི་གསན་ཡིག་ན་དཀྱུས་ལྟར་བྱུང་ངོ་། །དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས་ཨ་ནུ་ས་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད། དཔལ་ལྡན་མཁའ་སྤྱོད་ཁ་སཪྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། རྗེས་གནང་ཡོད། སེང་གེ་སྒྲའི་སྒྲུབ་ཐབས་འདི་དང་གནས་འབྱུང་བའི་སྒྲུབ་ཐབས་གསུམ་སྟེ་བཞི་བསྡོམས་པར་རྗེས་གནང་གཅིག །པཎྜི་ཏ་ཨ་ཝ་དྷཱུ་ཏི་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། གསན་ཡིག་ཕལ་ཆེར་ན་འཇིགས་མེད་རྡོ་རྗེ་ཞེས་འདུག་ཀྱང་རྒྱ་གཞུང་བཀླགས་པས་དོན་གྲུབ་གོང་དཀར་བའི་གསན་ཡིག་བཅས་པར་དཀྱུས་ལྟར་སྣང་ངོ་། །འཇིག་རྟེན་མགོན་པོ་དཀར་པོ་ཕྱག་གཉིས་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། རྗེས་གནང་ཡོད། རིན་ཅེན་སྒྲོན་མེར་འཇིག་རྟེན་དབང་ཕྱུག་ཟེར་རྒྱ་གཞུང་དང་གསན་ཡིག་མཐུན་པར་དཀྱུས་ལྟར་བྱུང་། འཇིག་རྟེན་དབང་ཕྱུག་དཀར་པོ་ཕྱག་གཉིས་གཙོ་རྐྱང་གི་སྒྲུབ་ཐབས། རྗེས་གནང་ཡོད། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག །ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་


GLG002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས། འདི་གཉིས་ཐུན་མོང་དུ་རྗེས་གནང་གཅིག་རིན་ཅེན་སྒྲོན་མེར་ཕྱི་མ་གཙོ་རྐྱང་གི་དབང་དུ་བྱས་ཏེ་ཁ་ཕྲལ་ནས་སོ་སོར་རྗེས་གནང་འདུག །ཡང་དེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་གཉིས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ། རྗེས་གནང་ཡོད། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་དམར་པོ་ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། རྗེས་གནང་ཡོད། པདྨ་གར་གྱི་དབང་ཕྱུག་དམར་པོ་ཕྱག་བཅོ་བརྒྱད་པ་ལྷ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། ཧ་རི་ཧ་རི་ལ་ཞོན་པར་གྱུར་པ་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབས། འདི་གཉིས་བསྡོམས་པ་རྗེས་གནང་གཅིག །ཡང་དེའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཨཽ་ཌི་ཡ་ནའི་རིམ་པའི་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ། འདི་གཉིས་བསྡོམས་པར་རྗེས་གནང་གཅིག །དེའི་སྒྲུབ་ཐབས་ཨཽ་ཌི་ཡ་ན་ནས་བྱུང་ཞིང་ས་ར་ཧའི་ཞབས་ཀྱིས་གདན་དྲངས་པ། འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་བཞི་པ་ལྷ་གསུམ་པའི་སྒྲུབ་ཐབས། རྗེས་གནང་ཡོད། འཇིག་རྟེན་དབང་ཕྱུག་གིས་ལྷག་པར་དབང་དུ་བྱ་བའི་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། གསང་བ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་པའི་འཕགས་པ་སྤྱན་རས་གཟིགས་མགྲིན་པ་སྔོན་པོ་ཅན་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་


GLG002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ནག་པོ་ཞལ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཤེས་རབ་བསྐྱེད་པ་པདྨའི་ཕྱག་གི་གཟུངས། འདི་གཉིས་ལ་ལུང་ལས་རྗེས་གནང་མེད། ཉེ་བར་སྤྱོད་པ་དང་བཅས་པ་སྲན་མ་མ་ཥའི་ཞལ་གྱི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་དཀར་པོ་ཕྱག་དྲུག་པ་ལྷ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། ངོར་གོང་དཀར་བ་མཁྱེན་བརྩེ། ཐར་རྩེ། ཤར་པ་ལྔའི་གསན་ཡིག་མཁྱེན་བརྩེའི་བཀླགས་པས་དོན་གྲུབ། རྒྱ་གཞུང་རྣམས་མཐུན་པར་བར་འདིར་སྒྲུབ་ཐབས་གཞན་མི་འདུག་ཀྱང་ཐར་རྩེ་བས་མཛད་པའི་རྗེས་གནང་གི་ཆོ་ག་རིན་པོ་ཆེ་སྒྲོན་མེར་དོན་ཞབས་ཕྱག་བཅུ་པ། དྲུག་པ། བཞི་པ་རྣམས་གོང་གི་སྒྲུབ་ཐབས་ཀྱི་ཚིག་གིས་ཟིན་འདུག་པས་སྤེལ་བ་འདྲ་ཡང་རྗེས་གནང་ཟུར་དུ་དགོས་མི་དགོས་དཔྱད་དོ། །འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་འཕགས་པ་བྷུགྨ་དམར་མོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་ཤཱུནྱ་ཏ་ས་མ་དྷི་བཛྲ་པཱ་དའི་ཞབས་ཀྱིས་མཛད་པ། རྗེས་གནང་ཡོད། དཔལ་ལྡན་འཇིག་རྟེན་མགོན་པོའམ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཁོར་མེད་པ་མ་གཏོགས་ཞལ་ཕྱག་བྷུག་མ་དང་འདྲ་རིན་པོ་ཆེ་སྒྲོན་མེར་རྗེས་གནང་གོང་གིས་ཐུས་པ་ལས་ཟུར་དུ་མེད། འཇམ་དབྱངས་བསྟན་པའི་འཁོར་ལོ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་བྷ་ཝ་སྐནྡྷས་མཛད་པ། འདི་གཉིས་ལ་རྗེས་གནང་གཅིག །དེའི་སྒྲུབ་ཐབས་ཚིག་ལྷུག་མ། འཇམ་དཔལ་སེང་གེའི་སྒྲ་སེར་པོ་ཕྱག་གཉིས་པ་ལྷ་བཅུ་གཅིག་གི་སྒྲུབ་ཐབས། རྗེས་གནང་ཡོད། འཇམ་དབྱངས་ངག་གི་རྒྱལ་པོ་དམར་སེར་ཕྱག་གཉིས་ཀྱི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ། འདི་གཉིས་དང་འོག་ནས་འབྱུང་བའི་ཡི་གེ་གཅིག་མའི་རབ་ཏུ་སྦྱོར་བ་ལ་རྗེས་གནང་གཅིག །ཡང་དེའི་སྒྲུབ་ཐབས་རྡོ་རྗེ་རྣལ་འབྱོར་མས་གསུངས་པ། སེང་


GLG002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་གདན་ལ་བཞུགས་པའི་ངག་གི་རྒྱལ་པོ་ཞེས་བྱ་བ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས། འདི་གཉིས་བསྡོམས་པར་རྗེས་གནང་གཅིག་མཛད་ལ་རིན་ཅེན་སྒྲོན་མེར་འདི་གཉིས་སོ་སོར་ཕྲལ་བའི་ཕྱི་མ་འདི་ངག་གི་རྒྱལ་པོ་གོང་མ་གཉིས་ཀྱི་སྟེང་དུ་བསྣན་ནས་མཛད་འདུག་པ་དོན་གྱི་རྗེས་གནང་ལ་མང་ཉུང་མ་བྱུང་ཡང་སྔགས་ཝཱ་གཱི་ཤྭ་ར་དང་ཝརྞ་སཾ་གྱི་ཁྱད་འདུག་པས་བཀླགས་པས་དོན་གྲུབ་ལུགས་འཐད་པར་སྣང་། ཡང་ངག་གི་རྒྱལ་པོ་སེང་གེའི་གདན་ལ་བཞུགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོ་གསེར་ཞུན་ཕྱག་གཉིས་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་ལྷ་གསུམ་མའི་སྒྲུབ་ཐབས། རྗེས་གནང་ཡོད། ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོ་ལྷ་གསུམ་མའི་སྒྲུབ་ཐབས་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ། རྗེས་གནང་ཡོད། ཡིད་བཞིན་ནོར་བུ་སྦྱིན་དང་ཞལ་ཕྱག་མཐུན། བཅོམ་ལྡན་འདས་ཀྱི་ཆོ་ག་འདི་མཁས་པས་སྤྱོད་ལམ་གཙང་མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན་བཟླ་བར་གསུངས་པའི་ངག་གི་རྒྱལ་པོ་གསེར་བཙོ་མའི་མདོག་ཅན་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། འདི་གཉིས་བསྡོམས་པར་རྗེས་གནང་གཅིག །ཡང་དེའི་སྒྲུབ་ཐབས་ཚིག་ལྷུག་པ། རྗེ་བཙུན་འཕགས་པ་འཇམ་དཔལ་སྒོམ་པའི་མན་ངག་ཅེས་པ་ཨ་ར་པ་ཙ་ན་དམར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་


GLG002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། རྗེས་གནང་ཡོད། འཇམ་དཔལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ། འདི་ལ་ལུང་ལས་རྗེས་གནང་མེད། གསན་ཡིག་ཕལ་ཆེར་ན་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་སྣང་ལ་གོང་དཀར་བའི་གསན་ཡིག་དང་རྗེས་གནང་གི་ཡིག་ཆ་གཉིས་ན་མི་གསལ་ལོ། །གུར་ནས་གསུངས་པའི་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབས། འདི་གཉིས་བསྡོམས་པར་རྗེས་གནང་གཅིག །ཡང་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག །རྗེས་གནང་ཡོད། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན། ལུང་ལས་རྗེས་གནང་མེད། ཆོས་ཀྱི་རྗེས་སུ་འབྲང་བ་འདི་དང་ཆོས་ཀྱི་ཏིང་ངེ་འཛིན་གྱིས་མཚོན་པ་ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོའི་སྒྲུབ་ཐབས། རྗེས་གནང་ཡོད། འདི་རིན་ཅེན་སྒྲོན་མེར་ཆོས་དབྱིངས་གསུངས་དབང་དཀར་པོ་དང་བཀླགས་པས་དོན་གྲུབ་ཏུ་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ཞེས་སྣང་ཡང་དོན་གཅིག་གསན་ཡིག་ཚོར་ཆོས་དབྱིངས་གསུང་དབང་གི་སྒྲུབ་ཐབས་ཞེས་སྤམ་མེ་བ་ལས་གསལ་ཁ་མི་འདུག་འོག་གི་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་རྗེས་གནང་ཡང་འདི་ཀས་གོ་ཆོད་པར་མཛད། ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རིན་ཅེན་སྒྲོན་མེར་འདི་གཉིས་ལ་རྗེས་གནང་གཅིག་མཛད་འདུག་པ་མངོན་རྟོགས་མི་འདྲ་ཞིང་། བཀླགས་པས་དོན་གྲུབ་ཏུ་གོང་མར་ཨ་ར་པ་ཙ་ན་སྔོན་མ་རྣམས་ཀྱི་རྗེས་གནང་གི་མཐུས་ཤིང་ཕྱི་མ་དང་འོག་ནས་འབྱུང་བའི་ངག་གི་རྒྱལ་པོ་བསྡོམས་པར་རྗེས་གནང་གཅིག་མཛད། ངག་གི་རྒྱལ་པོ་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། འཇམ་དཔལ་


GLG002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དཔའ་བོ་གཅིག་སྒྲུབ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། འདི་དང་འོག་ནས་འབྱུང་བའི་གཅིག་སྒྲུབ་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག །ངག་གི་དབང་ཕྱུག་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རིན་ཅེན་སྒྲོན་མེར་འདི་ལ་རྗེས་གནང་ཟུར་དུ་མཛད་ཀྱང་གོང་གི་ངག་གི་རྒྱལ་པོ་དང་གཅིག །འཕགས་པ་འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། འདི་གཉིས་བསྡོམས་པར་རྗེས་གནང་གཅིག །ཡང་རྒྱལ་པོ་རོལ་པ་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་སྒྲུབ་པའི་སྒྲུབ་ཐབས། བུང་བ་མྱོས་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་རིན་ཅེན་མྱུ་གུས་མཛད་པ། ལྷག་པར་དབང་དུ་བྱེད་པ་དམར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་དགེ་བ་བྱེད་པས་མཛད་པ། འཇམ་དཔལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། འདི་དང་གོང་དུ་སོང་མ་ཐག་པ་གཉིས་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག །རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། འདི་གཉིས་ལ་རྗེས་གནང་གཅིག་མཛད་ཅིང་སྒྲུབ་ཐབས་གསུམ་ཞེས་པ་སྣང་ཡང་རྒྱ་གཞུང་དང་གསན་ཡིག་ཚོར་གཉིས་ལས་མི་འདུག་པས་ཡིག་སྐྱོན་བྱུང་འདྲ། ཡང་རིག་པ་འཛིན་པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། ཤེས་རབ་འཕེལ་དཀར་པོ་ཕྱག་གཉིས་པའི་ཆོ་ག །འདི་ལ་རྗེས་གནང་ལོགས་སུ་ཡོད། རིན་ཅེན་སྒྲོན་མེར་གོང་གི་རྗེས་གནང་གིས་མཐུས་པ་མཛད་འདུག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོབ་པ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རིན་ཅེན་སྒྲོན་མེར་མཚན་བསྟོད་


GLG002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་མིང་འདོགས་མཛད་འདུག །རྗེས་གནང་ཡོད། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་གྱི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་དམར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས། རྗེས་གནང་ཡོད། འཇམ་པའི་རྡོ་རྗེ་དམར་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ། ཞལ་ཕྱག་ཡིད་བཞིན་ནོར་བུ་བྱིན་གྱིས་མཛད་པ་དང་གཅིག །གཏུམ་མོ་ཆེན་པོ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། གསན་ཡིག་ཕལ་ཆེར་འབྱུང་གནས་སྦས་པ་ཞེས་སྣང་ལ་རྒྱ་གཞུང་དང་གོང་དཀར་བའི་གསན་ཡིག་ན་དཀྱུས་ལྟར་བྱུང་། ཡང་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་གསུམ། འདི་བཞི་བསྡོམས་པར་རྗེས་གནང་གཅིག་མཛད་ཐར་རྩེ་དང་ཤར་བའི་གསན་ཡིག་ན་གསུམ་ལས་མི་འདུག་པ་ཆད་འདྲ། འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། རྗེས་གནང་ཡོད། སྒྲོལ་མ་ཆེན་མོ་སྔོན་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་དང་འོག་གི་དབང་བྱེད་སྒྲོལ་མ་གཉིས་ཐུན་མོང་དུ་རྗེས་གནང་གཅིག །མཆོག་སྦྱིན་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། དབང་དུ་བྱེད་པའི་སྒྲོལ་མ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། བཀླགས་པས་དོན་གྲུབ་ཏུ་རྟག་པའི་རྡོ་རྗེ་ཞེས་སྣང་བས་བརྟག །རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་གཉིས། འདི་གཉིས་དང་འོག་གི་ཆོས་འབྱུང་བློ་གྲོས་དང་རིན་ཅེན་འབྱུང་གནས་བཞི་བས་མཛད་པ་བསྡོམས་པའི་བཞི་ལ་རྗེས་གནང་གཅིག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མ་དཀར་པོ་ཕྱག་གཉིས་མ་གཙོ་རྐྱང་


GLG002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲུབ་ཐབས། རྗེས་གནང་ཡོད། པཎྜི་ཏ་ཆེན་པོ་ཆོས་འབྱུང་བློ་གྲོས་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་རིན་ཅེན་འབྱུང་གནས་བཞི་བའི་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་དཔེ་མེད་བསྲུང་གིས་མཛད་པ། ལུང་ལས་རྗེས་གནང་ཟུར་པ་མེད། རིན་ཅེན་སྒྲོན་མེར་ཡང་མི་སྣང་། འཕགས་མ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་དགུ་མའི་སྒྲུབ་ཐབས། རྗེས་གནང་ཡོད། རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མ་ནག་པོ་ཕྱག་བཞིའི་སྒྲུབ་ཐབས། འདི་གཉིས་བསྡོམས་པར་རྗེས་གནང་གཅིག །ཡང་རྒྱ་ནག་ཆེན་མོའི་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བླུ་བའི་སྒྲོལ་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་གཉིས་དང་འོག་གི་འཆི་བ་བླུ་བའི་སྒྲོལ་མ་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག །ཡང་འཆི་བ་བསླུ་བའམ་འཇོམས་པའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་གྲགས་པའི་སློབ་མ་ཐུ་བོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་བཞི་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། རྗེས་གནང་ཡོད། སྒྲོལ་མ་དཀར་མོ་ཕྱག་དྲུག་པ་གཙོ་རྐྱང་གི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་མ་སྒྲོལ་མ་དུག་སེལ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས། རྗེས་གནང་ཡོད། སྒྲོལ་མ་ནོར་སྦྱིན་ལྗང་སྔོན་ཕྱག་བཞི་མ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། རྗེས་གནང་ཡོད། འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་ལས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྟོག་པ། ལུང་


GLG002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྗེས་གནང་མེད། ངན་སོང་ལས་སྒྲོལ་བའི་སྒྲོལ་མ་སྔོ་ལྗང་ཞལ་གཅིག་ཕྱག་བཞི་མའི་སྒྲུབ་ཐབས། རྗེས་གནང་ཡོད། འཆི་བ་བསླུ་བའི་མན་ངག་གི་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། དོན་ཐམས་ཅད་རབ་ཏུ་སྦྱིན་པའི་སྒྲོལ་མ་གསེར་མདོག་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། སྒྲོལ་མ་དམར་མོ་ཕྱག་བཞི་མར་སྟོན་པ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཆོ་གའམ་གཟུངས། འཕགས་མ་དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། འདི་ཡང་འོག་མའི་ཁོངས་སུ་འདུ་བ་ལས་རྗེས་གནང་ཟུར་དུ་མ་མཛད། དེའི་གཟུངས། འདི་ནས་དུག་སེལ་མའི་རྟོག་པའི་བར་གྱི་བཞི་ལ་རྗེས་གནང་གཅིག་མཛད། རིན་ཅེན་སྒྲོན་མེར་རྟོག་པའི་ལྷ་སྐུ་མདོག་ལྗང་གུ་དང་ཕྱག་མཚན་མི་གཅིག་པས་རྗེས་གནང་ཟུར་དུ་མཛད་འདུག་པ་འཐད་ཅིང་རིག་སྔགས་ཆེན་མོ་ལ་ལུང་ལས་རྗེས་གནང་མེད་ཅེས་གསུང་ངོ་། །ཡང་དུག་སེལ་བའི་སྒྲུབ་ཐབས། དུག་སེལ་མའི་རིག་སྔགས་ཆེན་མོ། འཕགས་མ་དུག་སེལ་མའི་རྟོག་པ། འཕགས་པ་ཛམ་གུ་ལའི་སྒྲུབ་ཐབས་ཞེས་པའི་དུག་སེལ་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས། ལུང་ལས་རྗེས་གནང་མེད། རིན་ཅེན་སྒྲོན་མེར་ནི་རྗེས་གནང་ཟུར་དུ་མཛད་འདུག་གོ །འོད་ཟེར་འབར་ཞིང་མཆེ་བ་གཙིགས་པའི་རལ་གཅིག་མ་ནག་མོ་ཞལ་བཅུ་གཉིས་ཕྱག་ཉེར་བཞི་མའི་སྒྲུབ་ཐབས། རྗེས་གནང་ཡོད། རལ་གཅིག་མ་ཕྱག་བཞི་མའི་སྒྲུབ་ཐབས་གྲུབ་པ། འདི་གསུམ་ལ་རྒྱ་ནག་ཆེན་མོའི་སྒྲོལ་མའི་རྗེས་གནང་གིས་ཐུས་པར་མཛད། རིན་ཅེན་སྒྲོན་མེར་གསུམ་པོ་དྲིལ་བར་རྗེས་གནང་གཅིག་འདུག །འཕགས་མ་རལ་གཅིག་མའི་སྒྲུབ་ཐབས་ལེ་ཚན་གཉིས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བོད་ནས་སྤྱན་དྲངས་པའི་


GLG002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གཅིག་མ་ནག་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་ལ་ནང་གསེས་ཀྱི་ཕྱག་བཞི་མ་དང་ཕྱག་བརྒྱད་མའང་བྱུང་བས་སོ་སོར་རྗེས་གནང་ཡོད། རིན་ཅེན་སྒྲོན་མེར་ཕྱག་བརྒྱད་མ་ལས་གཞན་གསལ་ཁ་མེད། རྡོ་རྗེ་གུར་ནས་གསུངས་པའི་ཙུནྡྷ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གསུམ། གསུམ་ག་བསྡོམས་པར་རྗེས་གནང་གཅིག །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་མ་གཙོ་འཁོར་ལྔའི་སྒྲུབ་ཐབས། འདི་དང་འོག་གི་དཀར་མོ་ཕྱག་བཅུ་མ་བསྡོམས་པར་རྗེས་གནང་གཅིག །མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་དང་འོག་གི་མྱ་ངན་མེད་པའི་སེར་མོ་ཕྱག་གཉིས་བཅས་པར་རྗེས་གནང་གཅིག །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས། འདི་དང་འོག་གི་ཕྱག་བརྒྱད་མ་ལྷ་ལྔ་མ་གཉིས་བསྡོམས་པའི་གསུམ་ལ་རྗེས་གནང་གཅིག །རིན་ཅེན་སྒྲོན་མེར་ལྷ་ལྔ་མ་ལེ་ཚན་བཞི་བྱུང་ཡང་རྒྱ་གཞུང་ན་མི་གསལ་བས་ནོར་རམ་དཔྱད། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་མའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་གཙོ་འཁོར་གཉིས་ཀྱི་སྒྲུབ་ཐབས། འདི་དང་འོག་གི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་བསྡོམས་པར་རྗེས་གནང་གཅིག །འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས། ཨཽ་ཌི་ཡ་ནའི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས། འདི་གཉིས་དང་རང་བྱིན་གྱིས་བརླབ་པའི་འོད་ཟེར་ཅན་ཐེ་བའི་གསུམ་ལ་རྗེས་གནང་གཅིག་མཛད་པ། རིན་ཅེན་སྒྲོན་མེར་གསུམ་ཀ་གོང་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་གྱི་སྡེབས་སུ་བགྲངས་འདུག །ཡང་དེའི་སྒྲུབ་ཐབས་སློབ་དཔོན་


GLG002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་རོལ་པས་མཛད། ཡང་ཨཽ་ཌི་ཡ་ནའི་རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔ་མའི་སྒྲུབ་ཐབས་སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས། གོང་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་གྱི་རྗེས་གནང་གི་ཐུས། འོད་ཟེར་ཅན་པི་ཙུ་བ་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས། ཐར་རྩེ་དང་ཤར་པའི་གསན་ཡིག་པི་ཙུ་མ་ཞེས་བྱུང་ཡང་གཞན་རྣམས་མཐུན་པར་དཀྱུས་བཞིན་བྱུང་། རྗེས་གནང་ཡོད། ཁྲོ་མོ་ཆེན་མོ་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བཅུ་གཉིས་པ་གཙོ་འཁོར་གཉིས་མའི་སྒྲུབ་ཐབས། རྒྱ་གཞུང་ན་སྐུ་མདོག་འདི་ལྟར་འདུག་ཀྱང་བཀླགས་པས་དོན་གྲུབ་དང་རིན་ཅེན་སྒྲོན་མེར་དམར་མོ་ཞེས་བྱུང་བ་བརྟག །རྗེས་གནང་ཡོད། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ། འདི་གཉིས་ལ་རྗེས་གནང་ཟུར་བ་མི་དགོས། དེའི་གཟུངས་བཀླགས་པའི་མན་ངག །རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། ལོ་གྱོན་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཅན་གྱི་གཟུངས། འདི་ལ་ལུང་ལས་རྗེས་གནང་མེད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་དང་གཤམ་གྱི་ཤེར་ཕྱིན་དཀར་མོ་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྒྱ་གཞུང་དང་གསན་ཡིག་རྣམས་མཐུན་


GLG002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུམ་བྱུང་བས་བཀླགས་པས་དོན་གྲུབ་ཏུ་གཉིས་ཟེར་བ་ཡིག་ནོར་བྱུང་འདྲ། གང་ལྟར་གསུམ་པོ་བསྡོམས་པར་རྗེས་གནང་གཅིག་གིས་ཆོག །རིན་ཅེན་སྒྲོན་མེར་ཕྱག་མཚན་སོགས་ཅུང་ཟད་མི་འདྲ་བ་ཕྱེ་བའི་དྲུག་བྱུང་། དེའི་སྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དཀར་མོ་ཞལ་གཅིག་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་བུས་མཛད་པ། ཡང་དེའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱི་ཞབས་ཀྱིས་མཛད་པ། ཡང་གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཕྱག་བཞི་མའི་སྒྲུབ་ཐབས། འདི་དང་འོག་གིས་གསེར་མདོག་ཅན་གཉིས་ཏེ་གསུམ་བསྡོམས་པར་རྗེས་གནང་གཅིག་རིན་ཅེན་སྒྲོན་མེར་གཉིས་ལས་མི་འདུག་པ་གཅིག་གོང་གི་ཤེར་ཕྱིན་སེར་མོའི་ཟླར་དྲངས་འདྲ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། འདི་གོང་གི་ཤེར་ཕྱིན་སེར་མའི་རྗེས་གནང་གིས་ཐུས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཕྱག་བཞི་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། དགྲ་ནག་ནས་གསུངས་པའི་འཕགས་མ་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། འདི་དང་འོག་ནས་འབྱུང་བའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མ་དང་གཤིན་རྗེ་ནག་པོའི་རྒྱུད་ལས་བྱུང་བ་སྟེ་གསུམ་བསྡོམས་པར་རྗེས་གནང་གཅིག །དབྱངས་ཅན་མ་ཆེན་མོ་དཀར་མོ་ཕྱག་གཉིས་མའི་གཙོ་འཁོར་ལྔ་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་དགེ་སློང་ཡིད་


GLG002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤིང་རྟ་སྐྱོང་བས་མཛད་པ། འདི་དང་པི་ཝཾ་མའི་འོག་གི་ཕྱག་གཉིས་མ་བསྡོམས་པར་རྗེས་གནང་གཅིག །རྡོ་རྗེ་པི་ཝཾ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མ་རྡོ་རྗེ་བཞིའི་རིམ་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གཉིས། གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག་མཛད། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས། འདི་དང་གཤམ་གྱི་བཞི་བཅས་པའི་ལྔ་ལ་རྗེས་གནང་གཅིག་མཛད། རིན་ཅེན་སྒྲོན་མེར་འོག་ནས་འབྱུང་བའི་རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ཡང་བསྣན་པའི་དྲུག་ལ་རྗེས་གནང་གཅིག་མཛད་འདུག །ཡང་སྒྲོལ་མའི་རྟོག་པ་ལས་བྱུང་བའི་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡང་ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག་ཡང་རིག་བྱེད་མའི་སྒྲུབ་ཐབས། ཡང་དཔལ་ལྡན་འཕགས་མ་རིག་བྱེད་མའི་སྒྲུབ་ཐབས། ཨཽ་ཌི་ཡཱ་ན་ནས་བྱུང་བ་རིག་བྱེད་མ་ཕྱག་བཞི་མའི་སྒྲུབ་ཐབས། འདི་ནས་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་གྱིས་མཛད་པའི་བར་གྱི་བཞི་བསྡོམས་པར་རྗེས་གནང་གཅིག །ཡང་ཀྱེ་རྡོ་རྗེའི་རྒྱུད་ལས་རང་བྱིན་གྱིས་བརླབ་པའི་རིམ་པའི་རིག་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད། ཡང་ཀྱེ་རྡོ་རྗེའི་རིམ་པ་ལས་ཀུ་རུ་ཀུལླེ་རིག་བྱེད་མའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཀྱེ་རྡོ་རྗེའི་རྒྱུད་ལས་བྱུང་བ་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་ཚིགས་སུ་བཅད་དེ་བསྡེབས་པ་


GLG002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས། འདི་གཉིས་ལ་རྗེས་གནང་གཅིག །རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ཕྱག་བརྒྱད་མ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་མཛད་པ། རྗེས་གནང་ཡོད། སྔགས་པ་དང་བུད་མེད་དབང་དུ་བྱེད་པ་ཀུ་རུ་ཀུལླིའི་སྒྲུབ་ཐབས། འདི་གཉིས་ལ་ལུང་ལ་རྗེས་གནང་ཟུར་པ་མེད། རིག་བྱེད་མའི་མན་ངག་གི་རིམ་པ། ཀུ་རུ་ཀུལླེ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། དཔལ་ལྡན་སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུ་རུ་ཀུལླེ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པ། རྗེས་གནང་ཡོད། ཀུ་རུ་ཀུལླེ་དམར་མོ་འདིར་རྗེས་གནང་མཛད། རིན་ཅེན་སྒྲོན་མེར་མི་གསལ། ཕྱག་བཞི་མ་རིའི་ཕུག་ན་བཞུགས་པའི་སྒྲུབ་ཐབས། མཁྱེན་བརྩེ། ཐར་རྩེ། ཤར་པ་རྣམས་ཀྱི་གསན་ཡིག་ན་འདི་གཉིས་མི་འདུག་པ་ཆད་འདྲ། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ཕྱག་བཞི་མའི་སྒྲུབ་ཐབས། འདི་གཉིས་ལ་རྗེས་གནང་ཟུར་དུ་མེད། ཀུ་རུ་ཀུལླེའི་ལས་རབ་ཏུ་རྐྱང་པའི་སྦྱོར་བ། གཙུག་ཏོར་རྣམ་པར་རྒྱལ་མ་གཙོ་རྐྱང་གི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་ཙརྩི་ཀ་དམར་མོ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་སོ་སོ་འབྲང་མ་ཆེན་མོ་སེར་མོ་ཞལ་བཞི་ཕྱག་བརྒྱད་མའི་སྒྲུབ་ཐབས་ལེ་ཚན་གསུམ། འདི་གསུམ་ཐུན་མོང་དུ་རྗེས་གནང་གཅིག་རྨ་བྱ་ཆེན་མོའི་སྒྲུབ་ཐབས། རྗེས་གནང་ཡོད། མཁྱེན་བརྩེ། ཐར་རྩེ། ཤར་པ་གསུམ་གྱི་གསན་ཡིག་གྲ་ལྔའི་གོ་རིམ་དཀྱུས་དང་མི་མཐུན་ཙམ་འདུག །འཕགས་མ་


GLG002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་རབ་ཏུ་འཇོམས་པའི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་མ་བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས། རྗེས་གནང་ཡོད། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ། རྗེས་གནང་ཟུར་དུ་དགོས་ཀྱང་རྒྱུན་ཆད། རིན་ཅེན་སྒྲོན་མེར་འདི་དངསེར་མོ་ཞལ་གསུམ་ཕྱག་དྲུག་མ་ལྷ་ལྔ་སོ་སོར་རྗེས་གནང་ཡོད་ཚུལ་འདུག་ཀྱང་རྒྱ་གཞུང་གསན་ཡིག་བཀླགས་པས་དོན་གྲུབ་རྣམས་མཐུན་པར་མ་བྱུང་བས་བརྟག །ཕྱིར་བཟློག་པ་ཆེན་མོ་ཕྱག་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། གཞན་གྱིས་མི་ཐུབ་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་གནྡྷ་རི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལེ་ཚན་གཉིས། གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག །བསྲུང་བ་ལྔའི་ཆོ་ག །རྗེས་གནང་ཡོད། རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་ལྕགས་སྒྲོག་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས། འདི་གཉིས་ལ་རྗེས་གནང་གཅིག །ཡང་དེའི་སྒྲུབ་ཐབས་ཀྱི་ཆོ་ག་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། རྗེས་གནང་ཡོད། སེར་མོ་ཞལ་བཞི་ཕྱག་བཞི་མའི་སྒྲུབ་ཐབས་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། གསན་ཡིག་ཕལ་ཆེར་དང་བཀླགས་པས་དོན་གྲུབ་ན་སྒྲུབ་ཐབས་གཅིག་ལས་མི་གསལ་ཡང་རྒྱ་གཞུང་དང་གོང་དཀར་གསན་ཡིག་རིན་ཅེན་སྒྲོན་མེ་རྣམས་ན་གཉིས་ཀ་སྣང་ཞིང་རྗེས་གནང་གཅིག་གིས་ཐུས་པ་མཛད། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་ཚིགས་བཅད་ལྷུག་གཉིས། ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། གུར་ནས་གསུངས་


GLG002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནོར་རྒྱུན་མ་གཙོ་རྐྱང་གི་སྒྲུབ་ཐབས་གཉིས། གཉིས་ཀ་ལ་རྗེས་གནང་གཅིག །དེའི་གཟུངས་ཀྱི་མན་ངག །ལུང་ལས་རྗེས་གནང་མེད། རྡོ་རྗེ་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཨ་ཝ་དྷཱུ་ཏི་བ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། རྗེས་གནང་ཡོད། བླ་མེད་དུ་གཏོགས་བཀླགས་པས་དོན་གྲུབ་ཏུ་མཻ་ཏྲི་པས་མཛད་ཅེས་སྣང་། ཕག་དཀར་ཤེས་རབ་སྣང་བའི་སྒྲུབ་ཐབས་སློབ་དཔོན་ཀོངྐ་སྦྱིན་གྱིས་མཛད་པ། བླ་མེད་དུ་གཏོགས་རྗེས་གནང་ཡོད། རྡོ་རྗེ་ཕག་མོ་དབང་དུ་བྱ་བའི་ཆོ་ག །ལུང་ལས་རྗེས་གནང་མེད་ལ་བླ་མེད་དུ་གཏོགས། དཔལ་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་འགྲུབ་པ་དང་། བླ་མེད་དུ་གཏོགས་གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག་མཛད་ཅིང་། རྗེ་མཁྱེན་བརྩེའི་གསན་ཡིག་དང་བཀླགས་པས་དོན་གྲུབ་ཏུ་ལྷ་མོ་སྒྱུ་མ་ཆེན་མོའི་དུར་ཁྲོད་ཅེས་པ་ཡན་རྟོག་པ་དང་དེ་མན་སྒྲུབ་ཐབས་སུ་དབྱེ་བ་ཡིན་འདུག །གོང་དཀར་བ་སོགས་གསན་ཡིག་ཕལ་ཆེར་དུ་སོ་སོར་མ་དབྱེ་བར་གཅིག་ཏུ་བྲིས་འདུག་གོ །དེའི་ཕག་དམར་ཕྱག་བཞི་མ་ལྷ་ལྔའི་སྒྲུབ་ཐབས། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་རྗེ་བཙུན་བྱམས་པ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་གཉིས། གཉིས་ཀ་ཐུན་མོང་དུ་རྗེས་གནང་གཅིག །ཛམྦྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ཨུ་ཙུཥྨའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། རྗེས་གནང་ཡོད། ཛམ་སེར་གནོད་སྦྱིན་ཕོ་དགུ་མོ་དགུ་ཡབ་ཡུམ་གཅིག་ཏུ་བསྡོམས་པ་ལྷ་དགུའི་སྒྲུབ་ཐབས། རྗེས་གནང་ཡོད། ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་རྣམས་ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས། འདི་དང་འོག་ནས་འབྱུང་བའི་གཅིག་སྟེ་གཉིས་བསྡོམས་པར་རྗེས་གནང་གཅིག །ཛམ་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་


GLG002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། རྗེས་གནང་ཡོད། ཛམ་སེར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། འདི་གཉིས་རྗེས་གནང་གཅིག །ཡང་ཛམྦྷའི་སྒྲུབ་ཐབས་མདོར་བསྡུས་པ། ནོར་རྒྱུན་མ་གཙོ་འཁོར་ལ་ཡབ་རྣམས་ལུས་དཀྱིལ་གྱི་ཚུལ་དུ་བཀོད་པའི་ཛམ་སེར་ལྷ་མང་གི་སྒྲུབ་ཐབས། ཛམྦྷ་ལ་ལ་ཆུ་རྒྱུན་འབུལ་བའི་མན་ངག་ནང་གསེས་སུ་ལེ་ཚན་གསུམ་ཡོད་པ། ལུང་ལས་རྗེས་གནང་མེད། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པའི་སྒྲུབ་ཐབས་ཙནྡྲ་གོ་མིས་མཛད་པ། རྗེས་གནང་ཡོད། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྒྱུད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་ཞལ་གསུམ་ཕྱག་བརྒྱད་ལྷ་ལྔ་པའི་སྒྲུབ་ཐབས་པཎྜི་ཏ་ཤྲཱིདྡྷ་ཀ་རས་མཛད་པ། རྗེས་གནང་ཡོད། འཇིག་རྟེན་གསུམ་རྒྱལ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་མེ་དང་ཉི་མ་འབར་བ་མཐིང་ཁ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྗེས་གནང་ཡོད། རྡོ་རྗེ་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། རྗེས་གནང་ཡོད། འཕགས་པ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས། བླ་མེད་ཡིན་རྗེས་གནང་ཡོད། གཤིན་རྗེ་གཤེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་གཉིས། བླ་མེད་ཡིན་ལ་གཉིས་ཀ་བསྡོམས་པར་རྗེས་གནང་གཅིག །གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས། འདི་གཉིས་ལ་རྗེས་གནང་གཅིག་མཛད་བླ་མེད་ཡིན། གཤིན་རྗེ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་གདོང་དྲུག་པའི་སྒྲུབ་ཐབས། བླ་མེད་ཡིན་རྗེས་གནང་ཡོད། ངོར་ཆེན་དང་གོང་དཀར་བའི་གསན་ཡིག་ན་གདོང་དྲུག་ཅེས་པའི་གསལ་ཁ་མི་འདུག་ཀྱང་རྗེས་གནང་གི་ཡིག་ཆ་གཉིས་དང་རྗེ་མཁྱེན་བརྩེའི་གསན་


GLG002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ན་གསལ་ལོ། །བགེགས་མཐར་བྱེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཧཱུྃ་མཛད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས། རྗེས་གནང་ཡོད། ཧེ་རུ་ཀ་སྔོན་པོ་ཕྱག་གཉིས་པ་དཔའ་གཅིག་གི་སྒྲུབ་ཐབས། བླ་མེད་ཡིན་རྗེས་གནང་ཡོད། དགྱེས་རྡོར་སྔོན་པོ་ཕྱག་གཉིས་པ་ཡུམ་བཅས་ཀྱི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་པ། བླ་མེད་ཡིན་རྗེས་གནང་ཡོད། བདག་མེད་མ་རྐྱང་པའི་སྒྲུབ་ངོར་གོང་དཀར་མཁྱེན་བརྩེ་ཐར་རྩེ་ཤར་པ་ལྔའི་གསན་ཡིག་དང་བཀླགས་པས་དོན་གྲུབ་ན་འདི་མིན་པའི་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་སྟོབས་པོ་ཆེའི་སྒྲུབ་ཐབས་ཤིག་ཡོད་ཚུལ་བྱུང་ཡང་རྒྱ་གཞུང་དང་རིན་ཅེན་སྒྲོན་མེ་གཉིས་ན་མི་སྣང་། ཐབས་ལེ་ཚན་གཉིས། བླ་མེད་ཡིན་གཉིས་ཀ་ལ་རྗེས་གནང་གཅིག་མཛད། དཔལ་ལྡན་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། གཉིས་ཀ་བླ་མེད་གཏོགས་ཤིང་རྗེས་གནང་གཅིག་དེའི་སྒྲུབ་ཐབས་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེ་མཛད་པ། ནག་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས། བླ་མེད་དུ་གཏོགས་རྗེས་གནང་ཡོད། རྒྱ་གཞུང་རིན་ཅེན་སྒྲོན་མ་གསན་ཡིག་རྣམས་མཐུན་པར་སྒྲུབ་ཐབས་གཉིས་ཀྱི་གསལ་ཁ་མ་བྱུང་བས་བཀླགས་པས་དོན་གྲུབ་ཏུ་གཉིས་བྱུང་བ་ཡི་གེ་ནོར་བ་འདྲ། དཔལ་ལྡན་ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་བླ་མེད་དུ་གཏོགས་རྗེས་གནང་ཡོད། ཐབས་དང་བཅས་པ་རྣམས་ཀྱི་རྗེས་གནང་དང་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། སློབ་དཔོན་ཨ་བྷ་ཡཱ་ཀ་གུཔྟ། ཤུབྷཱ་ཛ་ཏི་གུཔྟ། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། པཎྜི་ཏ་ཀཱིརྟི་ཙནྡྲ། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བླ་མ་རྒྱལ་མཚན་རིན་ཅེན། གར་ཐིག་པ་བསོད་ནམས་རྒྱལ་


GLG002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། དཀའ་བཅུ་པ་གཞོན་ནུ་སེང་གེ །བླ་མ་མགོན་པོ་འབུམ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན། ཀུན་མཁྱེན་གོ་རམ་པ་ཆེན་པོ་བསོད་ནམས་སེང་གེ་ཡོངས་འཛིན་དཀོན་ཅོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མུས་ཆེན་ནས། ཡོངས་འཛིན་དཀོན་ཅོག་འཕེལ་མན་འདྲ། ཡང་ན་ངོར་ཆེན་ནས། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དཀོན་ཅོག་འཕེལ་མན་གོང་ལྟར་རོ། །ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་ཅོག་ཆོས་འཕེལ་མན་འདྲ། ཡང་ན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནས། རོང་པ་ཤེས་རབ་སེང་གེ །དེ་གཉིས་ཀ་ལ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་གསན། དེ་ནས་མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་གྲགས་པ་འོད་ཟེར། རྗེ་གྲགས་པ་རིན་ཅེན། བླ་མ་ནམ་མཁའ་ཚུལ་ཁྲིམས། མཚུངས་མེད་གྲགས་པ་དཔལ་བཟང་། དམར་སྟོན་ཤཱཀྱ་བཟང་པོ། མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་མངའ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལ་སྩལ་ཏོ། །ཚར་ཆེན་གྱི་གསུང་
འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་སུ་མཛད་པ་བཀླགས་པས་དོན་གྲུབ་ཀྱི་ལུང་ནི། མཁས་གྲུབ་དཔལ་ལྡན་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས་བྱ་འགྱུར་རིན་པོ་ཆེ་བསོད་ནམས་སེང་གེ །འགོས་སྟོན་རྡོ་རྗེ་སེང་གེ་མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན་མན་གོང་བཞིན་ནོ།


previousསྤྱི་བཀའ་བརྒྱ་རྩའི་རྗེས་གནང་ཇི་ལྟར་ནོས་པའི་སྐོར།next