Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ཀྱི་སྐོར།
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ཀྱི་སྐོར། next

གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ཀྱི་སྐོར།


GLG003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཀིང་ཀང་དམར་ཆུང་རླུང་སྒྲུབ་གནམ་ལྕགས་ཀྱི་ཐོག་འདྲ་བ་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ལ། བཅའ་གཞི་ལིངྒ་འདྲི་ཚུལ། དམོད་མོ། སྔགས་ཏིང་འཛིན། རྟགས་མནན་པའི་དུས་ཀྱི་མ་ཏི་རླུང་སྒྲུབ་ངག་འདོན་རིག་འཛིན་བརྒྱུད་པའི་གསུང་རྒྱུན་འཁྲུལ་མེད་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཐོབ་རྒྱལ་ལྷ་རྩེར་མཛད་པའི་ལྗགས་བསྒྲིགས་མ་རྣམས་ཐོབ་པའི་བརྒྱུད་པ་ནི། འཕགས་


GLG003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇམ་དཔལ་གཤིན་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། གནུབས་ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། གོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ་པཎ་ཆེན་པདྨ་དབང་རྒྱལ། རིགས་འཛིན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་ལུང་ཕྱག་ལེན་དམར་འཁྲིད་ཤིན་ཏུ་གསང་བའི་ཞལ་ཤེས་དང་བཅས་སྩལ་ཞིང་ལས་སྦྱོར་འདི་ལ་བརྟེན་ནས་མཆོག་དམན་བར་པ་མང་པོ་ཆམ་ལ་ཕབ་པ་ལགས་སོ། །ཡང་ལུང་རྒྱུན་གཅིག་ལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས། གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཀུན་ཐུབ་ཀྱི་སྒྲིབ་ཤིང་ཞྭ་སྲུང་མའི་བརྒྱུད་པ་ནི། ངག་གི་དབང་པོ་ནས། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་གཤིན་རྗེ་དམར་ཆུང་རླུང་སྒྲུབ་ལ། བཀའ་མ་སློབ་དཔོན་དེ་ཝ་ཙནྡྲས་པ་ལ་པ་ཏྲའི་རྒྱུད་ནས་བཏུས་པ་དང་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་གཏེར་ནས་སྤྱན་དྲངས་པའི་བཀའ་གཏེར་གཉིས་ཀའི་མན་ངག་སྙིང་པོ་བསྡུས་པའི་འབྲི་གུང་པ་རིགས་འཛིན་གནམ་ལྕགས་མེ་འབར་གྱི་ཕྱག་བཞེས་སུ་བུ་ལོད་རིན་བཟང་གིས་ཡི་གེར་བཀོད་པ་ལ་བརྟེན་ནས་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་གོ་རིམ་དུ་བསྒྲིགས་པའི་སྒྲུབ་ཐབས། དེའི་མན་ངག་གབ་ཅིང་སྦས་པའི་ཞལ་གདམས། བན་བོན་སོགས་མཐུ་བྱེད་ནན་དུར་དུ་འགྲས་ན་བྱ་བའི་ཞལ་གདམས། འདི་


GLG003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཁན་པོ་ནང་འགྲས་ན་བྱ་བའི་ཞལ་གདམས་བཀའ་རྒྱ་མ། ཁྲག་གི་ཁ་བསྒྱུར། མནན་པ། རྟགས་ཚད་བསྟན་པ། རླུང་སྒྲུབ་ལས་བྱང་ཡི་དམ་ལྷའི་གནང་བ་ཐོབ་ནས་དབུར་སྨྱོན་གྱིས་མཛད་པ་སྤྱི་ལིང་གཉིས། ངག་མནན། ནང་འགྲས། བཅའ་གཞི། གཏོར་མ། སྨན་རཀ །ཐུན་ཕུར་པ། རྟེན་རྗེས་ཀྱི་དཔེ་རིས་བཅས་ཐོབ་པའི་བརྒྱུད་པ་ནི། རིགས་འཛིན་ལེགས་ལྡན་རྗེ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། བླ་མ་རིན་ཅེན་དཔལ། བླ་མ་སངས་རྒྱས་རིན་ཅེན། འབྲི་གུང་པ་ཐུགས་ཀྱི་རྡོ་རྗེ། བླ་མ་དཀོན་ཅོག་ལྷུན་གྲུབ། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །བཀའ་མ་ལྟར་ན། འཇམ་དཔལ་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །སློབ་དཔོན་དེ་ཝ་ཙནྡྲ་ཤིནྟཾཾ་གདྡྷ་དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས་ལྷ་རྗེ་ཡོན་ཏན་རྒྱ་མཚོ། ལྷ་རྗེ་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། བྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་རིན། བཀྲ་ཤིས་རྒྱལ་མཚན། མཐར་ཕྱིན་ལྷ་གོམ། གངས་པ་ཤཱཀ་འབུམ། རྒྱལ་བ་གཡུང་སྟོན། སེང་གེ་བཟང་པོ། སྐལ་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །འཇམ་དཔལ་བཤེས་གཉེན་གྱི་ཐུགས་མཛོད་གསང་བའི་སྒྲོམ་བུ་ལས་བྱུང་བ་འབུམ་སྡེའི་ཡང་སྙིང་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་དྲག་སྔགས་ཀྱི་བདག་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་དགོངས་པའི་མཐར་ཐུག་པ་ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན་གྱི་ཟབ་བཅུད་ཡང་བཟློག་གསེར་གྱི་འབྲུ་གཅིག་མ་བན་བོན་བྱ་མའི་རང་གཤེད་རྣོ་མཚོན་ལས་ཀྱི་འཁོར་ལོ་ཧྲཱི༔ དམར་གཤིན་རྗེའི་གཤེད་ཀྱི་ཡང་སྙིང་དུ་གྲགས་པ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་སྐོར་ལ་རྩ་བའི་ཡི་གེ་ཡང་བཟློག་


GLG003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་འབྲུ་གཅིག་ཉི་ཟླ་ཤེལ་གྱི་སྒོ་ལྕོག །དེའི་ལག་ལེན་འཁྲིད་ཡིག་རིན་ཆེན་འཕྲེང་བ་ཞེས་བྱ་བ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ལྗགས་སྒྲིགས་མའི་ནང་གསེས་ལ། ཉལ་ཆོག་བསམ་གཏན་བསྲུང་བ། ཡང་བཟློག་གསེར་གྱི་འབྲུ་གཅིག །གསོད་བྱེད་ཡིག་རྐང་གནམ་ལྕགས་ཕུར་བུ། བསྲེག་པ་གཏུམ་དྲག་འབར་བ། མནན་པ་ཨུརྨོ་ལྟོ་སྦྱོར། ཟོར་ལས་གནམ་ལྕགས་ཐོག་འབེབས། རྫོགས་རིམ་དངོས་བྲལ་ཀ་དག །ཐལ་གདབ་ཉི་ཟླའི་འཁྲུལ་འཁོར་ཆོད་འཛིན་སོབ་པ་བྱ་རོག །ལྟས་གསལ་སྙིང་ཁྲག་མཚོ་ཞལ་རྣམས། ཡང་དམ་པ་གང་དེས་མཛད་པའི་བསྲུང་བ་རྡོ་རྗེའི་རྫོང་ཆེན། བཟློག་པ་གནམ་ལྕགས་སྤུ་གྲི་གསད་པ་དུག་གསུམ་གནད་འབེབས་ཞེས་བྱ་བ། ཡང་དེས་མཛད་པའི་བསྲུང་བཟློག་གསང་བསྲེག་མནན་པའི་ཞལ་ཤེས་གབ་དཀྲུགས་སྦས་པ་མངོན་དུ་ཕྱུང་བ་རྡོ་རྗེ་ཕ་ལམ་གྱི་མཁར་རྫོང་ཆེན་པོ་རྣམས་ཀྱི་ཁྲིགས་རིམ་དམར་འཁྲིད་ཞལ་ཤེས་གནད་འགག་ཉམས་མྱོང་ཚད་མའི་སྒོ་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་བཀའ་གཏེར་གཉིས་ལས་བཀའ་མ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས་གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་ཀུན་རིག །སློབ་དཔོན་བཀྲ་ཤིས་རྒྱལ་མཚན། བླ་མ་མཐར་ཕྱིན་ལྷ་སྒོམ། གངས་པ་ཤཱཀ་འབུམ་གཡུང་སྟོན་རྡོར་དཔལ། བླ་མ་སེང་བཟང་། བཛྲ་རཱ་ཛ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་


GLG003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ། དེས་བདག་ལའོ། །གཏེར་མའི་བརྒྱུད་པ་ནི། གནུབས་ཆེན་ཡན་གོང་ལྟར་ལ། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ། བཛྲ་རཱ་ཛ་མན་གོང་ལྟར་རོ། །མན་ངག་འདི་ལ་བརྟེན་ནས་སྒྲོགས་རྡོ་ནམ་མཁའ་བཅག་ཅིང་རང་མཚོན་རང་ལ་བརྒྱབ་པའི་ཉམས་མྱོང་མའོ། །གནུབས་ཀྱི་གོང་ཁུག་ཟབ་མོ་ཀཀྞི་རྩེ་ནས་སྙིལ་བའི་འཕྲུལ་སྒྱོགས། བཙན་པོ་རྨང་ནས་འཇིགས་པའི་གཟུ་བ་ཡང་བཟློག་ཉི་མ་མདུང་གང་ཞེས་བྱ་བ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་ཆོས་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་སྐོར་ལ་རྩ་བའི་ཡི་གེ་ཡང་བཟློག་ཆེན་པོའི་མཚོན་ཆ། དེའི་གསལ་བྱེད་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་ལ་ཐིག་འདེབས་ཞལ་ཤེས་ཐབས་ཤེས་དམར་འཁྲིད། བསྲུང་བ་བྱིན་རླབས་འཁོར་ལོའི་བྲི་གནད། ཟློག་པ་ཉལ་ཆོག་འཁོར་ལོའི་བྲི་གནད། མནན་པ་རི་རབ་འཁོར་ལོའི་བྲི་གནད། བསྲུང་སྐྱོབ་དབང་གི་ཆུ་རྒྱུན། ཟློག་པ་མཚོན་ཆའི་འཁོར་ལོ། གསད་པ་གཤིན་རྗེའི་ཁོང་གཏད་དམར་པོ། མནན་པ་རི་རབ་གླིང་བཞི་རྒྱས་འདེབས་རྣམས་དཔེ་རིས་དང་བཅས་པའི་སྟེང་ནས་ཕྱག་ལེན་དམར་འཁྲིད་སྒོམ་དོན་མན་ངག་ཞལ་ཤེས་དང་བཅས་ཏེ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །རིགས་འཛིན་པདྨ་འབྱུང་གནས་བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་ཆོས་གྲགས། གནུབས་བྱ་བྲལ། སྔགས་འཆང་རྡོ་རྗེ་རྒྱལ་པོ། རིག་འཛིན་ཆོས་ཀྱི་རྒྱལ་མཚན། བླ་ཆེན་ཆོས་ཀྱི་བློ་གྲོས། ནམ་མཁའ་དཔལ་ལྡན་རྒྱ་


GLG003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། པཎ་ཆེན་པདྨ་དབང་རྒྱལ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་མཚོན་ཆར་སྩལ་ཞིང་ཉམས་མྱོང་ལག་ཁྱེར་མའོ། །སྤྲུལ་རྒྱ་ཞང་ཁྲོམ་གྱི་གཏེར་བྱོན་བན་བོན་སྔགས་པས་ལོ་བརྒྱད་བསྒྲུབ་པ་ཞག་གཅིག་ལ་མེད་པར་བྱེད་པའི་ལིངྒ་སཱཙྪ་ལ་བརྟེན་པའི་ལུང་ཕྱག་བཞེས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ །བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས་གཏེར་སྟོན་རྒྱ་ཞང་ཁྲོམ། སྟོན་པ་མགར། སོ་སྒོམ་པ་ནས་རིམ་པར་མི་དབང་ནོར་བུ་དབང་རྒྱལ། དེ་སྲས་མི་འགྱུར་རྡོ་རྗེ། དབྱངས་དཔོན་། ཟུར་རྩ་བའི་བླ་མ། དེས་བདག་ལའོ། ། རྒྱ་ཞང་གི་གཏེར་མ་རྒྱ་ནག་ཀོང་ཙེའི་དཔྱད་ལས་བྱུང་བའི་གཟའི་འགྱུར་དུས་གདོང་གཏད་ལ་མཁོ་བའི་གཟའ་བཟུང་བའི་མན་ངག །བྲམ་ཟེ་སྤུ་གུས་བསྟན་པའི་ཁྱབ་འཇུག་གཟའ་སྔགས་ཐེམས་ཞར་བྱུང་བཟློག་སྔགས། ཕོ་སྔགས། ངག་གནོན། སྡེ་བརྒྱད་འདུ་བ། བོད་གསད་ཀྱི་སྔགས་དང་བཅས་པ། ལྷ་དབྱེའི་སྔགས་འདྲི་ལུགས་བྱ་མཚའ་ལུའི་སྙིང་དང་ཟངས་ཕུར་ལ་བརྟེན་པའི་བླ་རྡོ། སྒྲ་གཅན་གྱི་བསྲུང་བ་ཆེན་པོ་གསང་བདག་ལྟོ་འཁོར་དང་གདོང་ཟླ་སྡེ་བརྒྱད་ཀྱི་འཁོར་ལོ་བརྒྱད་ཀྱི་གཞུང་ལག་ལེན་སྔགས་བྱང་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ་འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ་རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས།


GLG003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དཔལ་ལྡན་རྒྱ་མཚོ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །གསང་བདག་ལྟོ་འཁོར་གྱི་བརྒྱུད་ལུགས་གཅིག་ནི། ཕ་ཇོ་ལྷུན་གྲུབ་རྡོ་རྗེའི་བར་འཚོལ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། །མོན་ཡུལ་འབུམ་ཐང་ཀ་རུ་ནས་སྤྲུལ་པའི་གེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་ཟབ་མོ་སྙིང་ནང་གི་ཁྲག་ལྟ་བུ་ཤིན་ཏུ་གཅེས་པའི་སྐོར་ལ། ལྟེ་བ་སྤྲེལ་མཆོངས་སོགས་ཤིན་ཏུ་གསང་བའི་རྫས་སྣ་དྲུག །སྐྱོབས་གཅིག །ཁ་བསྒྱུར་གསུམ་དང་བཅས་པ་ལ་བརྟེན་ནས་དགྲ་བོའི་ལོ་ཏོག །མགོ་བོའི་སྐྲ། ལུག་གི་བལ། རྟའི་སྤུ་རྣམས་ཐལ་བར་རློག་པའི་རྫས་མཐུ་ཟབ་མོ་རྡོ་རྗེ་མེའི་སེར་བ་ཞེས་བྱ་བ་ཤོག་དྲིལ་དང་པོ། དགྲ་བོ་བྲེད་ཅིང་དངངས་པར་བྱེད་པའི་ལྟས་ངན་སྦྲུལ་གྱི་ཐང་མ་ཞེས་པ་རྣམ་རྟོག་སློང་བའི་རྫས་མཐུ་ཟབ་མོ་ཤོག་དྲིལ་གཉིས་པ། འཁོར་ལོས་སྒྱུར་རྒྱལ་ལྟ་བུ་ཡང་ཟླ་བ་གཅིག་ནས་སྐྲོད་པར་ནུས་ན་སྐྱེ་བོ་ཕལ་པ་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་བསྐྲད་འཁོར་ཟབ་མོ་དགྲ་བོ་རྒྱ་མཚོའི་ཕ་རོལ་འགྲོ་བ་ཤོག་དྲིལ་གསུམ་པ། དགྲ་ཡུལ་གྲམ་རིང་སྐྱ་བོར་གཏོང་བའི་ཐོག་སེར་གྱི་མན་ངག་ཟབ་མོ་དྲག་པོ་ཐོག་གི་བུ་ཡུག་ཅེས་བྱ་བ་ཤོག་དྲིལ་བཞི་པོ། རྗེ་བཙུན་མི་ལས་ཕ་ཡུལ་ཕུང་བར་མཛད་པའི་སེར་འབེབས་བླ་མ་གཡུང་སྟོན་ཁྲོ་རྒྱལ་གྱི་གདམས་པ་ཟབ་མོ་ཡང་འདི་ཡིན་སྐད་དོ། །ལན་ཅིག་འགོམས་པ་ཙམ་གྱིས་དགྲ་བོའི་བསོད་ནམས་ལྷག་མ་ལུས་པར་བྱེད་པའི་གོམས་ཆོག་སྲོག་གི་སྤྲུ་གྲི་ཞེས་བྱ་བ་ཤོག་དྲིལ་ལྔ་པ། བག་གཟན་ལ་བརྟེན་པའི་


GLG003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་འབྱེད་དང་ཤིང་བྱང་ལ་བརྟེན་པའི་ཉེ་འབྱེད་རིགས་མི་གཅིག་པ་གཉིས་དང་བཅས་པས་ཇི་ལྟར་མཛའ་ཡང་ཟླ་བ་གཅིག་ནས་རྡོ་བཅག་པ་བཞིན་དབྱེ་བའི་མན་ངག་ཟབ་མོ་ཤོག་དྲིལ་དྲུག་པ། འགོར་ཨོཾ་དང་མཇུག་ན་སྭཱཧཱ་མེད་པའི་རྒྱ་ནག་པོའི་སྔགས་རྒོད་བོད་ཀྱི་མདེ་ཐུང་གནུབས་ཀྱི་བྱང་སེར་སྲོག་མཐུ་དུག་གི་རྒྱ་ཅན་ཞེས་བྱ་བ་ཤོག་དྲིལ་བདུན་པ། མུ་སྟེགས་ནག་པོའི་ངན་སྔགས་གཡམ་གཏད་དང་ཟློག་མེད་ནག་པོ་ཞེས་བྱ་བ་ཤོག་དྲིལ་བརྒྱད་པ། འགོམས་པ་ཙམ་གྱིས་སྦྲུམ་མ་འཆོར་བར་བྱེད་པའི་འགོམ་ཆོག་འཁོར་བ་རྒྱུན་གཅོད་ཅེས་བྱ་བ་མུ་སྟེགས་སྤྲིན་གྱི་ཤུགས་ཅན་གྱི་གདམས་པ་ཤོག་དྲིལ་དགུ་པ། ཆར་གཅོད་ཁྲོམ་ལྔ་ཕུ་བརྒྱད་ཅེས་བྱ་བ་ཤོག་དྲིལ་བཅུ་པ། ཞར་བྱུང་རྫས་མཐུ་ནག་པོ་ལ་བརྟེན་ནས་མི་དང་དུད་འགྲོ་ལ་ལྟས་ངན་མངོན་སུམ་དུ་སྐྱེ་བའི་ཐབས་རྣམས་ཀྱི་དཔེ་རིས་དང་བསྟུན་པའི་ལུང་ཕྱག་བཞེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་གཙུག་ལག་དཔལ་དགེ་འཕུང་བྱེད་ཤིནྟཾ་གརྦྷ་སློབ་དཔོན་ཧ་ན་དྷ་ལ། རྒྱ་གར་ཁྲག་འཐུང་ནག་པོ། མུ་སྟེགས་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། དེ་སྲས་དོན་ཡོད་རྡོ་རྗེ། སྔགས་འཆང་རོལ་པའི་རྡོ་རྗེ། རིགས་འཛིན་ཀརྨ་སི་ཏུ། བླ་མ་ཀ་བཞི་པ་ཆེན་པོ། ཉི་མ་བཅུ་དྲུག་པ། བླ་མ་ཀུན་དགའི་མཚན་ཅན། བྱང་ཆུབ་དཔལ་མོ། གུང་རད་པ་ཚུལ་ཁྲིམས་རྒྱ་མཚོ། འབྲི་གུང་ཟུར་པ་གནམ་ལྕགས་མེ་འབར། མཆོག་སྤྲུལ་མངའ་རིས་ལེགས་ལྡན་རྡོ་རྗེ། བྱང་བདག་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། ཟུར་ཀུན་


GLG003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲག་སྔགས་ཀྱི་བདག་པོ་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་ཕན་གནོད་ཀྱི་གདམས་པ་ཐོར་བུའི་སྐོར་ཐོབ་པ་ལ། ཟླ་གསང་ངན་སྔགས་ཐམས་ཅད་ཀྱི་སྙིང་པོ་དགྲ་བོ་ཞག་བདུན་ནས་དགྲ་བགེགས་ཏེ་འཆི་བའི་སྡིག་པའི་གསོན་གཏད་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོས་ནུ་བོ་ལ་ཁ་ཆེམས་སུ་གནང་བ། ཤ་ཏུ་ཀོ་ཊིས་ཁྱེར་བ་སྡིག་པའི་རོ་གཏད་ནཱ་ག་འབྲུ་བཅུ་བཞི་མ། དགྲ་བོ་ནམ་མཁའ་ལྡིང་ལ་གཏོད་པ་ཏྲི་སུ་ལ་ཏྲི་འབྲུ་བཅོ་བརྒྱད་པ་སྲང་གང་རི་བའི་བཀའ་རྒྱ་མ། འཆི་བདག་ཀླུའི་ཟླ་གསང་ལས་མཛའ་བོའི་གསོན་གཏད་སྔགས་ནཱ་ག་སུ་རུ་འབྲུ་བཅོ་ལྔ་པ། ཡང་མཛེ་བོའི་གསོན་གཏད་སྔགས་ཨོཾ་དུག་འབྲུ་བཅུ་གཅིག་མ། སྦལ་པའི་གསོན་གཏད་སྔགས་ནཱ་ག་ཙེ་འབྲུ་ཉེར་གསུམ་པ། གཏད་ཁྲམ་ཁེར་འདེད་གཏོང་བ་ལ་བཙན་དུག་ལྟ་བུ་ནཱ་ག་གུར་ལེན་འབྲུ་སོ་ལྔ་པ་ལིངྒའི་དཔེའུ་རིས་དང་བཅས་པ། གསུར་གཏད་སེར་སྦྲུལ་མ་སྤུ་གྲི་རེག་གཅོད་དུ་གྲགས་པ་སྔགས་སྦལ་པའི་གསོན་གཏད་དང་ཕཊ་ཡན་འདྲ་བ། མཛེ་བོའི་གསོན་གཏད་ནཱ་ག་ལིང་འབྲུ་སུམ་ཅུ་པ། སྦལ་ནག་ལྟོ་འཁྲུག་ཀླུའི་སྙིང་གཟེར་སློབ་དཔོན་པདྨས་མངའ་བདག་ལ་གདམས་པ་གནུབས་ཀྱི་ཕྱག་ཏུ་བབས་པ་ཁྱི་ཁ་གཟན་བསྐྱུར་དང་སེར་སྦྲུལ་ཁུར་པར་ཡང་གྲགས་པ་ནག་པོ་ཏི་པ་ཙ་འབྲུ་སོ་བརྒྱད་པ་ལིངྒའི་དཔེའུ་རིས་དང་བཅས་པ། ཡི་དྭགས་ལ་དགྲ་གཏོད་པ་རོ་གཏད་ཟབ་མོ་ཀཱ་ལ་རུ་པ་འབྲུ་བཅུ་དགུ་པ་བྷ་སུ་དྷ་རས་གནུབས་ལ་གནང་བ། སྲིད་པའི་ཀླུ་མོ་དབང་བྱེད་མའི་རྒྱུད་ནས་བཏུས་པའི་མ་མོ་བདུན་གྱི་གཏད་ཁྲམ། སོ་སོའི་སྔགས་སྡེ་ཚན་བདུན་དང་མཇུག་ཏུ་མྱོས་ལོང་


GLG003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྲུ་བཅུ་གཉིས་ཡོད་པ་བྷ་སུ་དྷ་རས་ཡང་དབང་གཏེར་ལ་སྩལ་བ། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་༼གཏེར༽སྔགས་སྡེབ་ཀྱི་རྒྱལ་པོ་རྒྱུད་ཐོད་པ་ནག་པོའི་ལེའུ་བདུན་པ། གཤིན་རྗེ་ནག་པོའི་གཤོར་བརྡབས་ཆོག་སྤུ་གྲི་རེག་ཆོད་སློབ་དཔོན་ཆེན་པོ་པདྨས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཡབ་འཁོར་ཡུམ་འཁོར་བར་ལིང་ཕུར་པར་རལ་གྲི་ཐོག་མ་དེ་ལ་དཀྱིལ་འཁོར་ཐོད་པ་རྡོ་རྗེ་རྒྱ་གྲམ་གྱི་དཔེ་རིས་དང་བཅས་པ། ཟབ་ཕུ་ལུང་གི་མཚོ་མོ་ནག་སྡིང་གིས་བྲག་རུས་སྦལ་འདྲ་བའི་ཁོག་པ་ནས་ཀུན་སྐྱོང་གླིང་ལས་བཏོན་པ་ཞིག་ཡོད་ཀྱང་འདི་ཟབ་གནད་ཆེའོ། །གཤོར་བརྡབས་ཆོག་གི་བསྲུང་བའི་ཟ་ཡིག་ཟབ་མོ་ལུས་ངག་ཡིད་གསུམ་བསྲུང་བ། རྒྱ་གར་གྱི་སློབ་དཔོན་སྦྲུལ་མགོ་སྙིང་པོས་རྒྱལ་པོ་དྲན་དང་བྲམ་ཟེའི་བུ་མོ་དཀྲུགས་པའི་འབྱེད་པ་རྟགས་ཡག་གནུབས་ཀྱིས་ཕུང་པོ་རི་བོ་ཆེར་གཏེར་དུ་སྦས་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པ་རྟ་གཡག་འཁོར་ལོའི་དཔེའི་རིས་དང་བཅས་པ། འབྱེད་པ་རྟ་གཡག་མང་ཡང་འདི་ལག་ཁྱེར་མ། ཉེ་འབྱེད་ལིངྒ་མར་གྲགས་པ་ཏྲི་ཙ་ཤག་ཡིག་འབྲུ་བཅུ་བདུན་མ། མུ་སྟེགས་སྒྱུ་རྩལ་ནག་པོས་ཨོ་རྒྱན་ཆེན་པོ་ལ་ཕུལ་བའི་ཕོ་སྔགས་མོ་སྔགས་རླུང་ལྷ་ལྕམ་སྲིང་གི་སྔགས་ཡོད་པའི་སེལ་ནག །འཕུང་བཤིག་ནག་པོ་ཞེས་པ་ཁང་ཁྱིམ་བཤིག་དང་དབྱེ་དཀྲུག་གི་གདམས་པ། བྱ་རོག་འུག་པའི་འཁོར་ལོས་བརྟེན་པའི་ཉི་འབྱེད་སེ་ཤིང་མ་གནུབས་ཀྱི་གདམས་པ་དཔེའུ་རིས་དང་བཅས་པ། རཏྣ་གླིང་པས་གནམ་སྐས་བྲག་ནས་ཆ་འདྲ་ཞིག་བཏོན་ཀྱང་འདི་ཟབ་གནད་ཆེ། ཤིང་སྟག་གླང་སེ་བ་ལ་བརྟེན་པའི་ཉེ་འབྱེད་རླུང་གི་སྤུ་གྲི་ཨ་མ་ཏྲག་སོགས་སྔགས་སྡེ་ཚན་བཞི་ཡོད་པ། གནུབས་ཀྱི་མུ་སྟེགས་མཆོད་རྟེན་ནག་པོའི་རྒྱུད་ནས་བཀོལ་བའི་ར་ཁྱི་ལ་བརྟེན་པའི་ཉེ་འབྱེད་


GLG003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རླུང་འཁྲུག་པ། རྒྱ་ནག་མཁས་པའི་གདམས་པ་གནུབས་ཀྱི་ཕྱག་ཆ་བཟའ་མི་སོགས་འབྱེད་པ་པོ་ཕོ་སྔགས་མོ་སྔགས་སོ་སོར་ཡོད་པ་གཤིན་རྗེ་ཟླ་གསང་གི་རྒྱུད་ནས་བཀོལ་བའི་ལྷམ་ལ་བརྟེན་པའི་ཉེ་འབྱེད་རྒྱ་ཞང་ཁྲོམ་གྱི་ཐུགས་ཀྱི་བརྣག་པ། ཟླ་གསང་རྒྱུད་ཀྱི་ཡང་བཅུད་རང་གཤེད་གསད་པ་དྲུག་གི་མན་ངག་ཅེས་པས་སྡིག་སྤྱོད་རྒྱལ་པོ་གསོད་པ། མཆེད་གྲོགས་ལྷ་སྔགས་གཅིག་པ་དང་སློབ་མ་གསོད་པ། སྔགས་པ་སྤྱི་དང་སྐྱེ་བོ་ཕལ་པ་གསོད་པ། ནང་པར་གཏོགས་པའི་བཙུན་པ་གསོད་པ། བོན་པོ་དང་མུ་སྟེགས་གསད་པ། བུད་མེད་གསོད་པ། རང་གཤེད་གསད་པ་དྲུག་གི་རྫས་སྔགས་མནན་པ་གབ་པ་གསུམ་གྱི་གསལ་བྱེད་ཤིན་ཏུ་ཟབ་པ། འཆི་བདག་གཤིན་རྗེའི་བཟློག་མེད་ཅོག་བརྡུང་དགོངས་ཀ་ནས་ཉི་མ་དམར་ཐག་ཆོད་པའི་བར་དུ་བསྒྲུབ་པའི་མན་ངག་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྒྱ། སངས་རྒྱས་གླིང་པས་བྱ་རྒོད་གཤོངས་ནས་བཏོན་པའི་འདྲ་མིན་ཞིག་ཡོད་ཀྱང་འདི་ཁ་ཟབ། ཟ་ཧོར་གྱི་སྤུ་གྲི་རེག་གཅོད་དམ་གཤིན་རྗེ་ཉི་མ་གཅིག་པའམ་གཤིན་རྗེ་ས་ཐོད་དམར་གྲགས་པ་གནུབས་ཀྱི་གདམས་པ་བན་ལུགས་དང་མུ་སྟེགས་ལུགས་གཉིས་ཡོད་པའི་བན་ལུགས་སྟེང་འཁོར་འོག་འཁོར་ལིངྒའི་དཔེའུ་རིས་དང་བཅས་པ། དྲག་སྔགས་ཨུརྨོའི་ཕྱིར་བཟློག་གཤིན་རྗེ་ནག་པོ་ཅོག་བཞེངས་སམ་ཕྱིར་བཟློག་དྲག་པོའི་སྔགས་རྒོད་ཉེར་གཅིག་བཀླགས་པས་ཆོག་པ་རྒྱ་གར་དཱ་ན་དྷ་ལས་གནུབས་ཡོན་ཏན་རྒྱ་མཚོ་ལ་གནང་བ་གཤིན་རྗེའི་གཟུགས་ལིངྒའི་དཔེའུ་རིས་དང་བཅས་པ། སློབ་དཔོན་ཆེན་པོ་པདྨས་ཕྲ་མེན་ལས་རྒྱ་མཚོའི་ནང་ནས་ཕྱུང་བའི་འགོམ་ཆོག་ལུས་ངག་ཡིད་གསུམ་གའི་ནུས་པ་གསོད་པར་


GLG003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་མན་ངག་བལ་པོའི་རྒྱལ་པོ་ལ་གནང་། དེས་གནུབས་ཆེན་ལ་གནང་བའི་ཕྱག་ཆ་མ་ལུས་ངག་ཡིད་གསུམ་གནོན་པའི་འཁོར་ལོ་གསུམ་ལིངྒའི་དཔེའུ་རིས་དང་བཅས་པ། མུ་སྟེགས་མཐོང་ཤི་རེག་འགྱེལ་དུག་ཆུ་ཁོལ་མའི་འགོམ་ཆོག་རྒྱ་ཞང་ཁྲོམ་གྱི་གཏེར་མ་དཔེའུ་རིས་གྲུ་བཞི་ཟུར་བཞིར་ཀྴ་ཁྲུམ་ཛ་དྷོམ་ཡོད་པ། བསྲུང་བ་གྲུ་བཞི་ཐོག་མར་ན་མ་ཙི་དྷ་ཡོད་པ། ཕྲ་མེན་དུག་མཚོ་ཁོལ་བའི་རྒྱུད་ཀྱི་ཡང་སྙིང་གི་འགོམ་ཆོག་ཤིན་ཏུ་ཟབ་པ་དཔེའུ་རིའི་ཡི་གེ་བརྩེགས་མར་ཤཀ་ཙ་སོགས་འབྲུ་དགུ་ཡོད་དང་བཅས་པ། འགོམ་ཆོག་ལས་ཀྱི་འཁོར་ལོ་སྒྲུབ་སྔགས་ཨ་མལ་འབྲུ་ཉེར་བདུན་པ། འགོམ་ཆོག་ཤིན་ཏུ་གསང་བའི་སྒ་ལ་འབྲུ་གསུམ་གྱིས་བསྐོར་བ་སློབ་དཔོན་པདྨས་གནུབས་སངས་རྒྱས་ཡེ་ཤེས་ལ་གཏད་པ། དགྲ་ལ་མི་ཤིས་པ་སྣ་ཚོགས་གཏོང་བ་མུ་སྟེགས་ཛ་ཡ་ནག་པོ་ཕོ་འཁོར་མོ་འཁོར་ལིངྒའི་དཔེའུ་རིས་དང་བཅས་པ། རྡོ་རྗེ་ཨུརྨོའི་ངན་སྔགས་མུ་སྟེགས་ཀཱ་ལ་ཡཀྴའི་སྦྱོར་བ་གནུབས་ཀྱི་མན་ངག་སྙིང་དང་འདྲ་བ་དཔེའུ་རིས་དང་བཅས་པ། དགེ་འདུན་གྱི་ཇ་ཐུག་ལ་བརྟེན་ནས་དགྲ་བོ་བསོད་ནམས་ཟད་དུ་འཇུག་པ་གནུབས་ཀྱི་གདམས་པ་འདི་ལག་ཏུ་ལན་གསུམ་བླངས་པའི་མྱོང་གྲུབ་མ་ཡིན། ཟླ་བ་བརྒྱད་ཚུན་ལ་དགྲ་བོ་བརླག་པར་བྱེད་པ་ཐེད་ཐམ་འབྲུ་ཉི་ཤུ་རྩ་དྲུག་པ་ཟླ་གསང་ལས་འཁོལ་དུ་བྱུང་བ། ཁ་སྐེ་སྙིང་ལྟེ་འདོམས་ལྔར་ཡིག་འབྲུ་རེ་བྲིས་པའི་ངག་མནན་ཡི་གེ་ལྔ་པར་གྲགས་པ་སློབ་དཔོན་པདྨས་གནུབས་ལ་གནང་བ། ལྟེ་བར་ཡིག་འབྲུ་དྲུག །ཁོང་པར་ཡིག་འབྲུ་ཉེར་གཉིས། ཕྱི་ནས་ཡིག་འབྲུ་བཅུ་དགུ་ཡོད་པའི་དགྲ་ཁ་ལྐུགས་པར་བྱེད་པ་ཨོ་རྒྱན་ཆེན་པོས་གནུབས་སངས་རྒྱས་ཡེ་ཤེས་ལ་


GLG003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ། ཕྱིར་བཟློག་ཐོད་པ་ནག་པོའི་སྔགས་རྒྱུད་ལས་ལེའུ་བདུན་པ་ངག་མནན་ཁོལ་དུ་ཕྱུང་བ། གནུབས་ཀྱི་རྒྱུན་ཁྱེར་ལྷམ་མཐུ་ཟབ་མོ། དགྲ་ཁྱིམ་དུ་ལྟས་ངན་སྣ་ཚོགས་གཏོང་བ་ལྟས་ངན་མོན་པ་ནག་པོའི་སྙིང་དཀྲུགས་ཞལ་གདམས་དཔེའུ་རིས་དང་བཅས་པ། ཟས་ལ་བརྟེན་ནས་བསོད་ནམས་ཟད་ཐབས་ཀམ་ཀམ་འབྲུ་ཞེ་བཞི་མ། དེ་ཁ་བསྒྱུར་ནས་ཞིང་སེལ། ཁང་སེལ། ཁྱིའི་ཁ་འཆིང་། ཕྲུག་གུ་སྐྱེ་འཕྲོ་གཅོད་པ་རྣམས། རྫས་གཅིག་དང་སྔགས་འབྲུ་བདུན་ལ་བརྟེན་ནས་མཇེ་མཐུ་ལངས་མེད། བྲན་གཡོག་གནོད་སྦྱིན་ནོར་བསྙེགས། ཨཱ་ཙ་ར་ནག་པོ་སྒོ་བརྡུང་གནུབས་བན་སངས་རྒྱས་ཀྱི་ཕྱག་ཆ་དཔེའུ་རིས་དང་བཅས་པ། རཏྣ་གླིང་པས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་ཚོགས་སུ་ཆ་འདྲ་ཞིག་ཡོད་ཀྱང་འདི་ཟབ་གནད་ཆེ། རྡོ་དཀར་ནག་དམར་སེར་སྔོན་པོ་ལ་བརྟེན་ནས་བདུད་ཀྱི་རྡོ་ཆར་དྲག་པོ་དབབ་པ། ཡུགས་སའི་ལག་གི་ལན་ཚྭ་ལ་བརྟེན་ནས་བསྐྲད་པ་གནུབས་ཀྱི་གོང་ཁུག་མ། བསྐྲད་པའི་ལས་དུག་གསུམ་ཁ་འབྱེད། སྦོས་རིར་གསད་པ་ཡིག་འབྲུ་བཅུ་པ་གཉན་ཆེན་དཔལ་དབྱངས་ཀྱི་གདམས་པ། སེལ་ནག་འཕུང་བཤིག་མ་ཙེ་ཏོ་ལ་བརྟེན་པ། སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ལ་གབ་པ། འཆང་པ་གསུམ་གྱི་རྫས་ལ་བརྟེན་པའི་འཕུང་བཤིག་ཟབ་མོ་ཀུན་ལ་མི་སྤེལ་བ་དམག་ཁ་འཕུང་དུ་གཏོང་བ་ཀྱེ་ཏ་འབྲུ་སོ་ལྔ་པ་སློབ་དཔོན་པདྨས་གནུབས་ལ་གདམས་པ། ཕུག་རོན་གྱི་ཐོད་པ་ལ་བརྟེན་ནས་ཤགས་དང་རྩོད་པ་རྒྱལ་བ་འགོ་ལ་འབྲུ་དྲུག་དང་ཕྱི་ལ་འབྲུ་བཅུ་དགུ་ཡོད་པ་སློབ་དཔོན་པདྨས་གནུབས་ལ་གདམས་པ། ཆགས་ཉམ་མོ་རྨི་ལམ་ངན་པ་མི་ཁ་ཁ་མཆུ་སོགས་ཁ་བསྒྱུར་མནན་པ་མི་ཁ་གཏད་


GLG003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གྲགས་པ་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་ཟབ་ཁྱད་ཅན་གནུབས་བན་གྱི་ཁྱད་ཆོས་ཕོ་འཁོར་མོ་འཁོར་བར་འཁོར་གྱི་དཔེའུ་རིས་དང་བཅས་པ། ཁྲ་འབྲུག་གནོད་སྦྱིན་ཁང་ནས་འདི་དང་ཆ་འདྲ་ཞིག་བསམ་གཏན་བདེ་ཆེན་གླིང་པས་གཏེར་ནས་བཏོན་ཀྱང་འདིའི་ཟབ་གནད་འགའ་ཞིག་མི་འདུག །ཟླ་བ་བཅུ་གཉིས་དང་ལོ་བཅུ་གཉིས་ལ་བརྟེན་ནས་དགྲ་དང་ཁ་མཆུ་འཆིང་བ་རྒྱ་ཞང་ཁྲོམ་གྱི་གཏེར་མ། མངའ་བདག་ཉང་གི་གཏེར་མར་འདི་དང་ཞུས་དག་འཕེར་བ་ཞིག་ཡོད། མཁའ་འགྲོ་མའི་བྱས་པ་བཤིག་པའི་འཁོར་ལོ་ཞེས་པ་མནན་གཏད་ཕྲ་མེན་འཛུལ་ཆོག་སོགས་གཞན་གྱི་སྦྱོར་ངན་མཐའ་དག་བཤིག་པ་ལ་མཆོག་ཏུ་ཟབ་པ་འདིའི་སྔགས་རྣམས་བྱད་འགྲོལ་གསེར་གྱི་ལྡེ་མིག་གི་སྟོད་ནས་འགའ་ཞིག་བླངས་འདུག །མུ་སྟེགས་སྟོན་པ་ལྔ་བརྒྱས་རྒྱ་གར་ཁྲག་འཐུང་ནག་པོ་ལ་ངན་སྦྱོར་བརྩམས་པ་བཤིག་པའི་འཛུལ་ཆོག་གི་བསྲུང་བ་ཟབ་མོ་དབུས་ཀྱི་ཡི་གེ་བརྩེགས་མར་ཀ་ཐ་སོགས་འབྲུ་ལྔ་ཡོད་པ། གུ་རུ་དྷ་ན་སཾ་སྐྲྀ་ཏས་རྟ་མགྲིན་གྱི་རྒྱུད་ནས་ཕྱུང་སྟེ་ཧཱུྃ་ཀ་ར་ལ་གཏད་པའི་ངག་འགྲོལ་གྱི་གདམས་པ་ཟབ་མོ་ཏ་ར་འབྲུ་ཉེར་གཉིས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་འབངས་ལ་བཀའ་ནན་དང་བཅས་ཏེ་གནང་བ། འདོགས་པའི་འཁོར་ལོ་རྩིབས་བཅུ་པ་བཛྲ་ཛི་ཧོ་འབྲུ་བཅུ་ལ་བརྟེན་ནས་ངག་འགྲོལ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་སྙིང་དང་འདྲ་བ་ངག་འགྲོལ་ཞིང་གསོ་བ་དང་བྱིན་གྱིས་བརླབ་པ་བོད་རྒྱ་ནག་པོའི་རྒྱུད་ལ་བརྟེན་ནས་བལ་པོ་བྷ་སུ་དྷ་རས་གནུབས་ལ་གནང་བ། ངག་བྱིན་གྱིས་བརླབ་ཅིང་ངག་ལ་ནུས་པའི་ངར་བླུད་པ་དབང་ཕྱུག་དང་ཨུ་མ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའི་ཟབ་ཁྱད་ཅན། རང་གི་ངག་གསོ་ཞིང་འགྲོ་བ་གཞན་གྱི་ནུས་པ་འཕྲོག་


GLG003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མན་ངག་ཟབ་མོ་རྗེ་བཙུན་རཏྣའི་ཐུགས་བཅུད་ཆོས་ཀྱི་གྲགས་པའི་སྙིང་ཏིག་སྦ་བཟུང་བསད་གསུམ་གྱི་གདམས་པ་དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་རྒྱལ་པོ་ལ་གདམས་པ། ཀླུའི་འཁོར་ལོ་ནག་པོའི་འཕྲིན་ལས་རྫོགས་པའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ནས་བཤད་པའི་ཚ་ཐུར་གྱི་བསྲུང་བ་ཟབ་མོ། དེའི་ཞར་བྱུང་དུ་རྫས་དང་སྔགས་ཀྱི་སྒྲིབ་ཤིང་། མཛེ་ནག་རྒྱ་མཚོའི་དུ་རི་ཁ་འཕྲུལ་གྱི་མེ་ལོང་ལས་བཀོལ་བའི་ཚ་ཐུར་དང་གྲང་ཐུར་གྱི་རྫས་བསྲུང་ཟབ་མོ། འདོགས་པའི་གཏད་བསྲུང་ལིང་ཚེེ་དགུ་མ་ཉི་ཟླ་འབྱུང་བ་གཟུང་བ། གཏད་བསྲུང་གཏད་བཟློག་ཆིག་ཆོད་མ་ནཱ་ག་ལིང་འབྲུ་སོ་དྲུག་པ་གནུབས་ཀྱི་གདམས་པ། རང་གི་ལུས་ངག་ཡིད་གསུམ་ལ་རྒྱས་ཐེབས་རྟགས་འགྲོལ་ཐབས་དང་གཞན་གྱི་ཕྱིར་བཟློག་བཤིགས་པ་ལྷ་འདྲེ་བསྟེན་པ་བོད་རྦད་གསད་གསུམ་བླ་འགུགས། ལྷ་དབྱེ་སོགས་ཀྱི་གནད་འགགས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ཀྱི་བརྣག་པ་རྣམས་ལེགས་པར་ཐོབ་པ་ལས་གཏེར་གྱི་རྟགས་ཅན་མ་གཏོགས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། འཕུང་བྱེད་ཤིནྟཾཾ་གརྦྷ། སློབ་དཔོན་དྷ་ན་སཾ་སྐྲྀ། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་ཁ་གརྦྷ། དཱ་ན་དྷ་ལ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ །ཨོ་རྒྱན་པདྨ་འབྱུང་གནས། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ལྷ་རྗེ་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་ཀུན་རིན། སློབ་དཔོན་བཀྲ་ཤིས་རྒྱན། བླ་མ་མཐར་ཕྱིན། མཐུ་ཆེན་གངས་ཤཱཀ་གཡུང་སྟོན་རྡོར་དཔལ། སྔགས་འཆང་རྒྱལ་དོར། རིགས་འཛིན་
དར་འབུམ། རྣལ་འབྱོར་དབང་ཕྱུག་སངས་རྒྱས་མགོན་པོ། བླ་མ་ཁམས་པ། རྒྱ་སྟོན་ནམ་མཁའ། འབྲི་གུང་པ་གནམ་ལྕགས་མེ་འབར། བླ་མ་རིན་ཅེན་དཔལ་པ། སྔགས་འཆང་སངས་རྒྱས་རིན་ཅེན། མཚུངས་མེད་བཀྲ་ཤིས་ཕུན་ཚོགས། རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཉང་སྟོན་ཁྱབ་བདག་རྡོ་རྗེ་མེ་ཏོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གནུབས་ཆེན་ནས། གཏེར་སྟོན་རྒྱ། ལྷ་རྗེ་ཡེ་ཤེས་གཟུངས། མཚུར་སྟོན་རིན་རྡོར། སྐུ་ཞང་དཔལ་ལྡན། རྗེ་ཚུལ་རིན། སྔགས་འཆང་བྱང་མགོན་ནམ་མཁའི་མཚན་ཅན། ཚུལ་ཁྲིམས་ཞབས། རྒྱ་རིགས་འཛིན་གསང་བ། རྗེ་ཟུར་པ་མན་གོང་ལྟར་རོ། །གཤོར་བརྡབས་ཆོག་གི་ལུང་བརྒྱུད་ལུགས་གཅིག་དང་གཏེར་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། འབྲི་གུང་པ་ཆོས་ཀྱི་གྲགས་པ་ནས། དཔལ་རི་བླ་མ་བསོད་ནམས་རིན་ཅེན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །སློབ་དཔོན་ཤིནྟཾ་གརྦྷ་ལ་འཇམ་དཔལ་ཚེ་བདག་གིས་དངོས་སུ་གནང་བའི་སྔགས་པ་འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་པ་ཧེ་ཁོ་ཧ་ཕཊ་སོགས་ཡོད་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གདམས་པ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་བརྒྱུད་པ་ནི། འཇམ་དཔལ་ཚེ་བདག་ནག་པོ། སློབ་དཔོན་ཤིནྟཾ་གརྦྷ། བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ་ནས་རིམ་པར། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། རྗེ་བཙུན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ།


previousགཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ཀྱི་སྐོར། next