Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་དྲིལ་བའི་དབང་ལུང་རྣམས་ལེགས་པར་ནོས་པའི་སྐོར།
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousའཕགས་མཆོག་སྤྱན་རས་གཟིགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་དྲིལ་བའི་དབང་ལུང་རྣམས་ལེགས་པར་ནོས་པའི་སྐོར།next

འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་དྲིལ་བའི་དབང་ལུང་རྣམས་ལེགས་པར་ནོས་པའི་སྐོར།


GLG002_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་ཐེམས་ལས། དེའི་ཕྱིར་ཐུགས་རྗེ་ཆེན་པོ་ཡིཿ རྒྱུད་ལུང་མན་ངག་ཀུན་འདུས་པཿ འགྲོ་བ་འདུལ་


GLG002_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲུབ་ཐབས་བཞུགསཿ ཞེས་དང་། གནད་འདུས་ནོར་བུའི་འཕྲེང་བ་ལས། བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིསཿ བཀའ་དང་བསྟན་བཅོས་མན་ངག་མཐའ་དག་ནསཿ ཚེགས་ཆུང་དོན་ཆེ་གནད་དུ་འགྲོ་བ་ཡིཿ མན་ངག་ཐམས་ཅད་ཁ་འཐོར་བཅུད་བསྡུས་ནསཿ བརྡ་དང་གབ་ཏུ་མ་བཅུག་ནོར་བུ་ལུགསཿ རིན་ཅེན་འཕྲེང་བ་ལྟ་བུར་བཀོད་པ་འདིཿ ད་ལྟའི་དུས་ན་རྗེ་འབངས་རྣམས་ལ་གཏདཿ འདི་ཉིད་སྤེལ་བའི་དུས་ལ་མ་བབས་པསཿ ཕྱི་རབས་དོན་དུ་རིན་ཅེན་གཏེར་དུ་སྦེདཿ ཅེས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་དྲིལ་བ་གདུལ་བྱའི་ཁམས་དང་དབང་པོར་འཚམ་ཞིང་རྒྱ་ཆེ་བ་གཞན་དོན་དང་ཟབ་པ་རང་དོན་དུ་ཉམས་སུ་བླང་བདེ་བ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུར་གྲགས་པ་བླ་མ་མངའ་བདག་ཆེན་པོ་ཉང་གིས་བྲག་སྲིན་མོ་སྦར་རྗེས་ནས་གདན་དྲངས་པའི་སྐོར་ལ། དབང་གི་ལག་འཁྲིད་ཆེན་མོའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དང་པོ་དབུ་རྒྱན། རྡོར་དྲིལ། ཤེལ་འཕྲེང་། ཆོས་དབྱུག །མིང་དབང་བཅས་པས་ཐུན་མོང་དང་རྣམ་རྒྱལ་གྱི་ཁྱད་པར་ཏེ་ཕྱི་བུམ་པའི་དབང་། གཉིས་པ་ནང་གསང་བའི་དབང་། གསུམ་པ་དེ་ཁོ་ན་ཉིད་ཀྱི་དབང་། བཞི་པ་ལྷ་དབང་། ལྔ་པ་སྔགས་དབང་། དྲུག་པ་ཆོས་དབང་། བདུན་པ་འཕྲིན་ལས་རྣམ་བཞིའི་དབང་། བརྒྱད་པ་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ་དཀར་ཆག་མཐོང་བ་དོན་ལྡན། དེ་ལས་བྱུང་བ་དང་ཐེམས་མེད་ལ། རྩ་བ་


GLG002_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་སྐོར། སྤྲོས་བཅས་སྒྲུབ་ཆེན་སྐོར། སྤྲོས་མེད་ཀུ་སུ་ལུའི་སྐོར། ཁོག་འབུབས་ཞལ་གདམས་སྐོར། ཉམས་ལེན་དམར་འཁྲིད་སྐོར། ཞི་ཁྲོའི་སྒྲུབ་པ་ཐོར་བུའི་སྐོར། བསྟན་སྲུང་སྐོར་དང་བདུན། དང་པོ་ལ། ཐུགས་རྗེ་ཆེན་པོ་འགྲོ་འདུལ་རྩ་བའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་བདུན་པ། དེའི་ས་གཅོད་ཆིངས་ཀྱི་ཚོམ་ཞེས་པ་ས་བཅད། དེའི་བཤད་འགྲེལ་རིན་ཅེན་སྒྲོན་མེ། ཐུགས་རྗེ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ལེའུ་སོ་དགུ་པ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ངེས་པར་སྟོན་པ་རང་བྱུང་ཡེ་ཤེས་ཕྱི་མའི་རྒྱུད་ལེའུ་སོ་དགུ་པ། ལྟ་བ་ཡང་ཐོག་གི་རྒྱུད་ལེའུ་བཅུ་གསུམ་པ། ལྟ་བ་ཡང་རྩེའི་རྒྱུད་ལེའུ་དགུ་པ། དོན་རྒྱུད་རྡོ་རྗེ་རྩེ་མོའི་རྒྱུད་ལེའུ་བཅུ་གཅིག་པ། ཐུགས་རྗེ་ཆེན་པོའི་ཐུགས་བརྒྱུད་ལེའུ་བདུན་པ། ཡི་གེ་དྲུག་པའི་དོན་རྒྱུད་ཉི་ཟླ་ལྟ་བུའི་གདམས་ངག་ཟབ་མོ་ལེའུ་ལྔ་བཅུ་པ། ཐུགས་རྗེ་ཆེན་པོའི་བཏགས་གྲོལ་གྱི་ཡོན་ཏན་འཁོར་ལོ་འདྲི་ཐབས་རབ་གནས་དང་བཅས་པ་རྣམས། གཉིས་པ་སྤྲོས་བཅས་སྒྲུབ་ཆེན་སྐོར་ལ། ཐུགས་རྗེ་ཆེན་པོ་རིགས་བསྡུས་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་བསྙེན་སྒྲུབ་ཀྱི་རིམ་པ་ལག་ཏུ་བླང་བའི་ལག་འཁྲིད། ཐུགས་རྗེ་ཆེན་པོའི་དབང་གི་ལག་འཁྲིད་རྩ་བ་དང་ལག་ལེན་དངོས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཇོ་མོ་མཁར་ཆེན་མཚོ་རྒྱལ་དང་ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་བྲག་དམར་འོམ་བུའི་ཚལ་དུ་དབང་བསྐུར་བའི་ཕྱག་བཞེས་ཡི་གེར་བཀོད་པ། དབང་གི་ཆུ་བོ་བཞི་རྫོགས་རྒྱུན་མ་ཆད་པའི་ལོ་རྒྱུས་སྤྱི་དང་ཐུགས་རྗེ་ཆེན་པོའི་ཁྱད་པར་གྱི་དབང་གི་ཆུ་བོ་ཆེན་པོའི་ལོ་རྒྱུས། བུམ་སྒྲུབ་གཟུངས་ཆོག་རྩ་བ་དང་ལག་ལེན་གཉིས།


GLG002_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་རྩ་བ་དང་ལག་ལེན་གཉིས། སྨན་གྲུབ་རྩ་བ་དང་ལག་ལེན་གཉིས། གཏོར་སྒྲུབ་རྩ་བ་དང་ལག་ལེན་གཉིས། ལས་བཞིའི་སྦྱིན་སྲེག་རྩ་བ་དང་ལག་ལེན་གཉིས། བདུན་ཚིགས་རོ་སྦྱོང་རྩ་བ་དང་ལག་ལེན་གཉིས། གཤིན་ལ་ཕན་གདགས་པའི་རོ་སྒྲུབ་རྩ་བ་དང་ལག་ལེན་གཉིས། རོ་སྲེག་གི་ཆོ་ག་རྩ་བ་དང་ལག་ལེན་གཉིས། གྲི་འདུལ་གྱི་སྦྱོང་། རིགས་བསྡུས་ཀྱི་ལས་བྱང་ཆེ་བ་དུས་བཞིར་གཞུང་བསྲང་བ། བསྡུས་པ་གང་ཟག་བློ་དམན་འཇུག་པ་བདེ་བ། ཚོགས་མཆོད། ཕྱི་མཆོད་ཀྱི་རིམ་པ་རྩ་བ་དང་ལག་ལེན་གཉིས། གཏོར་མ་ཆ་བཞི་རྩ་བ་དང་ལག་ལེན་གཉིས་རྣམས། གསུམ་པ་སྤྲོས་མེད་ཀུ་སུ་ལུའི་སྐོར་ལ། ཕྱི་དྲུག་སྐོར། ནང་བཞི་སྐོར། གསང་བ་གསུམ་སྐོར། དེ་ཁོ་ན་ཉིད་གཅིག་སྐོར། ཡོངས་རྫོགས་ཕྱག་རྒྱ་རྐྱང་པ་དང་ལྔ། དང་པོ་ཕྱི་དྲུག་སྐོར་ལ། བརྡ་སྐོར་སྒྲུབ་སྐོར་གཉིས་ལས། དང་པོ་ལ་ཕྱི་པོ་ཏ་ལའི་རིའི་བརྡ་ཆོས་དྲུག་ཚན་གཉིས། ནང་ཐུགས་རྗེ་ཆེན་པོའི་སྐུའི་བརྡ་ཆོས་དྲུག་ཚན་གཉིས། གསང་བ་ཡི་གེ་དྲུག་པའི་བརྡ། ཆོས་དྲུག་ཚན་གཉིས་ཏེ་བརྡ་སྐོར་དྲུག་སྐོར་དུ་གདམས་པའོ། ༈ །གཉིས་པ་སྒྲུབ་སྐོར་དྲུག་ལ་སྒྲུབ་ཐབས་རྩ་བ་བསྡུས་པ་དང་མངོན་རྟོགས་རྒྱས་པ་གཉིས་སྤྱིར་བཏང་ནས། དེའི་བཟླས་རིམ་ལ་བདག་དོན་གྱི་བཟློས་པར། ཕྱི་ཐུབ་པ་དྲུག་སྦྱོང་དུ་བཟླ་བ་ལ་སྒྲུབ་ཐབས་དང་མངོན་རྟོགས་བཟླས་པ་དངོས་དང་གསུམ། ནང་བདེ་གཤེགས་དྲུག་སྦྱོང་། གསང་བ་མཁའ་འགྲོ་དྲུག་སྦྱོང་། ཡང་གསང་ཡི་གེ་དྲུག་སྦྱོང་། དེ་ཁོ་ན་ཉིད་སྐུ་དྲུག་སྦྱོང་། ཡོངས་སུ་རྫོགས་པ་ལྟ་དགོངས་དྲུག་སྦྱོང་དུ་


GLG002_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་རྣམས་སོ། །གཞན་དོན་དུ་བཟླས་པ་ལ་དྲུག་ཚན་གཉིས་ཏེ། འགྲོ་བ་རིགས་དྲུག་ལ་ཆོས་ཀྱི་འཁོར་ལོ་དུས་གཅིག་ཏུ་བསྐོར་བ། དབང་དུས་གཅིག་ལ་བྱ་བ། སྦྱིན་སྲེག་དུས་གཅིག་ལ་བྱ་བ། སྒྲིབ་པ་དུས་གཅིག་ལ་སྦྱོང་བ། ཁྲུས་དུས་གཅིག་ལ་བྱ་བ། འཁོར་དོང་དུས་གཅིག་ལ་སྤྲུག་པ། སྦྱིན་གཏོར་དུས་གཅིག་ལ་གཏོང་བ། ཆབ་གཏོར་དུས་གཅིག་ལ་གཏོང་བ། སྦྱིན་པ་དུས་གཅིག་ལ་གཏོང་བ། སྐྱེ་སྒོ་དུས་གཅིག་ལ་གཅད་པ། གཡང་ས་དུས་གཅིག་ལ་གཅད་པ། བྱང་ཆུབ་ལམ་ལ་དུས་གཅིག་ཏུ་འདྲེན་པ་རྣམས་སོ། །ཁྱད་པར་གནད་ཀྱི་གདམས་པ་དྲུག །ཀུན་ལས་ཁྱད་པར་འཕགས་པའི་ཆོས་དྲུག །གཏན་ཚིགས་རྒྱུ་མཚན་གྱི་གདམས་པ་དྲུག །ཤེས་བྱ་དོན་བསྡུས་ཀྱི་གདམས་པ་དྲུག །ངོ་སྤྲོད་མཚང་གི་གདམས་པ་དྲུག །སྤྱིའི་ཞལ་གདམས་སུ་ཆོས་བཞི་གཟུང་བ་ལ་གསུམ་དང་རང་ལ་བསྐུལ་མ་གདབ་པ་ལ་གསུམ་སྟེ་དྲུག །གཞན་དོན་གསུམ་དང་མོས་གུས་ལ་གསུམ་སྟེ་དྲུག །གནས་བསྒྱུར་ལ་གསུམ་དང་གཞུང་གཟུང་བ་ལ་གསུམ་སྟེ་དྲུག །དོན་ལ་བལྟ་བ་ལ་གསུམ་དང་འགྲོ་དོན་ལ་གསུམ་སྟེ་དྲུག་རྣམས་བསྡོམས་པའོ། ༈ །དྲུག་པ་དྲུག་གསུམ་བཅོ་བརྒྱད་ཀྱི་གདམས་པ་ཞེས་བྱ་བ་ཡར་ལྟ་བ་ལ་འབྱམས་སུ་མི་གཞུག་པའི་ཆོས་དྲུག །བར་བཏང་སྙོམས་ཐ་མལ་དུ་མི་གཞུག་པའི་ཆོས་དྲུག །མར་རྒྱུ་འབྲས་ལ་ཟགས་སུ་མི་གཞུག་པའི་ཆོས་དྲུག་རྣམས་དང་། སྔ་མ་དང་མི་གཅིག་པའི་ཁྱད་པར་གནད་ཀྱི་གདམས་པ་དྲུག །སྒྲུབ་པའི་གནད་དྲུག་རྣམས་སོ། །གཉིས་པ་ནང་བཞི་སྐོར་ལ། སྒྲུབ་ཐབས་རྩ་བ།


GLG002_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ལག་ལེན་ནམ་སྒྲུབ་ཁོག་ཆེན་མོ། འཕྲིན་ལས་རྣམ་བཞིའི་ཚོགས་འཁོར། འཕྲིན་ལས་རྣམ་བཞིའི་གཏོར་མ་རྣམས། དེ་ཡང་དོན་བསྟོད་རྟགས་བསྟོད་གསོལ་བཏབ་ལྷ་བཞིའི་བསྟོད་པ་རྣམས་ནི་སྒྲུབ་ཁོག་ན་གསལ་བ་ལས་ལོགས་སུ་གཞན་མེད་ཅེས་ཁོག་འབུབས་སུ་འདུག་གོ །ལས་ཚོགས་ལ་འཕྲིན་ལས་རྣམ་བཞིའི་སྦྱིན་སྲེག །འཕྲིན་ལས་རྣམ་བཞིའི་དབང་བསྐུར། །ཕྲིན་ལས་རྣམ་བཞིའི་འཛབ་དགོངས། འཕྲིན་ལས་རྣམ་བཞིའི་ལས་ཚོགས་དང་བཞི། ལས་ཚོགས་ལ་ནང་གསེས་གྱིས་དབྱེ་ན། ཞི་བའི་ལས་ཚོགས་ཉེར་ལྔ་ལ། ནད་ཀུན་ཞི་བ། བགེགས་ཞི་བ། རྦོད་གཏོང་ཞི་བ། དུས་མིན་འཆི་བ་བཟློག་པ། གཟའ་སྐར་ངན་པ་བཟློག་པ། ལྟས་ངན་ཞི་བ། རྨི་ལམ་ངན་པ་ཞི་བ། མཐུ་ཞི་བ། རྒྱལ་པོའི་ཆད་པ་ཞི་བ། དམག་ཚོགས་ཞི་བ། མེའི་འཇིགས་པ་ཞི་བ། ཆུའི་འཇིགས་པ་ཞི་བ། མཁྲིས་ནད་ཞི་བ། ཁྲག་ནད་ཞི་བ། ལྷོག་པ་དང་སྐྲངས་འབུར་ཞི་བ། ཕོ་ལོག་ཞི་བ། གླང་ཐབས་ཞི་བ། ཆུ་འགགས་ཞི་བ། ལུས་ནད་ཞི་བ། ཕྱུགས་ནད་བསྲུང་བ། གནག་ནད་བསྲུང་བ། ར་ནད་བསྲུང་བ། རྟ་ནད་བསྲུང་བ། བྱ་ནད་བསྲུང་བ། ཁྱི་ནད་བསྲུང་བ་རྣམས་སོ། །རྒྱས་པའི་ལས་ཚོགས་བཅུ་གཉིས་ལ། བསོད་ནམས་རྒྱས་པ། ཚེ་རྒྱས་པ། རིགས་བརྒྱུད་རྒྱས་པ། ལོངས་སྤྱོད་རྒྱས་པ། རིན་ཅེན་རྒྱས་པ། སྨན་རྒྱས་པ། ཟས་བཅུད་རྒྱས་པ། འབྲུ་རྒྱས་པ། ཕྱུགས་རྒྱས་པ། རྟ་རྒྱས་པ། ར་ལུག་རྒྱས་པ་རྣམས་སོ། །དབང་གི་ལས་ཚོགས་བདུན་ལ། ལྷ་འདྲེ་དྲེགས་པ་ཅན་དབང་དུ་བསྡུ་བ། ཀླུ་དབང་དུ་བསྡུ་བ། རྒྱལ་པོ་དབང་དུ་བསྡུ་བ། མ་མོ་དམ་


GLG002_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་བསེན་མོ་དབང་དུ་བསྡུ་བ། རྒྱལ་པོ་དང་བཙུན་མོ་དབང་དུ་བསྡུ་བ། རྗེ་དཔོན་ལ་སོགས་པ་དབང་པོ་ཆེ་ཐམས་ཅད་དབང་དུ་བསྡུ་བ། བུ་མོ་དབང་དུ་བསྡུ་བ་རྣམས་སོ། །དྲག་པོའི་ལས་ཚོགས་བདུན་ནི། གསད་པ། བསྲེག་པ། གནོན་པ། གཟིར་ཞིང་བསྐྲད་པ། བཟློག་ཅིང་གསད་པ། རེངས་ཤིང་ལྐུགས་སུ་གཞུག་པ། དབྱེ་ཞིང་གསད་པ་རྣམས། གོང་འོག་ཀུན་ཏུ་དགོས་པ་འཕྲིན་ལས་བཞིའི་བསྟོད་པ་རྣམས་སོ། ༈ །གསུམ་པ་གསང་བ་གསུམ་སྐོར་ལ། ཕྱི་བསྐྱེད་རིམ། ནང་བཟླས་རིམ། གསང་བ་རྫོགས་རིམ་གསུམ་རྩ་བ་བསྡུས་པ་དང་ལག་ལེན་མངོན་རྟོགས། རྟེན་འབྲེལ་གྱི་ལས་ཁ་ཚར་ལ་བརྟེན་ནས་ཚོགས་གསོག་པའི་རིམ་པ་ལ། མཆོད་བསྟོད་ཀྱི་རིམ་པ། སྔོན་འགྲོ་ཡན་ལག་བདུན་པ། རབ་གནས་དང་གསུམ། གསོན་ལ་ཕན་འདོགས་པའི་ཆོས་གསུམ་ལ། བཟླས་ལུང་འབོགས་པ། དབང་བསྐུར། སྦྱིན་སྲེག་དང་གསུམ། གཤིན་ལ་ཕན་འདོགས་པའི་ཆོས་གསུམ་ལ། སྦྱིན་སྲེག །རོ་སྦྱོང་བུམ་ཁྲུས་དང་གསུམ། ནད་པར་ཕན་འདོགས་པའི་ཆོས་གསུམ་ལ། དབྱུག་འཆོས། ནད་འདོན། བསྲུང་འཁོར་གསུམ། ལུས་ཀྱི་ཆོས་སྤྱོད་གསུམ་ལ། ཕྱག །སྐོར་བ། སྤྱོད་ལམ་གསུམ། ངག་གི་ཆོས་སྤྱོད་གསུམ་ལ། གསོལ་འདེབས་བསྟོད་པ་བཟླས་པ་གསུམ། ཡིད་ཀྱི་ཆོས་གསུམ་ལ་བསྐྱེད་རིམ་རྫོགས་རིམ་བསྐྱེད་རྫོགས་ཟུང་འཇུག་དང་གསུམ། ཡང་གསང་ཁྱད་འཕགས་ཀྱི་ཆོས་ལ། སྟོང་པ་སྙིང་རྗེ་ཟུང་འཇུག་གསུམ། ཁྱད་པར་གྱི་གདམས་པ་གསུམ་ལ། ལྟ་བ་སྒོམ་པ་སྤྱོད་པ་གསུམ། རྫོགས་རིམ་གྱི་ཟབ་གནད་རྩ་དང་རླུང་དང་ཐིག་ལེ་སྦྱང་


GLG002_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ། འདའ་ཀ་མའི་ཟབ་ཁྱད་འཕོ་བ་ཕྱི་ནང་གསང་གསུམ། བར་དོ་མེད་པར་འཚང་རྒྱ་བའི་གནད་བར་དོ་ཕྱི་ནང་གསང་གསུམ། བར་དོ་ངོས་འཛིན་པའི་ཐབས་གཉིད་དང་འོད་གསལ་རྨི་ལམ་གསུམ། ཕྱི་ལྟར་སྒྱུ་ལུས། ནང་ལྟར་འོད་གསལ། གསང་བ་ལྟར་བསྲེ་བའི་མན་ངག་དང་གསུམ། བསྐྱེད་རྫོགས་ལ་གཅེས་པ་རླུང་སེམས་བསྲེ་བ་ཕྱི་ནང་གསང་གསུམ། རླུང་གནད་ཀྱི་ཏིང་འཛིན་ཟས་སུ་ཟ་ཞིང་འཆི་བ་བླུ་བ་ཕྱི་ནང་གསང་གསུམ། ཐུན་མཚམས་ཀྱི་བྱ་བའི་ཆོས་སྤྱོད་གསུམ་ལ། ཟས་ཀྱི་རྣལ་འབྱོར། སྐོམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར་གསུམ། ལྷག་མ་གསུམ་ལ་ཟས་ལྷག །སྐོམ་ལྷག །ཟན་བརྫིས་ཤུལ་བྱིན་པ་དང་གསུམ། ཆུའི་ཚོགས་གསོག་གསུམ་ལ། ཁྲུས། ཛམྦྷ་ལའི་ཆུ་སྦྱིན། འཇུར་བགེགས་ཀྱི་ཆུ་སྦྱིན་དང་གསུམ། རྟེན་གྱི་ཚོགས་གསོག་ལ། མཎྜལ་སཱཙྪ་སྐུ་ཁྲུས་གསུམ། སྤྱོད་ལམ་གྱི་རྣལ་འབྱོར་ལ། འགྲོ་བའི་རྣལ་འབྱོར་གསུམ། འདུག་པའི་རྣལ་འབྱོར་གསུམ། ཉལ་བའི་རྣལ་འབྱོར་གསུམ། ལྡང་བའི་རྣལ་འབྱོར་གསུམ་རྣམས། བཞི་པ་དེ་ཁོ་ན་ཉིད་གཅིག་སྐོར་ལ།སྒྲུབ་ཐབས། མངོན་རྟོགས། རྒྱུན་མཆོད། གསོལ་འདེབས། བསྟོད་པ། རྒྱུན་བཤགས། མཎྜལ། སེམས་བསྐྱེད། སྐྱབས་འགྲོ། སྒྲིབ་སྦྱོང་། སྐོར་བ། སཱཙྪ། སྦྱིན་སྲེག །ཟས་སྐོམ། གཏོར་མ། ཆུ་གཏོར། ཟག་པ་དང་ལྷག་མ་སྦྱིན་པ། སྐུ་ཁྲུས། རིན་པོ་ཆེའི་རྒྱུན་མཆོད། སྣང་བ་ཚོགས་ལམ། བཟླས་ལུང་བླང་བ། དབྱུག་བཅོས། ནད་པ་ལ་བྱིན་རླབས། ནད་འདོན། བསྲུང་འཁོར་བསྲུང་སྐུད། སྲིའུ་གསོ་བ། ས་བདག་གདོན་འགྲོལ། སྨྱོ་བོག་ཞི་བ། ཡམས་ནད་བསྲུང་བ་དང་གསོ་བ། ཆུ་དང་


GLG002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་འོད་སེར་བསྲུང་། བྱད་ཁ་རྦོད་གཏོང་བཟློག་པ། ཟས་ནོར་སྤེལ་བ། ཚེ་དང་བསོད་ནམས་སྤེལ་བ། རིགས་བརྒྱུད་སྒྲུབ་པ། དབང་སྡུད། ཚར་གཅོད། གནག་རྟ་ལུག་གསུམ་སྤེལ་བ། འབྲུ་དང་སྲིས་སྤེལ་བ། ཆོས་དང་མི་འདུ་ཐབས། མཁའ་སྤྱོད་སྒྲུབ་པ། བཅུད་ལེན། ས་སྤྱོད་སྒྲུབ་པ། མི་རྟོག་པ་ཟས་སུ་ཟ་བ། རླུང་ཟས་སུ་ཟ་བ། བྱིན་རླབས་ཟས་སུ་ཟ་བ། མཚན་བཅས་སྐུ་ལ་སེམས་སྦྱངས་ཏེ་རིམ་གྱིས་འཚང་རྒྱ་ཐབས། ལྟ་སྒོམ་སྤྱོད་པའི་སྒོ་ནས་ཅིག་ཆར་འཚང་རྒྱ་ཐབས། ཐ་མལ་པ་རྣམས་བྱང་ཆུབ་ལམ་སྣ་གཟུང་བ་རྣམས། ལྔ་པ་ཕྱག་རྒྱ་རྐྱང་པའི་སྐོར་ལ། སྒྲུབ་ཐབས། ཉམས་ལེན། ལྟ་སྒོམ་གྱི་ཞལ་གདམས། གསོལ་འདེབས། ཡོན་ཏན་བརྗོད་པ། ཆོས་སྤྱོད་མཎྜལ། སཱཙྪ། སེམས་བསྐྱེད། སྐྱབས་འགྲོ། ལྷ་ཕྱག །ཟས་སྒོམ་གྱི་རྣལ་འབྱོར། གཏོར་མ། ཆུ་གཏོར། དབྱུག་བཅོས། བསྐྱེད་རྫོགས་ཟུང་འཇུག་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས། ཡང་སློབ་དཔོན་པདྨའི་ཐུགས་བཅུད་ཕྱུང་བའི་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་རྣམས། བཞི་པ་ཁོག་འབུབས་ཞལ་གདམས་སྐོར་ལ། གོང་དུ་བཤད་པའི་དྲུག་སྐོར་བཞི་སྐོར་གསུམ་སྐོར་ཆིག་སྐོར་རྣམས་ཀྱི་ས་བཅད་ཀྱི་ཚུལ་དུ་ཁོག་འབུབས་པ་ལོ་རྒྱུས་དང་བཅས་པ། ཐུགས་རྗེ་ཆེན་པོའི་ཞལ་གདམས་ཉི་ཤུ་རྩ་གཅིག་པ། ལྔ་པ་ཉམས་ལེན་དམར་འཁྲིད་སྐོར་ལ། ཁྱད་པར་གྱི་དམར་འཁྲིད་རིན་ཅེན་འཕྲེང་བ། ལམ་རིམ་གནད་འདུས་རིན་ཅེན་འོད་ཀྱི་ཕུང་པོའམ་གནད་འདུས་ནོར་བུའི་འཕྲེང་བ་དང་བཅས་པ། དྲུག་པ་ཞི་ཁྲོའི་སྒྲུབ་པ་ཐོར་བུའི་སྐོར་ལ། ཐུགས་རྗེ་ཆེན་པོའི་


GLG002_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་སྒྲུབ་པ་ཆེན་པོ་ལ་བརྟེན་ནས་བུད་མེད་དབང་དུ་བསྡུ་བ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོའི་བསྙེན་སྒྲུབ་ལས་སྦྱོར་ལ་བརྟེན་ནས་འཇིག་རྟེན་དབང་དུ་བསྡུ་བ། ཡུམ་ལ་བརྟེན་ནས་མཁའ་འགྲོ་བསྒྲུབ་པ་རྣམས་ཀྱི་ཞི་བའི་ཆོས་སྐོར་ཚང་ངོ་། །ཁྲོ་བོའི་སྐོར་ལ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཀྱིས་རང་བྱིན་གྱིས་བརླབ་པའི་སྒྲུབ་ཐབས་རྩ་བ། ལག་ལེན་མངོན་རྟོགས། མཐའ་རྟེན་གདམས་ངག་གི་གནད་བྲག་ཕུག་ཞྭ་ལྟར་གྱོན་པ། འཛབ་བསྙེན་ཆུ་བོའི་གཞུང་ལྟར་འདྲེན་པ། གཏོར་ཚོགས་རི་ལྟར་སྤུངས་པ་གསུམ་དང་བཅས་པའི་ཤིན་ཏུ་ངོ་མཚར་བ། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་ཕུར་སྒྲུབ་དབང་མཆོག་དང་བཅས་པ་ཤིན་ཏུ་རྒྱས་པ། ཐུགས་རྗེ་ཆེན་པོ་ཞི་ཁྲོའི་མདོས་སྐོང་རྩ་བ་དང་ལག་ལེན་གཉིས། འདིར་ཤག་གི་གཏོར་མ་ཡིན་ཀྱང་བླ་མ་མངའ་བདག་ཆེན་པོར་བཀའ་བབས་པས་འདིའི་ཆོས་སྡེར་ཡོད་དོ། ༈ །བདུན་པ་བསྟན་བསྲུང་སྐོར་ལ། ཐུགས་རྗེ་ཆེན་པོའི་བསྟན་བསྲུང་ཨ་པ་ར་ཙིཏྟའི་ནོར་བདག་གསང་རྒྱུད་ལེའུ་བཅུ་པ། ཨ་པ་ར་ཙིཏྟའི་གསང་རྒྱུད་ཕྱི་མ་ལེའུ་ལྔ་པ། གནོད་སྦྱིན་སྙིང་སྒྲུབ། གནོད་སྦྱིན་གྱི་དངོས་གྲུབ་སྒྲུབ་ཐབས་ལག་ལེན་བཀོད་པ། གནོད་སྦྱིན་རིན་པོ་ཆེ་དངོས་གྲུབ་བཟང་པོའི་གསང་སྒྲུབ་རྣམས་སོ། །ད་དུང་གནོད་སྦྱིན་གྱི་སྐོར་ལ་ཆོས་ཀ་ཁ་ཡར་ཡོང་ཚོད་དུ་འདུག་ཀྱང་ཁོ་བོས་ནོས་པ་ནི་བཤད་མ་ཐག་པ་རྣམས་ཡིན་ལ། དེ་དག་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཚན་ལྡན་


GLG002_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་རིན་པོ་ཆེ། མངའ་བདག་འགྲོ་བའི་མགོན་པོ། མངའ་བདག་བློ་ལྡན། མངའ་བདག་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུའི་མཚན་ཅན། མངའ་བདག་ཀུན་དགའ་འོད་ཟེར། མངའ་བདག་ཀུན་དགའ་འཕེལ། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ལྷ་བྲེ་བ་ཀརྨ་གུ་རུ། རང་གྲོལ་གྱི་རྣལ་འབྱོར་པ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྲས་མི་བསྐྱོད་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས་འཁྲུལ་ཞིག་མདོ་བོ་རས་པ། དབུས་པ་བྲག་གསུམ་པ། མངའ་རིས་དཔལ་ལྡན་སེང་གེ །བླ་མ་བསམ་གྲུབ་རྒྱལ་མཚན། གྲུབ་ཆེན་དཀོན་ཅོག་མགོན་པོ། མངའ་རིས་པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་གོང་ལྟར་རོ། ༈ །ཡང་ཐུགས་རྗེ་ཆེན་པོའི་ཡུམ་བཀའ་མཁའ་འགྲོ་གསང་སྐོར་ལ་གཞི་ལམ་འབྲས་བུའི་ལག་འཁྲིད་སྙན་བརྒྱུད་རིན་ཅེན་སྒྲོན་མ་ཞེས་པ་ལེའུ་དང་པོ་གཞི་སྣང་ཚུལ་གནས་ལུགས་གཏན་ལ་དབབ་པ། ལེའུ་གཉིས་པ་མཁའ་འགྲོ་གསང་བའི་ལྟ་བ་གཏན་ལ་དབབ་པ། ལེའུ་གསུམ་པ་སྔོན་དུ་འགྲོ་བ་སྤྱི་འགྲོ་གནད་ཀྱི་གདམས་པ་བསྟན་པ། ལེའུ་བཞི་པ་ལམ་ཉམས་སུ་ལེན་པའི་ཐབས་ཀྱི་རིམ་པ་བསྟན་པ། ལེའུ་ལྔ་པ་འབྲས་བུ་ཟད་སར་སྐྱེལ་བ་བསྟན་པ། བྱིན་རླབས་ཀྱི་རྩ་བ་གསང་བ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་ལེའུ་བཅུ་གཅིག་པ།
གསང་བ་ཡེ་ཤེས་ཀྱི་དབང་སྨིན་ལམ་རིམ་པ་དབང་གི་ལས་ཞེས་བྱ་བ། དཀར་མོ་སྐུའི་བསྙེན་སྒྲུབ། དམར་མོ་གསུང་གི་སྒྲུབ་པ། ནག་པོ་ཐུགས་ཀྱི་སྒྲུབ་པ་དམར་འཁྲིད་རིན་ཅེན་འཕྲེང་བ། ཐབས་ལམ་པདྨ་བཅུད་བསྡུས་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ཡང་གོང་ལྟར་རོ། །མཁའ་འགྲོ་གསང་སྐོར་གྱི་ཆོས་བཀའ་ཆ་ཚང་བ་ལ་ད་དུང་རེ་མང་དགོས་ཡོད་འདུག་ཀྱང་རེ་ཞིག་དེ་ཙམ་མོ།


previousའཕགས་མཆོག་སྤྱན་རས་གཟིགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་དྲིལ་བའི་དབང་ལུང་རྣམས་ལེགས་པར་ནོས་པའི་སྐོར།next