Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

5 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
 
 
 
གཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་གཏེར་དུ་བཞེས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར།
  
  
  
  
  
  
  
  
  
  
 
  
  
 
  
  
  
  


5 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousགཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་གཏེར་དུ་བཞེས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར།next

གཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་གཏེར་དུ་བཞེས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར།


GLG003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ལས། ཀུན་ལ་ཡོད་ན་ངོ་མཚར་ཆུང་༔ པདྨ་འབྱུང་གནས་བདག་གིས་ནི༔ འགྲོ་བའི་དོན་དུ་གཏེར་དུ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར་རྟ་མགྲིན་གྱི་རྒྱུད་བརྒྱ་དང་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་ཏེ་ལྷ་སྲིན་སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་པོ་དང་དཔེ་དཀར་དཀོར་འདྲེ་འདུལ་བའི་གཉེན་པོར་སྒྲུབ་ཐབས་མན་ངག་ཏུ་བསྡེབས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་སྙེ་མོར་གཏེར་དུ་སྦས་པ་ལས་ཅན་གྱི་གཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་སྙེ་མོ་གཞུ་ཡས་གནོད་སྦྱིན་འབར་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ན་ཟུར་དུ་མི་འདུག་པས་འདི་དང་གཅིག་པ་འདྲ། སྤྱན་དྲངས་ཤིང་དཔལ་ལྡན་ཤངས་པ་བཀའ་


GLG003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་འདེབས་བརྒྱུད་པ་རིན་ཅེན་སྣ་བདུན་དུ་གྲགས་པའི་ནང་ཚན་གྱི་ལྔ་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྐྱེར་སྒང་པ་ཆོས་ཀྱི་སེང་གེས་ཤིང་རྟ་དགུན་ཟླ་ར་བའི་ཚེ་བཅུ་བདུན་གྱི་ཐོ་རེངས་ནེ་གུའི་རྨི་ལམ་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཇལ་ཏེ་རྒྱལ་གདོན་གྱི་གཉེན་པོའི་དཔལ་རྟ་མགྲིན་ཞིག་ཞུས་པས་འདི་གནང་སྟེ་གསང་སྒྲུབ་ཟབ་མོ། །དེང་སང་གཏེར་ནས་ཐོན་ཡོད་པས་ཞུས་ཤིག་པའི་ལུང་བསྟན་བྱུང་བར་བརྟེན་གསན་པའི་ཤོག་སེར་ཆིག་བརྒྱུད་དང་རྨི་ལམ་འོད་གསལ་གྱི་བརྒྱུད་པ་གཉིས་ཀ་ཚང་བའི་སྐོར་ལ། དཀྱིལ་འཁོར་གཏོར་མ་ལ་བརྟེན་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་སཾ་བྷ་ཝ། གཏེར་སྟོན་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །སངས་རྒྱས་གཉན་སྟོན། འགྲོ་མགོན་ཆོས་རྗེ་སྟོན་པ་སངས་རྒྱས་སྟོན་པའང་ཟེར། གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རི་ཁྲོད་པ་སངས་རྒྱས་སེང་གེ །སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཅན་སངས་རྒྱས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྗེ་དབང་རབ་ནས་ཁྱབ་བདག་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་མཁས་བཙུན་རྒྱལ་མཚན་འབུམ་ནས། འཇག་ཆེན་པ། མཁས་བཙུན་


GLG003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་བ། བྱང་སེམས་ཀུན་དགའ་ཆོས་རྒྱལ། མོན་རྫོངས་རས་པ། མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རྗེ་རིང་པ། ཚར་ཆེན་མན་འདྲ། ཡང་ན་རྒྱལ་མཚན་འབུམ་ནས་ཆོས་རྗེ་བྱམས་པ་དཔལ། འཇག་ཆེན་བློ་གྲོས་དཔལ་བཟང་། འཇམ་དབྱངས་ནམ་མཁའ་རྒྱལ་པོ། ཀུན་མཁྱེན་སངས་རྒྱས་འཕེལ། རྗེ་རིན་ཅེན་རྣམ་རྒྱལ། པཎ་ཆེན་དངོས་གྲུབ་དཔལ་འབར། བླ་ཆེན་ནམ་མཁའ་གཟི་བརྗིད། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནས་འཇམ་དབྱངས་ཐུགས་རྗེ་ཆོས་རྒྱལ། ཕ་རྒོད་དོན་ཡོད་རྒྱལ་མཚན། དེ་སྲས་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། དེ་སྲས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་ཡོན་ཏན་མཆོག །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གྱེར་ལྷ་བཙུན་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་འགྲོ་མགོན་ཆོས་རྗེ་སྟོན་པ་ནས། བྱ་བཏང་རི་ཁྲོད་རས་ཆེན། བྱ་བཏང་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་ཚུལ་ཁྲིམས་མགོན་མན་འདྲ། རྗེ་དགེ་འདུན་རྒྱ་མཚོ་ཡན་ཆད་རང་བསྟན་ལ་རྟ་མགྲིན་འདིའི་དར་སོ་མེད་འདུག་པས་བརྒྱུད་ཁུངས་སྣ་ཚོགས་འདྲེན་པ་གཞན་འདྲིད་ཀྱི་ཆེད་ཙམ་མོ། །ཡང་ན་རི་ཁྲོད་པ་སངས་རྒྱས་སེང་གེ་ནས་ཤངས་དཀར་བ་རིན་ཅེན་རྒྱལ་མཚན། ཀུང་ལུང་པ་སངས་རྒྱས་དཔལ་བཟང་། རབ་བརྒྱན་ཆོས་ལུང་པ་ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། སྒེར་པ་བ་ངག་དབང་ཉི་མ་རིགས་འཛིན་ངག་གི་དབང་པོ་ལ་བཀའ་བརྒྱད་གསན་པའི་གསང་མཚན་དབང་ཆེན་མཆོག་གྲུབ་རྩེ་ལ་ཟེར། སྤྲུལ་སྐུ་བསོད་ནམས་དབང་ཕྱུག་ཞ་ལུ་པ་ཆེན་པོ། དེས་


GLG003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལའོ། །ལུང་ལ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འབྱུང་བའི་མན་ངག་བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་༼༽པོའི་གསང་སྒྲུབ་ཀྱི་མངོན་རྟོགས་གཏེར་གཞུང་། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་༼༽ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བ་ལ་ནང་གསེས་ཀྱི་སྒོམ་རིམ་བསྡུས་པ། འཛབ་ཀྱི་དམིགས་པ་ལ་བརྟེན་ནས་རང་གཞན་གྱི་དོན་བསྒྲུབ་པ། བར་གཅོད་བགེགས་དཔུང་གཞོམ་པ། ཁྱད་པར་ལྷ་སྲིན་སྡེ་བརྒྱད་གཟིར་བ། ལིངྒ་འཁོར་ལོ་ལ་བརྟེན་པའི་ལས་སྦྱོར་རྩ་སྔགས་སྡེ་བརྒྱད་དབང་སྡུད་ཤམ་བུའི་སྔགས་རྣམས་བསྟན་པ་མཇུག་ཏུ་སྐལ་ལྡན་གཅིག་དང་ཕྲད་ཤོག་གི་སྨོན་ལམ་ཡོད་པའི་གཏེར་གཞུང་འཁྲུལ་མེད། དཔལ་རྟ་མགྲིན་རྒྱལ་པོའི་དབང་བསྐུར་༼༽བའི་ཆོ་ག་གཏེར་བྱོན། གཏོར་བསྔོ་བསྟོད་པ་རྒྱལ་ཀུན་མ། རྒྱལ་པོ་ཏིང་ངེ་འཛིན་དང་སྔགས་ཀྱིས་བཅུན་པའི་མན་ངག །འཁོར་ལོ་དང་རྨ་བཤད་ཀྱི་བྱུག་པ་ལ་བརྟེན་ནས་རྒྱལ་པོ་འདུལ་ཞིང་གནོན་པ། བསྲུང་འཁོར་འདོགས་པ། བསྲུང་མདུད། དབོན་སྟོན་སྐྱེར་སྒང་པས་གསང་སྒྲུབ་ཀྱི་སྐོར་འདི་རྣམས་ཨོ་རྒྱན་ཆེན་པོ་ལ་ཞུས་ཚུལ་གྱི་ལོ་རྒྱུས་དང་བཅས་པ་རྣམས་ཐོབ་པ་ལས་གཡུང་དྲུང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཙང་མ་ཤངས་སྟོན་ཡན་གོང་ལྟར་ལ། དེ་ནས་མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། འདྲེན་མཆོག་དཔལ་ལྡན་དར་པོ། རྗེ་བཙུན་བསོད་ནམས་རྩེ་མོ། ངག་དབང་ཉི་ཟླ་བཟང་པོ། རྗེ་ངག་དབང་ཉི་མ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཞ་


GLG003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུངས་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། སངས་རྒྱས་སྟོན་པ་ཡན་གོང་ལྟར་ལ། དེ་ནས་འཇག་ཆེན་ཤེས་རབ་ཚུལ་ཁྲིམས། འཇག་ཆུང་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། མཁན་ཆེན་གྲགས་པ་ཚུལ་ཁྲིམས་རིན་ཅེན་རྒྱལ་མཚན་ཡང་ཟེར། མཁན་ཆེན་ཟླ་བ་བློ་གྲོས། མཁན་ཆེན་ཉི་མ་རྒྱལ་མཚན། འཇམ་དབྱངས་དཔལ་ལྡན་རིན་ཅེན། མཁས་བཙུན་ཡོན་ཏན་རིན་ཅེན། བསམ་གཏན་གླིང་པ་དགེ་འདུན་རྒྱ་མཚོ། གཡུང་རིན་ཆེན་མགོན་པོ། བ་ལེ་བ་རྣམ་རྒྱལ་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། འོལ་བ་པ་ངག་དབང་ཆོས་གྲགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་མངོན་རྟོགས་དང་བྱིན་རླབས་ཀྱི་ཆོ་ག་བར་གཅོད་ཀུན་སེལ་གྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ཡན་དབང་དང་འདྲ་བ་ལ། དེ་ནས་མཚུངས་མེད་དགོན་གསར་བ་སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་བཞིན་ནོ། །དེང་སང་རྟ་མགྲིན་གསང་སྒྲུབ་འདི་རང་གཞན་ཀུན་ལ་རླུང་ལྟར་གྲགས་ཀྱང་ཕྱིས་ཀྱི་བླ་མ་རྣམས་ཀྱིས་མཛད་པའི་མངོན་རྟོགས་ཙམ་ལ་རེ་བ་འཆའ་བ་ལས་གཏེར་གཞུང་མཚན་ཉིད་དང་ལྡན་པ་ཐོབ་ཅིང་ཉམས་སུ་ལེན་པ་ནི་ཉིན་མོའི་སྐར་མའོ། །གྲུབ་ཐོབ་དངོས་གྲུབ་ནི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་ལ་བསྟན་ཞིང་ཡི་གེར་བཀོད་དེ་མདོ་སྐོར་ནས་ལོ་རྒྱུས་ཆེན་མོ་དང་སྒྲུབ་སྐོར་དང་ཞལ་གདམས་ཀྱི་སྐོར་རྣམས་གཙང་ཁང་བྱང་མའི་


GLG003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གྱི་ཞབས་འོག་ཏུ་སྦས། གབ་པ་མངོན་ཕྱུང་སོགས་ཁ་ཤས་དང་མདོ་སྐོར་རྣམས་གནོད་སྦྱིན་ནཱ་ག་ཀུ་བེ་རའི་དར་ཤམ་འོག་གི་བརླ་གཡས་པར་སྦས། དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་ཉིད་ཀྱི་མེས་སྲོང་བཙན་སྒམ་པོས་ར་སར་གཏེར་འདི་ལྟར་སྦས་ཞེས་ལེགས་པར་བསྟན་པས་ཐུགས་ཆེས་ནས་ཐུགས་རྗེ་ཆེན་པོ་སྟོང་རྩའི་སྒྲུབ་ཐབས། གབ་པ་མངོན་ཕྱུང་། སངས་རྒྱས་སྟོང་རྩའི་བསྐྱེད་རྫོགས། ཐུགས་དམ་མཐོང་བའི་ཕན་ཡོན་སྲོང་བཙན་འདའ་ཁའི་བཀའ་ཆེམས་རྣམས་ལ་ཐུགས་དམ་དུ་མཛད་པ་ཡིན་ལ། དེ་ཡང་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་བ་མི་ཡུལ་དུ་ལོ་སུམ་བརྒྱ་ཙམ་བཞུགས་པ་དེས་སྒྲུབ་སྐོར་རྣམས་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་ནས་སྤྱན་དྲངས་ཏེ་ཚངས་པ་ལྷའི་མེ་ཏོག་གི་སྐྱེ་བ་མངའ་བདག་ཉང་ལ་གནང་། མངའ་བདག་གིས་ཀྱང་ཞལ་གདམས་སྐོར་རྟ་མགྲིན་ཞབས་འོག་ནས་བཏོན། དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་བཟང་པོའི་མཐའ་ཅན་གྱིས་གནོད་སྦྱིན་ཁང་པ་ནས་གབ་པ་མངོན་ཕྱུང་སོགས་མདོ་སྐོར་རྣམས་སྤྱན་དྲངས་པས་ཆོས་སྐོར་འདི་ལ་གཏེར་སྟོན་གསུམ་དུ་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཞབས་ཀྱི་གཏེར་མར་གྲགས་ཤིང་། འདིར་ཡང་དེའི་དབང་དུ་བྱས་ཏེ་གཏེར་སྟོན་གཞན་གཉིས་ཀྱི་ཆོས་སྐོར་གྱི་ཁྲོད་དུ་མ་བྲིས་པར་སྐབས་འདིར་ཕྱོགས་གཅིག་ཏུ་བཀོད་པ་ལ། སྨིན་གྲོལ་རྒྱབ་རྟེན་ལུང་དང་གསུམ་ལས། དང་པོ་ནི་ཞལ་གདམས་སྐོར་ལས་བྱུང་བའི་དབང་ཆོག་དང་དབང་གི་ངོ་སྤྲོད་ཀྱི་ཡི་གེ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་


GLG003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། བདུད་རྩི་རིལ་བུ་ལ་བརྟེན་ནས་གསང་བའི་དབང་། བྱང་ཆུབ་སེམས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་། སྔགས་དབང་། རིག་པ་རྩལ་གྱི་དབང་། ཚིག་དབང་རིན་པོ་ཆེ་དང་བཅས་པ། ཡང་གངས་རི་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འགྲོ་འདུལ་གྱི་ལས་བྱང་དང་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོག་གི་སྟེང་ནས་སྨིན་བྱེད་ཀྱི་དབང་ཚར་གཅིག །ལྷ་རྗེ་དགེ་འབུམ་གྱི་གཏེར་མའི་བཀའ་སྲུང་དཔལ་ལྷའི་རྗེས་གནང་དང་བཅས་པ་ལེགས་པར་ཐོབ། གཉིས་པ་གྲོལ་བྱེད་འཁྲིད་ནི། ཁྲི་སྲོང་རྣམ་སྤྲུལ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གསུང་རྒྱུན་ལྟར་སྲས་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཁྲིད་ཡིག་ནས་ཉམས་ལེན་སྨིན་རྒྱས་སུ་མནོས། གསུམ་པ་རྒྱབ་རྟེན་ལུང་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་རང་བཞིན་གདོད་དག་མ། ཉེ་བརྒྱུད་ཀྱི་བརྒྱུད་འདེབས་ཞིག་འདུག་པ་ནི་མ་ཐོབ། དཀར་ཆག་ཁ་བྱང་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་ཅན་གཅིག་དང་མཐར་ཕྲད་ཤོག་གི་སྨོན་ལམ་དང་བཅས་པ། དེ་ལས་བྱུང་བའི་ཆོས་སྐོར་ལ། མདོ་སྐོར། སྒྲུབ་སྐོར། ཞལ་གདམས་ཀྱི་སྐོར་དང་གསུམ། དང་པོ་ལ་སྤྱིར་མདོ་རྒྱུད་ཉི་ཤུ་རྩ་གཅིག་ཡོད་ཅིང་། དེ་དག་དང་ཁྱད་པར་མདོ་སྡེ་ཟ་མ་ཏོག་བཀོད་པར་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་ཡི་གེ་དྲུག་པའི་ཡོན་ཏན་མང་དུ་བཤད་ནའང་སོ་སོར་ལྟ་བའི་དབང་དུ་བྱས་ཏེ་དེང་སང་རྒྱལ་པོ་བཀའ་འབུམ་དུ་གྲགས་པའི་གླེགས་བམ་འདིར་མེད་ལ་གཏེར་བྱོན་གྱི་མདོ་སྐོར་ལ། ལོ་རྒྱུས་ཆེན་མོའི་ལེའུ་སུམ་ཅུ་རྩ་དྲུག་དཀར་ཆག་ཏུ་ལེའུ་བཞི་བཅུ་ཞེ་གཅིག་ཟེར་བ་འདུག་ཀྱང་དངོས་བསྟན་སོ་དྲུག་ལས་མི་འདུག་པས་ཚང་མ་ཚང་དཔྱད། པ་ཆུ་དར་སྔོན་པོ་ལ་གསེར་དངུལ་གྱིས་བྲིས་ནས་ཁྲ་འབྲུག་དཀོར་མཛོད་དུ་རྒྱལ་པོའི་བླ་གཏེར་དུ་སྦས་


GLG003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྒྱ་ཤོག་ལ་ཤོག་དྲིལ་དུ་བྲིས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས་པ་གྲུབ་ཐོབ་ཀྱིས་སྤྱན་དྲངས། ད་ལྟ་མདོ་སྐོར་ནི་ལོ་རྒྱུས་ཆེན་མོ་ཟ་མ་ཏོག་བཀོད་པའི་གཟུངས། ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་གསུམ་ལ་ངོས་འཛིན་ཡང་ཕྱི་མ་གཉིས་གླེགས་བམ་ཁྲོད་དུ་མི་འདུག །ལོ་རྒྱུས་སྤྲུལ་སྐུ་ཤཱཀ་འོད་ཀྱི་གཏེར་མ་ཡིན་དགོས་རྒྱུ་འདྲ་ཞིག་འདུག་ཀྱང་ད་ལྟ་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མར་མཛད་ཅིང་གཏེར་གནས་ལ་དཔགས་ཀྱང་ཡིན་ནམ་སྙམ་མོ། །སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པ་བསྟན་པའི་ལོ་རྒྱུས་དང་། ༼གཏེར༽སངས་རྒྱས་གཞན་གྱིས་བསྟན་པ་ལ་སྲོང་བཙན་སྒམ་པོས་མཛད་པ་བསྟན་པའི་ལོ་རྒྱུས། རྒྱལ་བུ་འཇིག་རྟེན་དབང་ཕྱུག་གི་སྐྱེས་རབས་ཞེས་པ་སྦྱིན་པ་ལ་དགའ་བའི་རྣམ་ཐར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་ཉི་ཤུ་རྩ་གཅིག་པ་རྣམས། ལོ་རྒྱུས་འདི་རྣམས་མདོ་སྐོར་གྱི་ཁྲོད་དུ་འདྲེན་རིགས་པར་ཆོས་ཀྱི་སྤྱན་ལྡན་རྣམས་གསུང་། འདི་དག་ལ་གཏེར་གནས་དང་གཏེར་སྟོན་གྱི་གསལ་ཁ་མ་བྱུང་ཡང་རྗེ་བཙུན་ཤཱཀ་འོད་ཀྱི་གཏེར་མ་ཡིན་ནམ་སྙམ་གང་ལྟར་ཕྱོགས་འདི་ལ་སྦྱངས་པའི་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །གཉིས་པ་སྒྲུབ་སྐོར་ལ། སྒྲུབ་ཐབས་ཆེན་མོ་དང་སྒྲུབ་ཕྲན་གཉིས། དང་པོ་ལ་རྩ་བ་དང་ལས་ཚོགས་གཉིས། དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལ། གང་ཟག་གི་མཚན་ཉིད། འབྲེལ་བ་གཅད་པ། གནས་འཚོལ་བ། ཡོ་བྱད་གསོག་པ། འཁོར་གཡོག་གི་འབྲེལ་བ་གཞུག་པ། བར་གཅོད་མི་འབྱུང་བའི་བྱིན་རླབས་རྣམས་རེ་རེ་ལའང་ཕྱི་ནང་གསང་བ་དོན་རྟགས་


GLG003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་སྟེ་ནང་གསེས་ཀྱི་དྲུག་ཡོད་པའི་དྲུག་ཚན་དྲུག་གོ །གཉིས་པ་དངོས་གཞི་ལ། འཁོར་ལོ། འཁྱེར་སོ། །བསྡུ་བ། བར་དོ། གནད། མི་བདེན་པ་དང་དྲུག །དང་པོ་ནི། བསྐྱེད་རིམ་དམ་ཚིག་པ། རྫོགས་རིམ་ཡེ་ཤེས་སེམས་དཔའ། ངག་སྔགས། སེམས་སྟོང་ཉིད། ཟས་བདུད་རྩི། སྤྱོད་ལམ་བག་ཡེངས་ཀྱི་འཁོར་ལོ་དང་དྲུག །གཉིས་པ་འཁྱེར་སོ་ནི། ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་ཀྱི་འཁྱེར་སོ་དང་དྲུག །གསུམ་པ་བསྡུ་བ་ནི། དྲུག །གསུམ། སྐུ་གསུམ། གཡུང་དྲུང་འཁྱིལ་པ། ཐིག་ལེ་དམར་པོ། གནས་ལུགས་བཞིའི་ངང་ལ་བསྡུ་བ་དང་དྲུག །བཞི་པ་བར་དོ་ནི། རང་བཞིན་གནས་པ། སྐྱེ་འཆི། ཤེས་པ་སྔ་ཕྱི། རྨི་ལམ། འཆི་ཁ་མ། སྲིད་པའི་བར་དོ་དང་དྲུག །ལྔ་པ་གནད་ནི། གང་ཟག་ལྟ་བ་སྒོམ་པ། སྤྱོད་པ། འབྲས་བུ། གདམས་ངག་གི་གནད་དང་དྲུག །དྲུག་པ་མི་བདེན་པ་ནི། སངས་རྒྱས་ཀྱི་ཐུགས་རྗེ། སེམས་ཅན་གྱི་ལས། འཕྲལ་གྱི་རྐྱེན། བྱས་པའི་ཆོས། བསྒྲུབ་བྱའི་ལམ། ཐོབ་པའི་འབྲས་བུ་མི་བདེན་པ་སྟེ་དྲུག་རྣམས། གཉིས་པ་ལས་ཚོགས་ལ། དྲུག་སྐོར། གསུམ་སྐོར། ཚིག་སྐོར། བཤད་འབྲེལ་དང་བཞི། དང་པོ་ལ། རྟེན་གྱི་ཆོས་དྲུག །གསོན་ལ་ཕན་གདགས་པའི་ཆོས་དྲུག །གཤིན་ལ་ཕན་གདགས་པའི་ཆོས་དྲུག །འཕྲིན་ལས་དྲུག །གསང་སྔགས་ཀྱི་གནད་དྲུག །ཐུན་འཚམས་ཀྱི་ཆོས་དྲུག་སྟེ་དྲུག །དང་པོ་ནི། རབ་གནས། མཆོད་པ། བསྟོད་པ་གསོལ་གདབ། སཱཙྪ། སྐུ་འཁྲུས་སོ། །གཉིས་པ་གསོན་ལ་ཕན་འདོགས་པའི་ཆོས་དྲུག་ནི། དབང་བསྐུར། ཚེ་སྒྲུབ། བྱིན་རླབས། དབྱུག་བཅོས། བསྲུང་འཁོར། ནད་འདོན་ནོ། །གསུམ་པ་


GLG003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ལ་ཕན་འདོགས་པའི་ཆོས་དྲུག་ནི། རོ་ཁྲུས་འདི་པར་དང་བྲིས་མ་གང་དུའང་ཟུར་དུ་མི་འདུག །བུམ་ཆོག་རོ་སྲེག །མཚན་བྱང་སྦྱང་བ། དུར་ཆད་དུ་གཞུག་པ། རོ་ཟན་གཏོང་བའོ། །བཞི་པ་འཕྲིན་ལས་དྲུག་ནི། ཞི་བ། རྒྱས་པ། དབང་མངོན་སྤྱོད། སྦྱིན་སྲེག །བརྟུལ་ཞུགས་སོ། །ལྔ་པ་གསང་སྔགས་ཀྱི་གནད་དྲུག་ནི། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོའོ། །དྲུག་པ་ཐུན་འཚམས་ཀྱི་ཆོས་དྲུག་ནི། བདུན་རྣམ་དག །མཎྜལ། ཁྲུས་ཆབ། བསྐོར་བ། གཏོར་མ། ཆུ་གཏོར་རོ། །གཉིས་པ་གསུམ་སྐོར་ལ། འབྲེལ་པ་གསུམ་གྱིས་ངེས་ཤེས་བསྐྱེད་པ། ཐུགས་རྗེ་ཆེ་ཆུང་གི་སྒོ་ནས་ཤན་འབྱེད་གསུམ། གསལ་བ་གསུམ། ཕྱི་ནང་གསང་གསུམ་དྲུག་ཚན་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དྲུག་པའི་དོན་བཤད་པ། དག་པ་རྣམ་གསུམ་གྱི་ཉམས་ལེན་སྲང་དུ་གཞུག་པ། སྤྱི་གནད་རྣམ་གསུམ། དབྱེར་མེད་གསུམ་གྱི་ངོ་སྤྲོད། ཟུང་འབྲེལ་གསུམ། སྤྱོད་ལམ་རྣལ་འབྱོར་གསུམ། སྤྱོད་ལམ་རྣམ་གསུམ། ཕན་ཡོན་གསུམ་དང་བཅུ་གཅིག །དང་པོ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སྲོང་བཙན་སྒམ་པོ་གསུམ་གྱི་སྙན་དུ་རིམ་པར་བརྒྱུད་པའི་སྙན་བརྒྱུད་གདམས་ངག་དང་འབྲེལ་བ། སེམས་ཅན། ཆོས། དམིགས་མེད་ལ་དམིགས་པའི་སྙིང་རྗེ་གཞན་དོན་དང་འབྲེལ་བ། འདོད་པ། དང་བ། ཡིད་ཆེས་ཀྱི་དད་པ་བྱིན་རླབས་དང་འབྲེལ་བའོ། །གཉིས་པ་ཐུགས་རྗེ་ཆེ་ཆུང་གི་སྒོ་ནས་ཤན་འབྱེད་པ་གསུམ་ནི། འཛིན་མེད། རིག་མེད། སྐྱེ་མེད་གསུམ་གྱི་ནམ་མཁའ་ལྟ་བུའི་ཐུགས་རྗེ། རིག་པ་གསལ་དང་སྟོང་ཉིད་སྙིང་རྗེ་ཟུང་འཇུག །དེས་མ་རིག་པ་སེལ་བ་ཉི་ཟླ་ལྟ་བུའི་ཐུགས་རྗེ། དགོངས་པ་ཆོས་དབྱིངས་ལས་


GLG003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ། རིག་པའི་ཡེ་ཤེས་རྒྱུན་མི་ཆད་པ། རིག་པའི་རྩལ་ཁ་ཡེ་ཤེས་སོ་མ་རྒྱུན་མི་ཆད་པ་ཆུ་བོ་ལྟ་བུའི་ཐུགས་རྗེའོ། །གསུམ་པ། གསལ་བ་གསུམ་ནི། རྣམ་པ། བརྡ་རྟགས། ངོ་བོ་གསུམ་གྱི་སྒོ་ནས་ལུས་ལྷར་གསལ་བ། མདོ་སྡེ། གསང་སྔགས། མཁའ་འགྲོའི་བྱིན་རླབས་ཀྱི་བརྡ་གསུམ་གྱི་སྒོ་ནས་ངག་སྔགས་སུ་གསལ་བ། གཟེངས་བསྟོད། ལྷོད་དེ། ཤིག་གེ །རང་ཤར་རང་གྲོལ་གསུམ་གྱི་སྒོ་ནས་ཡིད་ཆོས་ཉིད་དུ་གསལ་བའོ། །བཞི་པ་ཕྱི་ནང་གསང་བ་དྲུག་ཚན་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དྲུག་པའི་དོན་བཤད་པ་ལ་ཕར་ཕྱིན་དྲུག །སྡོམ་པ། སྒྲིབ་སྦྱོང་ལ་བརྟེན་ནས་མདོ་སྡེ་ལྟར་སྦྱར་བ། ཐུབ་པ་དྲུག །ཡབ་ཡུམ་དྲུག །ཡེ་ཤེས་དྲུག་ལ་བརྟེན་ནས་གསང་སྔགས་དང་སྦྱར་བ། ཆོས་ཉིད་དོན་གྱི་གནད། ཆོས་ཉིད་ཀྱི་དོན་ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་ཆོས་ཉིད་ལ་སྦྱོར་བའོ། །ལྔ་པ་དག་པ་རྣམ་གསུམ་གྱི་ཉམས་ལེན་སྲང་དུ་གཞུག་པ་ནི། དཀོན་ཅོག་མཆོད་པ། ཡིག་དྲུག་བཟླ་བ། དགེ་སྦྱོར་རང་ལུགས་སུ་བྱེད་པ་གསུམ་གྱི་སྒོ་ནས་ཉམས་ལེན་དག་པ། དུས་ཀུན་ལྷར་སྒོམ་པ། ཉོན་མོངས་སྐྱེས་གྲོལ་དུ་སྙམ་པ། ངེས་ཤེས་གདེང་ལྡན་གསུམ་གྱི་སྒོ་ནས་སྤྱོད་ལམ་དག་པ། གང་སྣང་ལྷ། འགྲོ་ཀུན་བྱང་ཆུབ་ཏུ་འདྲེན་པ། རང་བྱུང་རང་ཤར་གསུམ་གྱི་འབྲས་བུ་དག་པའོ། །དྲུག་པ་སྤྱིའི་གནད་རྣམ་པ་གསུམ་ནི། སངས་རྒྱས་ལོགས་ན་མེད་པ། འཁོར་བ་སྤང་དུ་མེད་པ། འཁོར་བ་ཀ་ནས་དག་པ་གསུམ་གྱི་ལྟ་བས་ཐག་བཅད་པའི་གནད། ཡེ་ནས་རང་ལ་གནས་པ། ལྷུན་གྱིས་གྲུབ་པ་བླང་དོར་བཟང་ངན་མེད་པ་གསུམ་གྱི་ཏིང་ངེ་འཛིན་ཉམས་སུ་བླང་པའི་གནད། མཐུན་འཇུག་ཐབས་ཀྱི་སྤྱོད་པ། རང་བྱུང་ཤུགས་ཀྱི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་གྱི་


GLG003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ལ་འདོར་བའི་གནད་དོ། །བདུན་པ་དབྱེར་མེད་གསུམ་གྱི་ངོ་སྤྲོད་པ་ནི། སྣང་བ་སེམས། སེམས་སྟོང་པ། སྣང་སྟོང་དབྱེར་མེད་གསུམ་གྱིས་ཕྱིའི་སྣང་བ་བཤིག་པ། རིག་པ་སྟོང་པ། སྟོང་པ་ཆོས་ཉིད་རིག་སྟོང་དབྱེར་མེད་གསུམ་གྱིས་ནང་གི་རིག་པ་བཤིག་པ། སེམས་ཉིད་གསལ་ལ་མ་འགགས་པ། སྟོང་པ་མ་བསྒྲིབས་པ། གསལ་སྟོང་དབྱེར་མེད་གསུམ་གྱིས་བར་གྱི་ཉམས་ལེན་བཤིག་པའོ། །བརྒྱད་པ་ཟུང་འབྲེལ་གསུམ་ནི། སྙིང་རྗེ་དང་སྟོང་པ་ཟུང་དུ་འབྲེལ་བས་འཁོར་བ་ལས་གྲོལ་ནུས་པ། མ་འབྲེལ་བའི་སྐྱོན་གསུམ་གྱིས་སྙིང་རྗེ་སྟོང་པ་འབྲེལ་བར་བསྟན་པ། ཐབས་རྐྱང་བས་འཚང་མི་རྒྱ་བ། ཤེས་རབ་རྐྱང་བས་འཚང་མི་རྒྱ་བ། གཉིས་ཀ་ཟུང་འབྲེལ་གྱིས་འཚང་རྒྱ་བར་བསྟན་པ་ཐབས་ཤེས་ཟུང་འབྲེལ་ཡེ་ཤེས་རྩལ་གྱི་སྤྱོད་པ། མཐུན་འཇུག་ཐབས་ཀྱི་སྤྱོད་པ། དགོངས་པ་ཕྱོགས་བྲལ་དང་གསུམ་གྱིས་ལྟ་སྤྱོད་ཟུང་དུ་འབྲེལ་བའོ། །དགུ་པ་སྤྱོད་ལམ་རྣལ་འབྱོར་གསུམ་གྱི་ནང་ཚན་ལ། ཆོས་ཉིད་སྤྱོད་ལམ། ཟས་སྐོམ་གཏོར་མ། སྤྱོད་ལམ་གྱི་རྣལ་འབྱོར་དང་གསུམ། དང་པོ་ནི་ཕྱི་ས་ཤིང་། ནང་རིན་པོ་ཆེ། གསང་བ་སེམས་ཀྱི་མཎྜལ། ཕྱི་སངས་རྒྱས་བྱང་སེམས། ནང་བླ་མ། གསང་བ་ཡི་དམ་མཁའ་འགྲོ་ལ་བསྐོར་བ། ཕྱི་འཇིམ་པ། ནང་གཟན། གསང་བར་རང་ལུས་ཀྱི་སཱཙྪའོ། །གཉིས་པ་ནི་ཕྱི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །ནང་ཡེ་ཤེས་སེམས་དཔའ་སྙིང་ག་ཆོས་ཀྱི་འཁོར་ལོ། གསང་བ་མཁའ་འགྲོ་མ་ལྟེ་བ་སྤྲུལ་འཁོར་ལ་བརྟེན་ནས་ཟས་ཟ་བ། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོ་ལ་དམིགས་ཏེ་སྐོམ་འཐུང་བ། གཟན་ཆུ་གང་རུང་


GLG003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཏོར་མས་ཡར་ཡི་དམ། བར་དུ་རིགས་དྲུག །མར་ཡི་དྭགས་ལ་བསྔོ་བའོ། །ས་གཅད་གསུམ་པ་ནི་རྩ་བའི་ས་གཅད་བཅུ་ལས་ལོགས་སུ་མ་རྙེད་དོ། །བཅུ་པ་སྤྱོད་ལམ་རྣམ་གསུམ་ནི། སེམས་ཅན་བློས་མི་གཏོང་བ། སྙིང་རྗེས་ཟིན་པ། ཕན་འདོགས་པ་གསུམ་གྱིས་ལྡང་བ། སྤྱིར་བླ་མ། ཡི་དམ་ལ་བསྐོར་བ། མཁའ་འགྲོའི་སྐྱེལ་མ་དང་གསུམ་གྱི་འགྲོ་བ། གནོན་པ་གློད་པ། བསྡུས་པ་གསུམ་གྱིས་ཉལ་བ། ལུས་ངག་ཡིད་གསུམ་མཉམ་པའི་སྒོ་ནས་འདུག་པ། རྣམ་རྟོག་འགོག་པ། བསམ་གཏན་དང་བསྲེ་བ། ངོམས་པ་གསུམ་གྱིས་གཉིད་ལོག་པ། རང་ངོ་ཤེས་པ། འཁྲུལ་པ་འཇིག་པ། སྒྱུ་མ་ལྟར་བསམ་པའི་སྒོ་ནས་རྨི་ལམ་བཟུང་བའོ། །བཅུ་གཅིག་པ་ཕན་ཡོན་གསུམ་ནི། སྒོ་གསུམ་གྱི་དྲི་མ་དག་པ། བྱིན་རླབས་ཞུགས་པ། ཞལ་མཐོང་སྒྲ་ཐོས་མི་རྟོག་པ་སྐྱེ་བའོ། །གསུམ་པ་ཚིག་སྐོར་ནི། སྔོན་འགྲོ་སེམས་བསྐྱེད། དངོས་གཞི་ལྷ་སྒོམ་པ། སྔགས་བཟླ་བ། སེམས་སྟོང་པར་བསྒོམ་པ་རྣམས་ཡན་ལག་ཆིག་ཆོད། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ། དམ་ཚིག །ངོ་སྤྲོད། གདམས་པ་རྣམས་ཚང་བའི་སྒྲུབ་ཐབས་ནོར་བུའི་འོད་ཅེས་བྱ་བ་རྣམས་སོ། །བཞི་པ་བཤད་འགྲེལ་ནི། སྤྱི་དོན་ཁོག་འབུགས་སམ་ཐུགས་རྗེ་ཆེན་པོ་ནོར་བུའི་རྒྱན་གྱི་བཤད་འགྲེལ་ཆེན་མོར་གྲགས་པ་འཆད་ཐབས་ཡན་ལག་དྲུག་གི་སྒོ་ནས་བཤད་པའོ། །རྩ་བའི་གཉིས་པ་སྒྲུབ་ཕྲན་ལ། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གསུམ་གྱི་ཞལ་གདམས་སྒྲུབ་ཐབས་དོན་བསྡུས། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གསུམ་གྱི་ཞལ་གདམས་སྒྲུབ་ཐབས་འབྲིང་པོ། གསང་སྔགས་གནད་ཀྱི་ཞལ་གདམས་ཐུགས་རྗེ་ཆེན་པོའི་ཚིག་སྒྲུབ་རྒྱས་པ། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་


GLG003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། འདིའི་རྗེས་སུ་རྒྱལ་བ་གསུམ་དྲིལ་གྱི་སྒྲུབ་ཐབས་ཞེས་པ་རྫོང་ཁའི་པར་མར་འདུག་ཀྱང་མ་ཐོབ་བོ། །མཁའ་འགྲོ་མའི་གསང་སྐོར་ཞེས་བྱ་བ་མཁའ་འགྲོ་མས་ལུང་བསྟན་པའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ། གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་བྱིན་རླབས་སྦ་ཆོས་ཀྱི་སྒྲུབ་ཐབས་སོ། །དེ་ལྟར་སྒྲུབ་སྐོར་རྣམས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ཡིན་ནོ། །ཐུན་མོང་གི་ལས་ཚོགས་ལ་ནང་གསེས་ཀྱི་ཞི་བ། རྒྱས་པ། དབང་སྡུད། མངོན་སྤྱོད། སྒྲིབ་སྦྱོང་། ཕྱོགས་ངན་དགྲ་འདྲེ་གཟའ་སྐར་ངན་པ་བསྲུང་བ། ཤྭ་འོད་སེར་བ་ཆར་པ་རླུང་རྣམས་བསྲུང་བ། བསྲུང་སྐུད་རྦད་འདྲེ་རྦོད་གཏོང་སེར་བ་བཟློག་པ། སྲིའུ་གསོ་བ། ནད་ཞི་བ། བར་གཅོད་སེལ་བ། ཟས་འདུ་བ། ནོར་འདུ་བ། འགྲོ་བ་ཕོ་མོ་དབང་དུ་བྱེད་པ། ཆོས་འདུ་བ་ཆོས་དང་མངོན་ཤེས་རྟེན་འབྲེལ་འཆར་བ། ཐུགས་ལ་འདོགས་པ། ཤེས་རབ་འཕེལ་བ། བློ་རྣོ་བ། གཞན་སེམས་ཤེས་པ། རྨི་ལམ་གསལ་བ། བུད་མེད་ཀྱི་ཡིད་འཕྲོག་པ། མི་ཐམས་ཅད་ཀྱི་སྙིང་དུ་སྡུག་པ། དབང་པོ་ཆེ་ཀུན་གྱིས་ཉན་པ། དགྲ་བྲན་དུ་འཁོལ་བ། རྒྱན་རྒྱལ་བ། ཞལ་ལྕེ་རྒྱལ་བ། ཚངས་དབྱངས་གྲུབ་པ། དོན་གྲུབ་པ། ཆུ་ལ་མི་བྱིང་བ། སྒྲིབ་ཤིང་། ནམ་མཁའ་ལ་འགྲོ་བ། གྲུ་མི་རྡིབ་པ། ཆུས་མི་འཁྱེར་བ། ཀུན་གྱི་གསང་ཚིག་ཐོས་པ། ལྷ་འདྲེ་མཐོང་བ། ས་འོག་གི་གཏེར་མཐོང་བ། མཚན་མོ་ཉིན་ལྟར་གསལ་བ། ཟས་སྐོམ་རྙེད་པ། སྐྱེ་བོ་འདུ་བ། མགྲིན་པ་སྙན་པ། འགྲོ་བ་དབང་དུ་འདུ་བ། བར་གཅོད་ཀྱིས་མི་ཚུགས་པ། དགོན་པར་དགྲ་འདྲེས་མི་ཚུགས་པ། མི་རྒོད་འཆིང་པ། གཅན་གཟན་འཆིང་བ། དུག་སྦྲུལ་བསྲུང་བ། ལམ་གྱི་འཇིགས་པ་


GLG003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ། རི་དྭགས་དང་ར་ལུག་བསྲུང་བ། ཞིང་ལ་གནོད་པའི་བྱ་བྱིལ་དང་སྦྲང་མའི་ཁ་འཆིང་བ། བཙའ་བསྲུང་བ། རི་བོང་བསྲུང་བ། སེར་བསྲུང་། ཁ་ཆར་གཅོད་པ། སད་བསྲུང་། ཆར་འབེབས། ཟླ་མཚན་གཅོད་པ། སྐྱེས་པའི་རླིག་པ་དང་བུད་མེད་ཀྱི་ནུ་མ་སྐྲངས་པ་སེལ་བ། བུད་མེད་སྐྱེས་པ་གཞན་གྱི་དབང་དུ་མི་འགྲོ་བ། སྐྱེས་པ་དང་བུད་མེད་དབང་དུ་འདུ་བ། བུ་ཐོན་པར་བྱེད་པ། རྡེལ་ནད་འདོན་པ། ཆུ་བསྡམས་པ་སེལ་བ། གྲང་ནད་སྦྱང་བ། ནང་གི་ནད་སྦྱང་བ། ཕོ་ལོག་སྲིན་ནད་དམུ་རྫིང་སྤྱོད་པ། སྦོས་པ་དང་མཁུ་བ་སེལ་བ། གློ་སྙིང་ན་བ་སེལ་བ། རླུང་ལུས་ལ་མི་སྐྱེ་བ། མིག་གསལ་བ། སོ་སྲིན་སེལ་བ། རྣ་བ་འོན་པ་འབྱུང་པ་རྣམས་མ་ཎི་བཀའ་འབུམ་ཕལ་ཆེར་ལ་མི་ཡོང་ཞིང་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་དུས་གཏེར་ལ་སྦས་པ་ཅིག་ཡིན་ཀྱང་ལུང་རྒྱུན་ཡོད་ཅིང་བཀའ་འབུམ་རྒྱས་པ་ལ་ལར་ལས་ཕྲན་དུ་མཛད་དོ། །ལས་ཕྲན་འདི་གྲུབ་ཐོབ་དངོས་གྲུབ་དང་མངའ་བདག་གང་རུང་གི་གཏེར་མ་ཡིན་ཀྱང་གཏེར་བྱང་ཁ་གསལ་མི་སྣང་ངོ་། །གསུམ་པ་ཞལ་གདམས་ཀྱི་ཆོས་སྐོར་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གདན་དྲངས་པ་ལ། རྒྱ་ཆེ་བ་གཞན་དོན་དུ་གདམས་པ། ཟབ་པ་རང་དོན་དུ་གདམས་པ། དཀར་ཆག་ན་འདི་ལྟར་བཤད་ཀྱང་ཞལ་གདམས་རེ་རེ་ལའང་ཟབ་རྒྱས་གཉིས་ཀ་ཚང་བ་མང་ཞེས་ཕྱོགས་འདིར་མཁས་པ་དག་གསུང་ངོ་། །གཏེར་གནས་མི་གཅིག་པའི་ཞལ་གདམས་དང་གསུམ། དང་པོ་ལ་ཞལ་གདམས་ཆེ་ཚོའི་སྐོར་དང་ཆུང་ཚོའི་སྐོར་གཉིས། དང་པོ་ཆེ་ཚོའི་སྐོར་ལ་ཞུ་ལན། ངོ་སྤྲོད་བཀའ་ནན། གསུང་གི་ཞལ་གདམས། ལམ་འཁྱེར། ཞལ་གདམས་ཐོར་བུ། ལམ་རིམ། མས་འཇུག་ཡས་


GLG003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་མཚང་གི་ཆོས། ཆོས་པ་སྲང་དུ་གཞུག་པ། ཕྱི་ནང་གི་ཆོས་བཞི། ཁྱད་པར་གྱི་ཞལ་གདམས། འཆི་ཁའི་ཞལ་གདམས། ཐུན་མོང་དང་ཁྱད་པར་གྱི་ཞལ་གདམས། ཕྱི་ནང་གི་བསླབ་བྱའི་ཞལ་གདམས། གཞན་ལ་ཕན་གདགས་ཤིང་རང་སྨིན་པའི་ཞལ་གདམས་ཏེ་བཅུ་དྲུག་ལས། དང་པོ་ཞུ་ལན་ལ། ཐུགས་རྗེ་ཆེན་པོ་ལ་སྤྲུལ་པའི་རྒྱལ་པོས་ཞུས་པའི་ལན་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གདམས་པའི་ཐུགས་རྒྱུད། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡབ་གནམ་རི་སྲོང་བཙན་གྱིས་ཞུས་པ། ཡུམ་འབྲི་བཟའ་ཐོད་དཀར་མས་ཞུས་པས། བལ་མོ་བཟའ་ཁྲི་བཙུན་གྱིས་ཞུས་པ། རྒྱལ་མོ་བཟའ་ཀོང་ཇོས་ཞུས་པ། སྲས་གུང་སྲོང་གུང་བཙན་གྱིས་ཞུས་པ། ལྷ་གཅིག་ཁྲོམ་པ་རྒྱན་གྱིས་ཞུས་པ། ཕྱི་བློན་ནང་བློན་རྣམས་ཀྱིས་ཞུས་པའི་ཞལ་གདམས་སོ། །གཉིས་པ་ངོ་སྤྲོད་ལ། ཡབ། ཡུམ། ཁྲི་བཙུན། ཀོང་ཇོ། སྲས་པོ། སྲས་མོ། ཐུ་མི་སོགས་ནང་བློན། ཕྱི་བློན་རྣམས་ལ་སོ་སོར་ངོ་སྤྲོད་དུ་གདམས་པ། གསུམ་པ་བཀའ་ནན་ནི། ཡབ་ཡུམ་གཉིས་ལ་འཁོར་བའི་ཉེས་དམིགས་གསུངས་པ། ལྷ་སྲས་ལ་རྒྱལ་སྲིད་ཆོས་དང་བསྟུན་ཞིག་པར་གསུངས་པ། སྲས་མོ་ཁྲོམ་རྒྱན་ལ་གསུངས་པ། བལ་བཟའ་ལ་ཐུགས་དམ་བཀའ་རྒྱས་བཏབ་པ། རྒྱ་བཟའ་ལ་གསང་གཏམ་གལ་པོ་ཆེར་གདམས་པ། ནང་བློན་རྣམས་ལ་གདམས་པ། ཕྱི་བློན་རྣམས་ལ་གདམས་པ། སྐྱེས་པ་རྣམས་ལ་གདམས་པ། བོད་འབངས་སྤྱི་མཐུན་ལ་གསུངས་པ། ནང་སྐོར་གྱི་བུད་མེད་ལ་གདམས་པ། ཕྱི་སྐོར་གྱི་བུད་མེད་ལ་གདམས་པ། བུད་མེད་རྣམས་ལ་བསླབ་བྱ་གདམས་ངག་ཏུ་གསུངས་པ་རྣམས། བཞི་པ་གསུང་གི་


GLG003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་སྐོར་ནི། སྤྲོ་ན་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་སྤྲོ་ཞིང་བསྡུ་ན་ཡི་གེ་དྲུག་ཏུ་འདུས་པ་ཐུགས་རྗེ་རང་བྱུང་གི་ཡི་གེ་བོད་ཡུལ་དུ་ཐུགས་རྗེ་ཆེན་པོ་ཞལ་མཐོང་ནས་མཛད་པ། ཀུ་མུ་ཏའི་ས་བོན་སོགས་ལ་དཔེ་བྱས་ནས་ཡི་གེ་དྲུག་པའི་ཡོན་ཏན་གྱི་བཟླ་ཐབས་དྲུག །ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཐུགས་རྗེ་ཆེན་པོ། ཁྲོ་གཉེར་ཅན། སྒྲོལ་མ། རྟ་མགྲིན། བདུད་རྩི་འཁྱིལ་པ་སྟེ་ལྷ་ལྔའི་བསྟོད་པ། གཙོ་འཁོར་རྣམས་ལ་དོན་བསྟོད་འགྲོ་དྲུག་ཀུན་ལ་ཐུགས་རྗེ་མ། མ་ཎི་ངོ་མཚར་ཆེ་ཚུལ་སྔོན་དུ་བཏང་སྟེ་ཚིག་རྐང་རེ་རེ་བཞིན་མ་ཎིའི་ཡིག་འབྲུ་རེ་སྦྱར་ནས་བསྟོད་པ་དང་། རིགས་ལྔ་ཐུབ་དྲུག་སོགས་དང་སྦྱར་ཏེ་མཇུག་ཏུ་རྡོ་རྗེའི་སྐུ་ཡི་ངོ་བོ་ཉིད་སྐལ་ལྡན་ཀུན་མ་ཎི་པདྨེ་སྒྲོངས། ཞེས་ཡོད་པ་ལ་དགུ་ཕྲུགས་སུ་བསྟོད་པར་གྲགས་པ། སྐུ་ལ་རྟགས་བསྟོད་གནས་རི་པོ་ཏ་ལ་མ། གསུང་ལ་བསྟོད་པ་མ་ཎི་པདྨེ་མ། ཐུགས་ལ་བསྟོད་པ་ཐུགས་རྗེ་ཆེན་པོ་མ། བཀྲ་ཤིས་དུས་གསུམ་སངས་རྒྱས་མ། སྨོན་ལམ་ཤོ་ལོ་ཀ་རེ་རེ་བཞིན་གྱི་མཇུག་ཏུ་རི་པོ་ཏ་ལར་སྐྱེ་བའི་མཐའ་ཚིག་ཅན་རྣམས། ལྔ་པ་ལམ་འཁྱེར་ལ། ཉིན་མོ་སྣང་བ། ཚོགས་དྲུག །རྐྱེན་སྣང་རང་གྲོལ་གསུམ། མཚན་མོ་གཉིད། རྨི་ལམ། སད་པ་ལམ་དུ་བླང་བ་གསུམ་ལ་བརྟེན་ནས་ཉིན་ནུབ་ལམ་འཁྱེར་དང་ནང་ནུབ་ཤེར་ཕྱིན། མདོ་སྡེ། སྔགས་ལྟར་ཁ་འདོན་ཆོས་སྤྱོད་ལམ་འཁྱེར། སྐྱབས་འགྲོ་སེམས་བསྐྱེད་ལམ་འཁྱེར། རང་གི་དགེ་བ། བདུན་ཚིགས། རོ་སྲེག །རོ་རྫང་། རོ་ཟན། རོ་ཁུར་བྱ་བ་དྲུག་སྟེ་རང་དོན་ཁྱད་པར་དུ་འཕགས་པའི་གདམས་པ་ལམ་འཁྱེར། ཕྱི་སྣང་། ནང་སྣང་། གསང་སྣང་། དོན་སྣང་། རྟགས་སྣང་། མཚོན་སྣང་རྣམས་ལ་བརྟེན་ནས་སྣང་བ་རིན་པོ་ཆེ་ཚོགས་ཀྱི་ལམ་དྲུག་ལྟ་བ་


GLG003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་སྤྱོད་པ་གསུམ་གྱི་གཏོར་མ་ལ་བརྟེན་ནས་གཏོར་མ་ལམ་འཁྱེར་གྱི་ཞལ་གདམས་རྣམས། དྲུག་པ་ཞལ་གདམས་ཐོར་བུ་ནི། ཞལ་གདམས་དྲུག་ཚན་བཅུ་པ། ཞལ་གདམས་གསུམ་ཚན་བཞི་བཅུ་པ་ཆོས་ཐམས་ཅད་ཀྱི་གནད་བསྡུས་པ། ཞལ་གདམས་དཔེ་དོན་བཞི་ཚན་བཅུ་དགུ་པ། ཞལ་གདམས་དྲུག་ཚན་ཉི་ཤུ་རྩ་དྲུག་པ། ཞལ་གདམས་བཅུ་ཚན་ཉི་ཤུ་རྩ་གསུམ་པ་ཞེས་ལྟ་སྒོམ་ཕུགས་གཏིབས་ཀྱི་ཞལ་གདམས་རྣམས། བདུན་པ་ལམ་རིམ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་ཀྱི་སྒོ་ནས་དབང་པོ་མཐའ་མའི་ལམ་རིམ། དང་པོར་རང་། བར་དུ་གཞན། མཐའ་མར་ཉམས་སུ་བླངས་པ་ལ་དགོས་པ་གསུམ་གྱིས་དབང་པོ་འབྲིང་གི་ལམ་རིམ། རབ་འབྲིང་མཐའ་མ་གསུམ་གྱི་སྒོ་ནས་དབང་པོར་རབ་ལ་བསྟན་པའི་ཞལ་གདམས་རྣམས། བརྒྱད་པ་མས་འཇུག་ཡས་ལྡོག་ནི། འཁོར་བ་ལུགས་ལ་གནས་པ་བདུན་དང་ལུགས་ལས་ལྡོག་པ་བདུན་གྱིས་འཁོར་བ་འཇུག་ལྡོག་ཞལ་གདམས། ལྟ་སྒོམ་སྤྱོད་པ་དམ་ཚིག་འབྲས་བུ་སྟེ་ལྔའི་སྒོ་ནས་ལྟ་སྒོམ་དོན་བརྒྱུད་ཀྱི་ཞལ་གདམས། དགུ་པ་མ་ཚང་གི་ཞལ་གདམས་ནི། མི་རྟག་པ། ཕྱི་མའི་ཕན་པ་སྒྲུབ་པ། ཉོན་མོངས་པའི་གཉེན་པོ། བཤེས་གཉེན་བསྟེན་པ། དགེ་སྡིག་གི་བླང་དོར། ངན་སོང་གི་སྡུག་བསྔལ་བསྟན་པ་སྟེ་དྲུག་གིས་སྐྱེ་བོ་མ། རིག་པ་ཆོས་ལ་གཟུད་པ། ཉན་བཤད་གཞུང་གཞན་སྤྱོད་པ། བཤད་ཐབས། ཆོས་སུ་འགྲོ་མི་འགྲོའི་ཁྱད་པར། ཆོས་མ་ནོར་བ། ཆོས་ཉམས་སུ་བླང་ཐབས་ཏེ་དྲུག་གིས་ཆོས་དང་མི་ལྡན་པ་ཆོས་ལ་གཟུད་པ། དངོས་པོ་ལྔ། ཡིད་ཆེས། ཁེ་ཉེན། འོག་མ་ལ་སྨད་པ། གོང་མ་ལ་སྐུར་འདེབས། མཚན་ཉིད་ལ་


GLG003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ། སྨད་པའི་སྐྱོན། གཞུང་བཞིན་མ་སྤྱད་པ། འཆོལ་བར་སྤྱད་པ། ནོར་ཕྱིར་འགྲིམ་པ། སྲོག་རྩའི་དམ་ཚིག །ཡོ་ག །མ་ཧཱ། རྫོགས་ཆེན། ཕྱག་ཆེན་རྣམས་ཀྱི་དམ་ཚིག །ཉམས་པའི་སྐྱོན། དཔེ་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཡི་གེ་དྲུག་པར་འདུས་པར་བསྟན་པ་རྣམས་ཀྱིས་སྔགས་པ་སྔགས་དང་མི་ལྡན་ཆོས་ལ་གཟུད་པ། ངོ་བོ། ངེས་ཚིག །དུས། སྐྱོན། ཡོན་ཏན། དབྱེ་བ། རྟགས་དང་བདུན་གྱིས་རྣལ་འབྱོར་པ་རྣལ་འབྱོར་དང་མི་ལྡན་པ་ཆོས་ལ་གཟུད་པ། ཆོས་པ་ཆོས་དང་མི་ལྡན་པ་རྣམས་མཚང་ནས་དགེ་ལ་བསྐུལ་བའི་ཞལ་གདམས། སྐྱེ་བོ་ཐ་མལ་པ་རྣམས་མཚང་ནས་ཆོས་ལ་བསྐུལ་བ་རྣམས། བཅུ་པ་སྲང་དུ་གཞུག་པ་ནི། གསུང་རབ་ཐམས་ཅད་ཚིག་དོན་གཉིས་སུ་འདུ་བའི་དོན་ལ་དཔེ་དོན་རྟགས་གསུམ། ཚིག་ལ་དྲང་དོན་ངེས་དོན་སྙིང་པོའི་ཆོས་གསུམ་གྱིས་སྟོན་པ་སྒྲུབ་པ་སྒྲོམ་འཇུག་གི་ཞལ་གདམས། འདྲེ་དྲུག །བདུད་དྲུག །འཕྲང་དྲུག །འབྲེལ་པ་དྲུག །ཡིད་ཆེས་དྲུག །འདྲ་མིན་དྲུག་ལ་ནང་གསེས་ཀྱི་སུམ་ཅུ་རྩ་དྲུག་གི་གནད་ཀྱི་ཞལ་གདམས། སྐྱོན་ཅན་སྐྱོན་མེད་ཀྱི་ཞལ་གདམས་ཉི་ཤུ་རྩ་བཞི། ངེས་ཤེས་ཉི་ཤུ་རྩ་བཞིའི་ཞལ་གདམས། དྲན་པ་ཉི་ཤུ་རྩ་བཞིའི་ཞལ་གདམས་རྣམས། བཅུ་གཅིག་པ་ཕྱི་ནང་གི་ཆོས་བཞི་ནི། གནས། རྫས། དུས། ཡོན་ཏན། སྐྱོན། བསྔོ་བ་སྟེ་དྲུག་གིས་སྦྱིན་པ། དགེ་བ་ཆོས་སྡུད། ཉེས་སྤྱོད་སྡོམ་པ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཇི་མི་སྙམ་པ། དང་ལེན། ཟབ་དོན་ལ་མི་སྐྲག་པའི་བཟོད་པ། གོ་ཆ། དོན་སྦྱོར། མི་བཟློག་པའི་བརྩོན་འགྲུས། མི་གཡོ་བ། མངོན་པར་འགྲུབ་པ། སེམས་ཅན་དོན་བྱེད་ཀྱི་བསམ་གཏན། རང་སྤྱི། རྒྱུ་འབྲས། མི་དམིགས་པའི་ཤེས་རབ། མ་ནོར་བ། བདག་དོན་


GLG003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ལ་མཁས་པའི་ཐབས། མ་ཞུམ། མི་དམིགས། སེམས་ཅན་གྱི་དོན་ལ་བརྩོན་པའི་སྨོན་ལམ། བདུད་འདུལ་བ། ཚོགས་གཉིས་རྫོགས་པ། རྒོལ་བ་ཚར་གཅོད་པའི་སྟོབས། ཆོས་དང་གང་ཟག་བདག་མེད་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པས་ས་བཅུ་རིམ་པར་བགྲོད་པ། དབང་། དམ་ཚིག །ལྟ་བ། ཏིང་འཛིན། སྤྱོད་པ། མན་ངག་རྣམས་ཀྱི་བསླབ་པའི་མཐའ་དྲུག་གི་ཞལ་གདམས། བླ་མ་ཐོས་པ། སྒོ་ཀུན་ནས་བསྡུ་བ། མཁས་པ། མདོག་གཅིག་ཏུ་བསྡུ་བ། འབྲས་བུ་དྲུག་ལ་བརྟེན་ནས་སྒྲུབ་པའི་མཐའ་དྲུག་གི་ཞལ་གདམས། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་གནད་དུ་དྲིལ་བ་དྲུག་ལ་བརྟེན་ནས་བཤད་ཐབས་ཡན་ལག་གི་ཞལ་གདམས་རྣམས། བཅུ་གཉིས་པ་ཁྱད་པར་གྱི་ཞལ་གདམས། མཚན་གྱི་ཞལ་གདམས་ཉོན་མོངས་པ་དྲུག་རིགས་དྲུག་གནས་སྦྱངས་ཏེ་ཡེ་ཤེས་དྲུག་ཏུ་ཤར་ཏེ་སྐུ་དྲུག་ཐོབ་པའི་ཐབས་སྙན་བརྒྱུད་ཀྱི་གདམས་པ་རིགས་དྲུག་སྐུ་དྲུག་ཏུ་རང་གྲོལ་བར་བསྟན་པ། ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་ཁྱད་པར་དུ་འཕགས་པའི་ཆོས་གསུམ་གྱི་གདམས་པ། སྙིང་རྗེ་སྟོང་པ་དབྱེར་མེད་གསུམ་ལ་བརྟེན་ནས་ཡང་གསང་ཁྱད་པར་དུ་འཕགས་པའི་ཞལ་གདམས་རྣམས། བཅུ་གསུམ་པ་འཆི་ཁ་མའི་ཞལ་གདམས་ནི། རང་བཞིན་གནས་པའི་བར་དོ། སྐྱེ་ཤི་བར་དོ། ཤེས་པ་སྔ་ཕྱིའི་བར་དོ། རྨི་ལམ་བར་དོ། འཆི་ཁའི་བར་དོ། སྲིད་པའི་བར་དོ་སྟེ་དྲུག་ལ་བར་དོ་མུན་སེལ་སྒྲོན་མེ་ཞེས་བྱ་བའི་ཞལ་གདམས། དབང་པོ་རབ་རང་བཞིན་གྱིས་འཕོ་བ། འབྲིང་ལམ་གྱིས་འཕོ་བ། མཐའ་མ་སེང་གེ་རྣམ་རོལ་གྱི་འཕོ་བས་བཙན་ཐབས་སུ་འཕོ་བ་སྟེ་འཕོ་བའི་ཞལ་གདམས་སོ། །བཅུ་བཞི་


GLG003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུན་མོང་དང་ཁྱད་པར་གྱི་ཞལ་གདམས་ལ། སྔོན་འགྲོ་གཞིའི་ཡན་ལག །གཞན་རྗེས་སུ་གཟུང་བའི་ཡན་ལག །ཆོས་ཚུལ་དང་མཐུན་པའི་ཡན་ལག །རང་ལ་ཞེན་བསྐུལ་གདབ་པའི་ཡན་ལག །མྱུར་དུ་འགྲུབ་བྱེད་ཀྱི་ཡན་ལག །བློ་ཐག་གཅོད་པའི་ཡན་ལག་སྟེ་དྲུག་དྲུག་སུམ་ཅུ་སོ་དྲུག་ལ་བརྟེན་པ་ཐུན་མོང་གི་ཞལ་གདམས། ཕྱི་ལྷ་སྐུ། ནང་གསང་སྔགས། གསང་བ་ཐུགས་ལ་ངོ་སྤྲོད་པ་ཁྱད་པར་གྱི་ཞལ་གདམས་རྣམས། བཅོ་ལྔ་པ་ཕྱི་ནང་གི་བསླབ་བྱའི་ཞལ་གདམས་ནི། དོན་རྟགས་མཚོན་གསུམ་གྱི་བླ་མ་བཀུར་ཞིང་དམ་ཚིག་བསྲུང་བ། ཞར་བྱུང་ཐུགས་རྗེ་ཆེན་པོའི་དམ་ཚིག་དང་བཅས་ཏེ་དམ་ཚིག་གི་ཞལ་གདམས། སྐྱབས་འགྲོ་གསུམ་དང་སྡོམ་པ་གསུམ་ལ་ནང་གསེས་ཀྱི་རེ་རེའང་དྲུག་ཏུ་ཕྱེ་བའི་སྐྱབས་འགྲོ་དང་སྡོམ་པའི་ཞལ་གདམས། ངོ་བོ་ངེས་ཚིག་དབྱེ་བ་བགེགས་བསྐྲད་ཅིང་ཇི་བཞིན་དུ་བསྐུར་བའི་དབང་བྱིན་རླབས་ཀྱི་ཞལ་གདམས་རྣམས། བཅུ་དྲུག་པ་གཞན་ལ་ཕན་གདགས་ཤིང་རང་སྨིན་པའི་ཞལ་གདམས་ནི། སྐྱབས་འགྲོ་སེམས་བསྐྱེད་འབོགས་པའི་ཞལ་གདམས། བསྔོ་བའི་ཞལ་གདམས། བསྙེན་གནས་ཀྱི་ཞལ་གདམས། སེམས་བསྐྱེད་ཀྱི་ལག་ལེན་ཞལ་གདམས། སྒྲུབ་ཁོག་ཆེན་མོའི་ཞལ་གདམས་ཞེས་བྱ་བ་ལས་ཀྱང་། དཀྱིལ་འཁོར་གྱི་ཆོ་གའི་དབང་རིམ་དྲུག་བསྐུར་བ། དབང་གི་ངོ་སྤྲོད་དྲུག །ལུང་འབོགས་ཤིང་ཚིག་དབང་བསྐུར་བ་རྣམས་སོ། །གཉིས་པ་ཞལ་གདམས་ཆུང་ཚོའི་སྐོར་ལ། ཤིན་ཏུ་ཟབ་པ་ནང་སྐོར་དགུ་ལ་གདམས་པ། བཀའ་རྟགས་ཀྱི་འཁོར་བརྒྱད་ལ་ཟབ་དོན་དུ་གདམས་པ། ཟབ་པ་ཐུན་མོང་མ་ཡིན་པའི་ཞལ་གདམས། ཁྱད་པར་གྱི་ཟབ་དོན། ཐུགས་རྒྱུད་དྲུག །གནད་ཀྱི་ཁྱད་པར་ཟབ་དོན། ཟབ་པ་རང་དོན་གྱི་


GLG003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་དང་བདུན། དང་པོ་ལ། ཡབ་ལ་གདམས་པས་ཤིན་ཏུ་དགྱེས་ནས་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པ། ཡུམ་ལ་གདམས་ཤིང་ལུང་བསྟན་པས་ཤིན་ཏུ་དགྱེས་ནས་དྲིན་དུ་གཟོ་སྟེ་རྗེས་སུ་ཡི་རང་བ། ཁྲི་བཙུན་ལ་ལྟ་བ་ཨ་ཏི། སྒོམ་པ་ཨ་ནུ། སྤྱོད་པ་མ་ཧཱ། ལྟ་བ་རང་བཞིན་ལྷུན་གྲུབ། སྒོམ་པ་དབྱིངས་དང་ཡེ་ཤེས་གཉིས་མེད། སྤྱོད་པ་ཐབས་ཤེས་གཉིས་མེད། གསང་སྔགས་བསྐྱེད་རྫོགས་གསུམ་དང་བསྟུན་ཏེ་གདམས་པ། ཀོང་ཇོ་ལ་སྔགས་ཀྲྀ་ཡོ་ག་སྡེ་གསུམ་དང་བསྟུན་ཏེ་གདམས་པ། ཞང་ཞུང་བཟའ་ལ་འདའ་ཁ་འཆི་བྲོད་ཀྱི་གདམས་པ། རུ་ཡོངས་བཟའ་ལ་གདམས་པ་ལུས་མ་བོར་བར་འཚང་རྒྱ་པ། མོང་བཟའ་ཁྲི་ལྕམ་ལ་གདམས་པས་བྱང་ཆུབ་ཐོབ་པ། སྲས་གུང་སྲོང་གུང་བཙན་རྒྱལ་སར་ཕྱུང་ནས་མངའ་རིས་ཐམས་ཅད་གཏད་དེ་གདམས་པ། ལྷ་ལྕམ་ལ་རྒྱུད་སྡེ་ཆེན་པོ་གསུམ་དང་བསྟུན་ནས་གདམས་པ་རྣམས། གཉིས་པ་བཀའ་རྟགས་ཀྱི་འཁོར་བརྒྱད་ལ་ཟབ་དོན་དུ་གདམས་པ་ལ། ཐུ་མི་སམ་བྷོ་ཊ་ལ་གདམས་པས་རང་གྲོལ་དུ་གྱུར་བ། ལྷ་ལུང་རྡོ་རྗེ་དཔལ་ལ་གདམས་པས་ཆོས་དང་སེམས་འདྲེས་ཏེ་རང་གྲོལ་པ། ལོ་ཙཱ་བ་ཨཱཪྻ་ཨ་ལོ་ཀ་ལ་གདམས་པས་སྐུ་གསུང་ཐུགས་སུ་གྲོལ་བ། ཞང་བློན་སྣ་ཆེན་པོ་ལ་གདམས་པ། ཕྱི་བློན་ཁྱུང་པོ་དཔུང་བཏང་བཟུང་རྩེ་ལ་གདམས་པས་སྡིག་པ་བྱང་བའི་རྟགས་ཐོན་པ་ཕྱི་འཁོར་སྤ་འབྲོང་བཤོར་མདོ་བཙན་ལ་སྡིག་པོ་ཆེ་ཅིག་ཅར་དུ་འཚང་རྒྱ་བའི་ཞལ་གདམས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་ལ་གདམས་པས་སྡིག་པ་དག་པའི་རྟགས་ཐོན་པ། བཀའི་ཕྱག་ཚང་པ་འབྲི་སེ་རུ་གུང་སྟོན་ལ་གདམས་པ་ཐུགས་རྗེ་ཆེན་པོ་དངོས་


GLG003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐོང་བ་རྣམས། གསུམ་པ་ཟབ་པ་ཐུན་མོང་མ་ཡིན་པའི་ཞལ་གདམས་ལ། །ཐག་རིང་དུ་འགྲོ་ན་འཁྱེར་རྒྱུ། གཅིག་པུར་འདུག་ན་སེམས། མང་པོའི་ནང་དུ་ངག་ལ་བལྟ་བ་སྟེ་ལྟ་བ་གསུམ་གྱི་ཞལ་གདམས། རིགས་དྲུག་སྡུག་བསྔལ་གྱི་འཁོར་བ་ལ་གཡང་ས་བསྐུལ་བ། མི་རྟག་པའི་དཔེ་གསུམ་གྱིས་ལེ་ལོ་ཅན་བརྩོན་འགྲུས་བསྐྱེད་པ། ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱིས་སྐལ་ལྡན་སྤྲོ་བ་བསྐྱེད་པ་སྟེ་ཐུགས་རྗེ་ཆེན་པོའི་ཞལ་གདམས་དོན་གསུམ་མ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞལ་གདམས། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་སྟེང་དུ་ཡེ་ཤེས་ཐུགས་རྗེ་བསྣན་ཏེ་ཚད་མེད་དྲུག་གི་ཞལ་གདམས། ལུས་སྤྲུལ་བ། ཁང་ཁྱིམ་དྲི་ཟའི་གྲོང་ཁྱིམ། འཁོར་གཡོག་རྨི་ལམ་ལོངས་སྤྱོད་སྒྱུ་མ། སྣང་སྲིད་ཆུ་ཟླ། སྙན་གྲགས་བྲག་ཅ། ཟས་སྐོམ་སྨིག་རྒྱུ། སེམས་ནམ་མཁའ་དང་འདྲ་བའི་སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས་རྣམས། བཞི་པ་ཁྱད་པར་གྱི་ཟབ་དོན་ནི། སྤང་བྱ་གསུམ་དང་བླང་བྱ་གསུམ་གྱི་སྒོ་ནས་འཁོར་འདས་ཀྱི་འབྲེལ་པ་གཅོད་པའི་ཞལ་གདམས། བྱིན་རླབས་ཀྱི་རྟེན་བླ་མ་སྤྱི་བོར་དྲན་པ། མོས་གུས་ཀྱི་རྐྱེན་བཀའ་དྲིན་དྲན་པ། བྱིན་རླབས་ཀྱི་རྐྱེན་གདམས་ངག་དྲན་པ་གསུམ་གྱི་བྱིན་རླབས་ཀྱི་ལམ་བླ་མ་སྒྲུབ་པ། རྣམ་པ་མོས་པ་ང་རྒྱལ་གསུམ་གྱི་སྒོ་ནས་ལྷ་ལམ་དུ་བླང་བའི་ཞལ་གདམས། སྡོམ་གསུམ་གྱི་སྒོ་ནས་ལྷ་ལམ་དུ་བླང་བའི་ཞལ་གདམས། སྡོམ་གསུམ་ཡར་ལྡན་གྱི་ཞལ་གདམས། སྐྱེས་བུ་འདོད་ཆགས་ཅན་རྩ་རླུང་ཐིག་ལེ་གསུམ་ལ་བརྟེན་པ་ཐབས་ལམ་གྱི་ཞལ་གདམས། བསྐྱེད་རིམ་དང་རྫོགས་རིམ་ལ་བརྟེན་ནས་མཚན་བཅས་མཚན་མེད་ཟུང་གི་ཞལ་གདམས། ང་བདག་འགོང་པོ་འདོན་ཐབས་བདག་མེད་ཟུང་གི་ཞལ་གདམས་རྣམས། ལྔ་པ་ཐུགས་རྒྱུད་དྲུག་ནི། ཕ་རོལ་ཏུ་


GLG003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དྲུག་གི་ཐུགས་རྒྱུད་ཀྱི་ཞལ་གདམས། ཕྱག་རྒྱ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། རྫོགས་པ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། དབུ་མ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། ཆོས་སྤྱི་དང་མི་འགལ་བ་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་གདམས་པ་རྣམས། དྲུག་པ་གནད་ཀྱི་ཁྱད་པར་ཟབ་དོན་ནི། ཕྱི་ནང་གསང་གསུམ་སྒོམ་པའི་སྒྲ་འདོགས་གཅོད་པའི་ཞལ་གདམས། ཟུང་འཇུག་གསུམ་གྱི་ཞལ་གདམས། དབང་པོ་རབ་བར་དོ་མེད་པའི་ལམ་ཁྱེར། དབང་པོ་འབྲིང་བར་དོར་འཚང་རྒྱ་བའི་ཞལ་གདམས། དབང་པོ་མཐའ་མའི་ལམ་འཁྱེར་འདའ་ཁ་འཆི་བྲོད་ཀྱི་ཞལ་གདམས། མཚན་ཐོས་པས་འཚང་རྒྱ་བ། སྙིང་པོ་བཟླས་པས་འཚང་རྒྱ་བ། བཏགས་པ་འཚང་རྒྱ་བ་རྣམས། བདུན་པ་ཟབ་པ་རང་དོན་གྱི་ཞལ་གདམས་ནི། གཟིགས་ཚུལ། ཡུལ་དྲུག །སྤྱན་དྲུག །ཚུལ་དྲུག །ཐུགས་རྗེ་དྲུག །ཆེ་བ་དྲུག་གི་རྒྱལ་པོའི་སྐུ་གསུང་ཐུགས་ངོ་སྤྲོད་ཀྱི་གདམས་པ། ཕྱི་ནང་གསང་བ་བར་གཅོད་གསུམ་ལས། ཕྱི་གནོད་སྦྱིན་ཕོ་མོ་འདུལ་བ་བརྟུལ་ཞུགས་ཀྱི་གདམས་པ། ཕྱི་གནོད་སྦྱིན་ཕོ་མོ་ཞི་བར་བྱེད་པའི་ཞལ་གདམས། ནང་ན་ཚ་ཞི་བར་བྱེད་པའི་ཞལ་གདམས། གསང་བ་དུག་ལྔ་ཞི་བར་བྱེད་པའི་ཞལ་གདམས། འགྲོ་དྲུག་རང་ཤར་རང་གྲོལ་གཡང་ས་གཅོད་པའི་ཞལ་གདམས་རྣམས་སོ། །གཉིས་པ་ཟབ་པ་རང་དོན་དུ་གདམས་པའི་སྐོར་ལ་ཞལ་གདམས་ཉི་ཤུ་རྩ་བདུན་དཀར་ཆག་ཏུ་བྱུང་བ་གོང་གསལ་རྣམས་ཀྱི་ཁྲོད་དུ་དོན་གྱིས་ཚང་ན་མ་གཏོགས་ད་ལྟ་གླེགས་བམ་དུ་མ་བཞུགས་པ་ལུང་རྒྱུན་མ་རྙེད་དོ། །གསུམ་པ་གཏེར་གནས་མི་གཅིག་པའི་


GLG003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ཀྱི་སྐོར་ལ། གནོད་སྦྱིན་ནཱ་ག་ཀུ་བེ་རའི་བརླ་གཡས་པའི་དར་ཤམ་གྱི་འོག་ནས་སྤྲུལ་སྐུ་ཤཱཀྱ་བཟང་པོའམ་དཀྱིལ་མཐའ་ཅན་གྱིས་སྤྱན་དྲངས་པ་ལ། འཕགས་པ་ནམ་མཁའི་རྒྱལ་པོའི་མངོན་རྟོགས། ཕྱི་བསྐྱེད་རིམ། ནང་སྙིང་པོ། གསང་བ་རྫོགས་རིམ་གྱི་རྣལ་འབྱོར་ལ་བརྟེན་ནས་སངས་རྒྱས་སྟོང་རྩའི་བསྐྱེད་རྫོགས། ཐོས་པ། མཐོང་བ། གུས་ཤིང་གསོལ་བ་བཏབ་པའི་ཡོན་ཏན་བརྗོད་པ་ཐུགས་དམ་མཐོང་བའི་ཕན་ཡོན་དུ་གྲགས་པ། ཁྲུས་ཆབ་ཀྱི་བྱེད་ཚུལ་དང་ཕན་ཡོན། འགྲོ་ལ་ཕན་པར་བྱ་བའི་ཕྱིར་འགྱུར་ཤོག་གི་སྨོན་ལམ། ཆོས་ཉིད་དོན་གྱི་ཐུགས་རྗེ་རྒྱལ་བའི་ཐུགས་ལ་མི་གབ་པར་སྟོན་པ་ཞལ་གདམས་གབ་པ་མངོན་ཕྱུང་རྣམས་སོ། །རྒྱལ་པོ་ཡབ་ཡུམ་གསུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཤིང་བང་སོ་ཡར་ཀླུངས་མཐིལ་དུ་བཏབ་ཚུལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་སྤྱི་མཐུན་དུ་ཞལ་ཆེམས་ཀྱི་ཚུལ་དུ་མ་འོངས་ལུང་བསྟན་ཡང་གཏེར་གནས་མི་གཅིག་ཀྱང་འདིའི་ཆ་ལག་ཏུ་མཛད་པ་བསམ་ཡས་ཀྱི་ཤིང་ཡུམ་འབོག་གི་རྩ་བར་སློབ་དཔོན་ཆེན་པོ་ལ་རྗེ་འབངས་བཞིས་ཞུས་པའི་ལྷ་ས་བསམ་ཡས་གཉིས་ཀྱི་འཇིག་རྐྱེན་༼གཏེར༽དང་དེ་བཟློག་ཐབས་དང་བཅས་པའི་ལུང་བསྟན་བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་མཁོ་མཐིང་གི་སྣང་མཐའི་ཕྱག་ནས་སྤྱན་དྲངས་པ་དང་བཅས་པ་རྣམས་ལེགས་པར་ཐོབ་པས། དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཞབས་ལ་བསྟོད་པ་སྔགས་པ་རལ་པ་ཅན། མངའ་བདག་ཉང་རལ་པ་ཅན། སྔགས་དཀར་ལྕང་ལོ་ཅན། ལ་སྟོད་པ་མི་


GLG003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ། རྗེ་བཙུན་ཤཱཀྱ་བཟང་པོ། རྟེན་དགེ་སློང་། བླ་མ་ལྷ་རྗེ་དགེ་འབུམ། སྔགས་དཀར་ལྕང་ལོ་ཅན་སྐྱིད་ཤོང་ལྗངས་པ། དྲིན་ཅན་སངས་རྒྱས་ལྕམ་མོ་ཡེ་ཤེས་མཆོག །བྱང་སེམས་ཆུ་སྒོམ་ཞིག་པོ། ལ་སྟོད་པ་དགེ་བསྙེན་སྒོམ་ཐག་ཅན། མཐའ་བཞི་བྱ་བྲལ་ཆེན་པོ། དབུས་པ་རབ་བྱུང་ཆས། འཇམ་དབྱངས་བསོད་ནམས་སེང་གེ་སྟོད་པ་རབ་བྱུང་ཆས། བླ་མ་བཀྲ་ཤིས་རྒྱལ་མཚན། བླ་ཆེན་བློ་གྲོས་རྒྱལ་མཚན། དབུས་པ་རབ་བྱུང་ཆས། འཕགས་མཆོག་ནོར་བུ་བཟང་པོ། མཁས་གྲུབ་བཟང་པོ་རྒྱལ་མཚན། མདོ་སྔགས་ཆོས་ཀྱི་རྒྱལ་མཚན། བླ་མ་རིན་ཅེན་རྡོ་རྗེ། སྣང་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དབང་ཆོག་གི་སྟེང་ནས་ཐོབ་པའི་དབང་གི་བརྒྱུད་པ་ནི། མཁས་གྲུབ་བཟང་པོ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་རྗེ་དཔལ་ལྡན་སངས་རྒྱས། སྟས་སྒ་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བླ་མ་ཆོས་སྐྱོང་རྒྱལ་པོ། རྗེ་ནམ་མཁའ་རྡོ་རྗེ། མཚུངས་མེད་རྣམ་རྒྱལ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། རིགས་འཛིན་མཆོག་སྤྲུལ་པདྨ་འཕྲིན་ལས། རྩ་བའི་བླ་མ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཏེར་གྱི་རྟགས་མ་གཏོགས་པའི་ལུང་གི་བརྒྱུད་པ་ནི། ཀུན་དགའ་ཚེ་མཆོག་ཡན་གོང་ལྟར་ལ། ཟུར་ཆེན་གཞོན་ནུ་དོན་གྲུབ། དེ་སྲས་ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཐུན་མོང་གི་ལས་ཚོགས་ཞི་བ་ནས་རྣ་བ་འབྱེད་པའི་བར་


GLG003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་ཕྲན་དོན་བརྒྱད་པ་དང་གཏེར་གནས་མི་གཅིག་པའི་ཞལ་གདམས་དང་གཏེར་གྱི་རྟགས་ཅན་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཙོ་ཆེ་བ་གཅིག་ནི། རྗེ་བློ་གྲོས་རྒྱལ་མཚན་ནས། འཁྲུལ་ཞིག་དབུ་ཐུམ་པ་ཆེན་པོ། སྡོམ་བརྩོན་འདུལ་བ་པ། བྱང་སེམས་དཔལ་ལྡན་གཞོན་ནུ། རྗེ་དཀོན་ཅོག་སྐྱབས། པཎ་ཆེན་པདྨ་དབང་རྒྱལ། ལྷ་རིགས་ལེགས་ལྡན་རྡོ་རྗེ། འབྲོག་སྤ་ལུང་ཆོས་རྗེ། ཡར་འབྲོག་ཡོན་པོ་དོའི་བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ནམ་མཁས་གྲུབ་བཟང་པོ་རྒྱལ་མཚན་ནས། བླ་མ་དཔལ་ལྡན་སངས་རྒྱས། གུ་རུ་དཔལ་ལྡན་སེང་གེ །རྗེ་དཀོན་ཅོག་སྐྱབས་མན་འདྲ། གཏེར་གྱི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། ཆུ་རགས་པ་བློ་གྲོས་རྒྱལ་མཚན་ནས། བླ་མ་སངས་རྒྱས་དོན་གྲུབ། རྗེ་བཙུན་རིན་ཅེན་ཤེས་རབ། མར་སྟོན་ཤེས་རབ་བཟང་པོ། ཐུགས་སྲས་ཡོན་ཏན་བཟང་པོ། རྫ་སྣ་པ་གྲགས་པ་དཔལ་འབྱོར། པཎ་ཆེན་ཆོས་ཀྱི་ཤེས་རབ། དོན་གྲུབ་ལེགས་པ་དཔལ་འབར། དབུ་མཛད་དོན་གྲུབ་དཔལ་བ། རྗེ་བསྟན་འཛིན་གྲགས་པ། མཁས་མཆོག་མདོ་སྔགས་བསྟན་འཛིན། མང་ཐོས་དམ་ཆོས་བཟང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་སྣ་ཚོགས་རང་གྲོལ་ནས། ཐུགས་སྲས་ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་མན་འདྲ། ཉམས་འཁྲིད་དང་དེའི་ཡི་གེ་རྒྱལ་སྲས་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ལུང་གི་བརྒྱུད་པ་ནི། བཟང་པོ་རྒྱལ་མཚན་ཡན་གོང་ལྟར་ལ། བླ་མ་དཔལ་ལྡན་སངས་རྒྱས། རྗེ་དཔལ་ལྡན་སེང་གེ །སྔགས་འཆང་དཀོན་ཅོག་སྐྱབས། མངའ་རིས་པཎ་ཆེན་རིན་པོ་ཆེ།


GLG003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཤེས་རབ་རྒྱལ་མཚན། ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ། གངས་རི་བ་སྐྱེས་མཆོག་མི་ཕམ་མཆོག་ལས། གངས་རི་བ་རིན་ཅེན་དོན་གྲུབ་ཕུན་ཚོགས། གངས་རི་བ་སྤྲུལ་སྐུ་རིན་ཅེན་རྡོ་རྗེ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལ་ཉམས་འཁྲིད་སྨིན་རྒྱས་སུ་གནང་ཞིང་འཁྲིད་འདི་ལ་ཡིག་འབྲུ་བྱེ་བ་གཏོང་དགོས་པའི་དམ་བཅའ་དགོས་ཀྱི་འདུག་པ་ལྟར་རང་བྱོན་འཕགས་པའི་དྲུང་དུ་བླ་མ་མངའ་བདག་གི་འགྲོ་འདུལ་ཡིད་བཞིན་ནོར་བུའི་ལས་བྱང་ལ་བརྟེན་ནས་ལེགས་པར་སོང་བའི་སྐལ་བཟང་ཐོབ་བོ། །མ་གཅིག་དཔལ་ལྷ་རྗེས་གནང་གི་བརྒྱུད་པ་ནི། ཆུ་སྒོམ་ཞིག་པོ་ཡན་གོང་ལྟར་ལ། དེ་ནས་བླ་མ་དགེ་འདུན་དཔལ་བཟང་། རྗེ་སངས་རྒྱས་སེང་གེ །རྗེ་ཚུལ་ཁྲིམས་རྒྱལ་མཚན། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། རིགས་འཛིན་སངས་རྒྱས་བདེ་ཆེན། བྱ་ཚང་པ་རིན་ཅེན་དཔལ་འབྱོར། མཁས་གྲུབ་པདྨ་སངས་རྒྱས། རིགས་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མའི་སྔགས་པ་འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་བ་ལག་མཐིལ་དུ་པ་ཙ་ན་ཏི་ཟེར་བ་དང་། ཡང་སུ་ཏུ་ཁ་ཧི་ཟེར་བའི་རིགས་མི་གཅིག་པ་གཉིས་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། གྲུབ་ཐོབ་དངོས་གྲུབ་ནས་རིམ་པར། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །དགེ་བཤེས་དྲི་འཛིན་ཚེའི་གཏེར་ཆོས་ནི་མ་ཐོབ། །གྲུ་གུ་ཡང་ཝཾ་ནི་མདོ་ཁམས་སུ་སྐུ་འཁྲུངས་པའི་འཁྲུལ་མེད་ཀྱི་གཏེར་སྟོན་མཐུ་


GLG003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནུས་པའི་དབང་ཕྱུག་ཅིག་ཡིན་ཞིང་། དེ་ཡང་ཕྱི་ནང་ཀུན་གྱི་གཉེན་པོར་གྱུར་བའི་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་རཀྴ་ནག་པོ་ཞེས་བྱ་བ། དགྲ་སྲི་མཐའ་དག་གནོན་པའི་མན་ངག་ཟབ་མོ་མུ་སྟེགས་རྒྱུད་གསུམ་ནས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་བཏུས་ཏེ་འོམ་བུ་ཚལ་གྱི་བྲག་དམར་ལ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་གཏེར་སྟོན་ཆེན་པོ་དེས་སྤྱན་དྲངས་པའི་སྐོར་ལ། ཐོག་མར་གཏེར་གཞུང་གི་བཀའ་གཏད་ལ་ཆོས་རྒྱལ་མངྒའི་མཚན་ཅན་གྱིས་ལྗགས་བསྒྲིགས་སུ་མཛད་པའི་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་བརྟེན་ནས་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་དང་དབང་ཕྱུག་ཟླ་བ་ནག་པོའི་སྤུ་གྲི་གཉིས་ཀྱི་བཀའ་གཏད་ལེགས་པར་ཐོབ། བཀའ་གཏད་འདི་མ་ཐོབ་པར་ལས་སྦྱོར་བྱས་ན་ལྷ་འདྲེ་དྲེགས་པ་ཅན་རྣམས་ཀྱིས་རང་སྲོག་གཟན་ལྟར་མཐོང་ནས་བར་གཅོད་ཀྱི་དབང་དུ་འགྲོ་བར་བཤད་པས། སྔགས་འཆང་མཚན་ཉིད་དང་ལྡན་པ་ཅིག་བྱེད་ན་ཆོས་ཕྱིར་དུ་དཀའ་བ་ལེགས་པར་སྤྱོད་དགོས་སོ། །ལུང་གི་སྐོར་ལ། མ་ཡིག །བུ་ཡིག །ཉེར་མཁོ་ལྷན་ཐབས་དང་གསུམ། དང་པོ་ལ། ནང་གསེས་ཀྱི་ཐོག་མར་རྒྱ་བོད་ཀྱི་སྐད་ཤན་སྦྱར་ཏེ་བྲག་དམར་འོམ་བུར་གཏེར་སྦས་ཚུལ་དང་བཅས་ཏེ་ས་བཅད་དྲུག་སྔོན་དུ་བཏང་པའི་དགྲ་སྲི་མནན་ཐབས་མཇུག་ཏུ་བུ་ཡིག་སོ་སོར་གསལ་བའི་མཐའ་ཅན། དགྲ་བོ་བསྒྲལ་ཕྱིར་རླུང་འཁོར་བཅའ་བ་བུ་ཡིག་ཏུ་གསལ་བའི་མཐའ་ཅན། མཐུན་གཉིས་ནང་དཀྲུག་འབྱེད་ཐབས་དང་འགོམ་ཆོག་རྫས་རྒོད་ཟ་ཡིག་རྣམས་ཀྱི་རྩ་ཚིག་ཕྲད་ཤོག་གི་མཐའ་ཅན་ནོ། །གཉིས་པ་བུ་ཡིག་གི་སྐོར་ལ། འཇོམས་བྱེད་རྩལ་


GLG003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཉི་ཟླ་ནག་པོའི་མན་ངག །གསལ་བྱེད་གསེར་གྱི་འཕྲེང་བ་ཞེས་རིམ་ཆགས་སུ་ཡོད་པ་ལ་དགྲ་སྲི་གནོན་པའི་མན་ངག་གསལ་བྱེད་རཱུ་པ་བ་འདྲི་བའི་འཁོར་ལོ་དམིགས་པ་དབང་ཕྱུག་གི་སྔགས་དང་བཅས་པ་སྦས་བྱང་དུ་ཚང་བ། ནང་ལྟར་སྒྲུབ་པ་གཤིན་རྗེ་དམར་པོའི་ཏིང་འཛིན་སྔགས་དང་བཅས་པ་གསེར་སྲང་གང་གི་བཀའ་རྒྱ་མ། འཇོམས་བྱེད་ཀྱི་བསྟོད་པ་འཕྲིན་བཅོལ་བསྐལ་མེ་མ། དབང་ཕྱུག་གི་བསྟོད་པ་འཕྲིན་བཅོལ་མཚོན་ཆ་སྣ་ཚོགས་མ། མ་འོངས་དུས་མཐར་ལོག་སྤྱོད་འབྱུང་བའི་ལུང་བསྟན་དང་བསྟན་དགྲ་དར་བའི་དུས་སུ་མུ་སྟེགས་སྤུ་གྲིའི་རྒྱུད་གསུམ་ནས་པདྨ་བདག་གིས་བཏུས་ཚུལ། དགྲ་བྱང་བཟློག་ཕྱིར་འུར་རྡོ་དང་ཀོང་ཟོར་བཅའ་ཞིང་འཕེན་ཚུལ་རྣོ་མྱུར་ཐོག་འདྲའི་མན་ངག་གསེར་སྲང་གང་གི་བཀའ་རྒྱ་མ་མཇུག་ཏུ་སྦས་བྱང་ཕྲད་ཤོག་གི་མཐའ་ཅན། དགྲ་བོ་བསོད་ནམས་ཆུ་བཅད་པ་བཞིན་དུ་འགྲོ་བའི་འགོམ་ཆོག་སྐུ་གསུང་ཐུགས་ཀྱི་རྒྱ་ཅན་གནུབས་ཀྱི་མཆོད་རྟེན་ས་ཉལ་མ་ཞེས་གྲགས་པ་མཚོན་གྲིར་གསོད་ངེས་པ་གསེར་རང་ལུས་ཙམ་བྱིན་པའམ་རིགས་ཀྱི་བུ་ཡིན་ན་མ་གཏོགས་མི་སྟོན་པའི་བཀའ་རྒྱ་ཅན་སྦས་བྱང་གི་མཐའ་ཚང་བ། སྟག་སེང་ཁ་འཐབ་སྤོང་བ་ལ་མེད་དུ་མི་རུང་བ་ཡིག་རྒོད་གསུམ་གྱི་དཔེ་རིས་གྲིལ་ཐུམ་ཚེས་དུས་ཕྱོགས་རྣམས་སོ་སོར་བརྡ་སྤྲོད་སྦྱར་བ། དགྲ་དཔུང་འཇོམས་མཛད་ཉི་ཟླ་ནག་པོའི་དགྲ་མནན་རྒྱུད་ཁུངས་སོགས་ལིངྒ་ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་གཏོར་མ་བཤམས་མཚམས་བཅད་སྤང་བླང་ལ་བརྩོན་པར་བྱ་ཞེས་པའི་མཐར་ཐུག་པ། དེ་ནས་རང་ཉིད་དབང་ཕྱུག་ཆེན་པོར་བསམས་ཞེས་སོགས་དམོད་མོ་གྲུབ་རྟགས་རྣམས་བསྟན་པ་མུ་སྟེགས་ཟླ་བ་ནག་པོའི་སྤུ་


GLG003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གསེར་སྲང་གང་གི་བཀའ་རྒྱ་མ། འཇམ་དཔལ་དང་དབང་ཕྱུག་གཉིས་ཀྱི་བཀའ་གཏད་བྱ་ཚུལ་གསེར་སྲང་གང་གི་བཀའ་རྒྱ་མ། དགྲ་བོ་བློ་བུར་དུ་འབྱུང་བའམ་བྱད་ཁ་མཚོན་གྱི་འཇིགས་པ་སེལ་ཕྱིར་མུ་སྟེགས་དྲག་པོའི་སྔགས་རྒོད་གསུམ་གྱི་དགོས་བྱེད་བཞི་དང་ཕན་ཡོན་བསྟན་པ། དགྲ་བོ་བསྒྲལ་ཕྱིར་རླུང་འཁོར་བཅའ་བ་རྡོ་རྗེ་འཛིན་པའང་སྒྲོལ་བར་འགྱུར་པ། རྫས་རྒོད་ནག་པོ་གནམ་ལྕགས་སྤུ་གྲི་གང་ལ་བརྒྱབ་ཀྱང་ཐོག་རྡུག་མེད་པ་བུ་མིན་པ་གཞན་ལ་མི་སྟོན་པའི་བཀའ་རྒྱ་ཅན། མཐུན་གཉིས་ནང་དཀྲུག་མུ་སྟེགས་འབར་བའི་མཚོན་ཆ་མཇུག་ན། གཏེར་སྟོན་ཐུགས་ལ་འདྲིས་གྱིས་ལ༔ ཤོག་སེར་འབྱུང་བའི་ཡོས་ལ་བསྐུར༔ སོགས་ཀྱི་ཞལ་གདམས་ཡོད་པ། གཞུང་དེ་རྣམས་སུ་བསྐུངས་པའི་ཡི་གེ་གསལ་བྱེད་བརྡ་སྦྱོར་ཡང་ཡིག་གི་ཚུལ་ལ་ཡིག་རྒོད་ཀྱི་ཞལ་ཤེས་ཚེས་འགྱུར་དམིགས་གནད་སྟོན་པ། ཕོ་མོ་གཉིས་སྦྱོར་གྱི་བར་འཁོར་ཉི་ཟླ་གཡུང་དྲུང་རླུང་ལ་འཕྱར་བ་སོ་སོར་བྱེད་པའི་གནད། རྫས་རྒོད་སྣོད་ལ་སྦྱོར་བའི་ཡིག་རྒོད་དཀྲུགས་ཡིག་གསལ་བྱེད་ཤིན་ཏུ་གབ་པ་རྣམས་གཏེར་བྱོན། གསུམ་པ་ཉེར་མཁོ་ལྷན་ཐབས་ལ། མི་ཉག་བྱང་པ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ཕས་རྒོལ་འཇོམས་བྱེད་ཀྱི་མན་ངག་གྲུ་གུ་ཡང་ཝཾ་གི་གཏེར་ཐོས་ཚུལ་གྱི་གསན་ཡིག་ཉི་ཟླའི་འོད་ཟེར། དེས་མཛད་པའི་བརྒྱུད་འདེབས་འགྲོ་བའི་ཉི་མ། དེས་མཛད་པའི་སྒོམ་ལུང་འབོགས་པའི་ཆོ་ག་ཚ་གྲང་ཉི་ཟླའི་གདུང་སེལ། བཀའ་གཏད་དངོས་གཞི་མ་ཐོབ་ན་སྒྲུབ་པ་བྱེད་མཁན་ལ་འདི་མཛད་སྲོལ་ཡོད། དེས་མཛད་པའི་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག །དེས་མཛད་པའི་འཇོམས་བྱེད་རྩལ་ཆེན་མན་ངག་རྩ་སྡོམ་ཞལ་གདམས་ཚིགས་བཅད་མ། དེས་


GLG003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་འཇམ་དཔལ་གཤིན་རྗེ་རཀྴའི་ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད། དེས་མཛད་པའི་འཇོམས་བྱེད་རྩལ་ཆེན་གྱི་མན་ངག་ཉི་ཟླ་ནག་པོའི་སྨད་ལས་ཟངས་ལྕགས་ངར་མའི་དབལ་ཐོག །དེས་མཛད་པའི་མ་ཧཱ་དེ་ཝའི་ལས་བྱང་ཟླ་བ་ནག་པོའི་སྤུ་གྲི། རཏྣ་ཤ་རས་མཛད་པའི་ལྷ་ཆེན་མ་ཧཱ་ཤྭ་རའི་སྒོ་ནས་དགྲ་བོ་མནན་པའི་མན་ངག །འཁོར་ལོ་བཅའ་གཞིའི་དཔེའུ་རིས་ཞལ་ཤེས་ཕྱག་ལེན་དམར་འཁྲིད་ལན་གསུམ་གྱི་བར་དུ་དོགས་སེལ་བ་དང་བཅས་ཞུས་པ་རྣམས་ཀྱི་རྒྱུད་པ་ནི། སངས་རྒྱས་གཉིས་པ་པདྨ་འབྱུང་གནས། བདེ་ཆེན་ཡེ་ཤེས་བསྐྱེད་མཛད་མཁར་ཆེན་གཟའ། སྤྲུལ་པའི་གཏེར་སྟོན་གྲུ་གུ་ཡང་ཝཾ། བླ་མ་ཚུལ་ཁྲིམས་རྡོ་རྗེ། བལ་པོ་རིན་ཅེན་རྒྱལ་མཚན། སྟོན་ཆུང་གྲགས་དབང་། སྔགས་འཆང་ཚུལ་ཁྲིམས་འབྱུང་གནས། བླ་མ་དབང་ཕྱུག་རྡོ་རྗེ། ནུས་ལྡན་རིན་ཅེནསེང་གེ །རིགས་འཛིན་མི་བསྐྱོད་རྡོ་རྗེ། ནགས་ཕུ་པ་རིན་ཅེན་བཟང་པོ། ཏྲེ་བོ་ཆོས་བཟང་། རོང་པོ་སེང་གེ་རྡོ་རྗེ། ཕ་ཇོ་འཇིགས་བྱེད་ནག་པོ། སྔགས་འཆང་འཇམ་དཔལ་རྒྱ་མཚོ། མཚུངས་མེད་སངས་རྒྱས་རྒྱལ་མཚན། རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་རིན་ཅེན་དབང་ཕྱུག །མཐུ་ཆེན་མདོ་སྡེ་རྒྱ་མཚོ། རྗེ་པདྨ་དབང་ཕྱུག །གྲུབ་བརྙེས་བཀྲ་ཤིས་དབང་ཕྱུག །ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ཟ་ཧོར་སྔགས་སྨྱོན་གྱི་མཚོན་ཆར་གདམས་པ་ཡིན་ནོ། །འདིའི་འཁོར་ལོའི་སྐོར་གྱི་ཕྱག་ལེན་ཤིན་ཏུ་ཟབ་པ་འགའ་ཞིག་གི་ལག་འཁྲིད་ནི། རིགས་འཛིན་ངག་གི་དབང་པོ་ནས་གྲུ་གུ་ཡང་


GLG003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་གི་གདུང་འཛིན་སྔགས་འཆང་དོན་གྲུབ་བཀྲ་ཤིས། དེ་ལ་ཁོ་བོས་ཐོས་སོ། །རྗེས་འབྲང་མང་པོས་གསུང་རྒྱུན་མ་ཟིན་པའི་འབྲུ་བཤད་དང་ཕྱག་ལེན་དཔྱད་མི་བཟོད་པ་ཁ་ཡར་འདུག་པ་འདི་སྐོར་གྱིས་བཀའ་གཏད་དང་ལུང་རྣམས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེར་ཕར་ཕུལ་སྐབས་ཕྱག་ལེན་ཁུངས་ཐུབ་བཞུགས་འདུག་པ་མཐོང་ནས། ཞལ་ཤེས་དམར་འཁྲིད་ཀྱིས་མཛུབ་ཚུགས་འཁྲུལ་མེད་དུ་ནོས་པའི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། བྲག་ལ་སྔགས་འཆང་དོན་གྲུབ་རྒྱལ་མཚན། སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས། དེས་བདག་ལའོ། །གསོལ་འདེབས་ལས། ནམ་མཁའ་སྙིང་པོའི་སྤྲུལ་པ་དཔལ་རྒྱལ་མཚན། ཉི་ཟླ་སངས་རྒྱས་ཟླ་ནག་གཟི་བརྗིད་འབར། ལྷོ་ཡི་བནྡེ་རོག་བན་འབོག་པོ་དང་། སར་སྟོན་ཕྱོགས་མེད་ཅེས་རྣམས་ལ་གསོལ་བ་འདེབས། ཞེས་པའི་གཏེར་སྟོན་བྱང་ཆུབ་གླིང་པའམ་དཔལ་རྒྱལ་མཚན་དུ་གྲགས་པ་ནི། སྤྲུལ་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་མོན་གྱི་བྲག་མཐའ་ཕྲ་མོ་ཆུ་ཕུག་དཔལ་གྱི་ཕུག་རིང་ལྷ་མོ་ལཱ་སྱེ་གར་བྱེད་པ་འདྲ་བའི་གསང་གནས་ནས། སྤྱན་དྲངས་པའི་ལམ་ཡིག་དོན་བྱང་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡས་རུ་ཆུ་ཀླུང་འབབ་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མཚོ་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁར་ལ་སྙིགས་མའི་དུས༔ རང་གཏེར་བླངས་ནས་འགྲོ་དོན་བྱེད༔ གསང་སྔགས་དར་ལ་མ་སྨིན་དུས༔ སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤིག་བོད་འབངས་ཀུན༔ ཞེས་གསུངས་པ་ལྟར་གནུབས་ཀྱི་


GLG003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ནམ་མཁའི་སྙིང་པོ་ཞེས་དཔལ་ཡང་དག་གི་གྲུབ་པ་བརྙེས་ནས་རྒྱ་གར་ནས་བོད་ལ་ཞག་གཅིག་ལ་བྱོན་ཉི་ཟེར་ལ་ཆིབས་པ་སོགས་དཔག་པར་དཀའ་བའི་རྫུ་འཕྲུལ་མངའ་བ་གང་དེའི་རྣམ་སྤྲུལ་གཏེར་སྟོན་ཆེན་པོ་དཔལ་རྒྱལ་མཚན་གྱིས་དཔལ་མོའི་དཔལ་ཐང་གི་བྱ་མང་པོའི་previous hit ཕུག་པ་ནས་ཆོསརྒྱལ next hit་མྱ་ངན་མེད་ཀྱིས་སྐུ་གསུང་ཐུགས་རྟེན་བྱེ་བ་གཅིག་བཞེངས་པའི་རྡོ་རྗེ་བཅུ་གཅིག་པ་མཐོང་གྲོལ་གནམ་ལྕགས་རྡོ་རྗེ་དང་ལྷན་ཅིག་ཏུ་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཆོས་སྐོར་སྤྱན་དྲངས་པ་ལ་དབང་ཆོག་རིན་ཅེན་བུམ་བཟང་གི་སྟེང་ནས་སྟ་གོན་སྔོན་དུ་འགྲོ་བའི་རིགས་པའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། གསང་དབང་ཤེས་རབ་ཡེ་ཤེས། སྤྲོས་བྲལ་ཚིག་དབང་། མཐའ་རྟེན་རྗེས་གནང་གི་རིམ་པ་དང་བཅས་པ། དབང་ཆོག་༼༽དངོས་གྲུབ་རྒྱུན་འབྱུང་གི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཀུན་བཟང་སོགས་ཞི་བ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་དང་ཕན་པའི་དབང་བཅུ་ཡན་གྱི་རྫས་དབང་། ཁྲོ་བོ་ཡང་དག་གི་བྷནྡྷ། ལྷ་སྐུ། ཙིཏྟ། མར་མེ། དབུ་རྒྱན། བུམ་པ། ཕྱག་མཚན། དུར་ཁྲོད་དང་དཔལ་གྱི་ཆས་དབང་། སྔགས་དབང་། སྲས་མཆོག་ཕུར་པའི་གཙོ་བོ་ཁྲོ་བཅུ་ཕྲ་ཕྱག །རྫས་དབང་། ལས་སྦྱོར་གྱི་དབང་། གསང་དབང་། ཤེར་དབང་། དབང་བཞི་པ་དང་བཅས་པ། སྲོག་དབང་གི་ཡི་གེ་དངོས་སུ་མེད་ཀྱང་རཀྵ་༼༽མ་ཧཱ་ཀ་ལ་དང་ལྷ་མོ་རང་བྱུང་རྒྱལ་མོ་གཉིས་ཀྱི་གཏོར་མ་མགོ་བོར་འཇོག་པའི་དབང་། སྲོག་༼༽བདག་སྤུ་གྲི་རྣམ་གསུམ། རྡོར་ལེགས་༼༽གཙོ་བོར་གྱུར་པའི་གིང་སྤུ་གྲི་རེག་གཅོད་གཙོ་འཁོར་རྣམས་ཀྱི་གཏོར་མ་ལག་གཏོད་ཀྱི་བཀའ་གཏད། གསང་བའི་བདག་པོ་གནོད་སྦྱིན་


GLG003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེའི་སྐུ། སྒྲུབ་ཐབས་སྔགས་འཕྲེང་ཕྱག་མཚན་ལ་བརྟེན་པའི་དབང་གུ་རུ་དྲག་པོ་༼༽རྩལ་གྱི་ཏིང་ངེ་འཛིན་གྱི་བུམ་གསང་ཤེས་རབ་རིག་པའི་རྩལ་དབང་དང་བཅས་པ་རྣམས་ལེགས་པར་ཐོབ། རྒྱབ་རྟེན་ལུང་གི་སྐོར་ནི། ཐེམས་བྱང་གསལ་སྒྲོན་ལས་ནམ་མཁའི་སྙིང་པོས་གསོལ་བ། མ་ཧཱ་གུ་རུ་ཆེན་པོ་ལགས༔ མ་འོངས་སྙིགས་མའི་དུས་དག་ཏུ༔ ཡང་རབ་སྐལ་ལྡན་དོན་གྱི་ཕྱིར༔ བདུད་རྩི་ལྟ་བུ་ཐུགས་ཀྱི་བཅུད༔ འཁོར་བའི་ནད་སེལ་བདུད་རྩི་སྨན༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ མ་རིག་མུན་སེལ་འོད་པོ་ཆེ༔ དམ་ཆོས་སྒྲོལ་མ་རྣམ་དྲུག་གནང་༔ མ་འོངས་བསྟན་པའི་བཙས་སུ་འཇོག༔ ལས་ཅན་བུ་ཡི་རྗེས་མཇུག་ཏུ༔ རྨོངས་པ་གཏུམ་པོ་ལོག་ཤེས་ཅན༔ ཡང་དག་དོན་གྱི་བློ་མེད་པས༔ ཚིག་ལ་དབྲི་བསྣན་མི་བྱེད་དམ༔ དོན་ལ་རྨོངས་པར་མི་འགྱུར་རམ༔ དམ་ཆོས་བདུད་རྩི་ལྟ་བུ་ལ༔ ཚོང་འདུས་འོ་མ་ལྟར་བསླད་ན། ཕུང་བྱེད་གཉིས་ཀ་བསྲེགས་འགྱུར་པས༔ ཐེམས་བྱང་གསལ་བའི་མན་ངག་ཞུ༔ ཞེས་གསུངས་པ་ལྟར། སྤྱི་ཚོམ། ནང་གཏེར་རྭ་སྐོར། ལྟེ་སྐོར། ལྟེ་སྐོར་གྱི་ཆིངས། རྭ་ཕྲག་གི་སྐོར་དང་ལྔ། དང་པོ་ལ། གཏེར་ཆེན་གདན་འདྲེན་པའི་ལམ་ཡིག་གསུམ་ནི་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱིས་ཆུ་མོ་ཕུག་ནས་བཏོན་པའི་དོན་བྱང་གསལ་བའི་མེ་ལོང་ཁ་བྱང་དང་སྙིང་བྱང་གཉིས་དབུ་ཞབས་སུ་ཚང་བ། དེའི་ལེ་ལག་གཏེར་ཁ་སྔ་ཕྱི་ལུང་བསྟན་གུང་མཐུན་པ་ལྟར་བཀའ་འགྲོལ་གསོལ་བཏབ་ཀྱི་ཞུ་ཡིག་བླ་མ་ཤཱཀྱ་དཔལ་པས་མཛད་པ། གཉིས་པ་ནང་གཏེར་རྭ་སྐོར་ལ། སྤྱིར་དགོས་པ་དང་། སྒོས་ཀྱི་གཞུང་གཉིས། དང་པོ་ལ། གསུམ་ཡོད་པའི་ལག་ལེན་དམར་བྱང་འོག་ཏུ་བསྟན་ནས། ཞུ་ལན་གསལ་བའི་སྒྲོན་མ་ཞེས་པ་ཨོ་རྒྱན་ཆེན་པོ་ལ་གནུབས་


GLG003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོས་ཞུས་པ་སྦས་བྱང་དུ་ཚང་པ། གཏེར་སྟོན་ལ་གདམས་པ་གནད་ཀྱི་ཞལ་གདམས་ཞེས་བྱ་བ་སྦས་བྱང་དུ་ཚང་བའོ། །གཉིས་པ་སྒོས་ཀྱི་གཞུང་ལ། བླ་སྒྲུབ་བྱིན་རླབས་ཀྱི་སྒྲོན་མ། ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ། རྫོགས་ཆེན་རང་ལུགས་ལྟ་བའི་སྒྲོན་མ། བཀའ་བརྒྱུད་གསལ་བྱེད་ཐེག་པའི་སྒྲོན་མ། འཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ། དྲག་སྔགས་བསྟན་སྲུང་སྒྲོན་མེ་དང་དྲུག །དང་པོ་ལ་བླ་མ་ཀུན་འདུས་ཀྱི་རྒྱུད་ཅེས་པ་ལེའུ་བཅུ་དྲུག་པ་བརྒྱུད་ཚུལ་གཏད་རྒྱ་མཐའ་རྟེན་རྫོགས་བྱང་དུ་ཚང་བ་འཁོར་ལོ་པདྨ་རྡོ་རྗེའི་རྒྱ་ཅན། ཕྱི་སྒྲུབ་དག་སྣང་སྐྱེད་བྱེད་ཅེས་གླེང་གཞི་སྔོན་དུ་འགྲོ་བས་ཕྱི་རྒྱུད་སྡེ་གསུམ་ལྟར་བླ་མ་སྒྲུབ་པ་ལས་ཅན་ལ་ཕྲད་ཤོག་གྱི་མཐར་ཚང་བ། ནང་སྒྲུབ་དབང་གི་ངོ་སྤྲོད་ཅེས་པ་གསང་སྔགས་ལྟར་བླ་མ་སྒྲུབ་ཐབས་ཐུགས་སྤྲུལ་ལ་ཕྲད་ཤོག་གི་མཐར་ཚང་བ། གསང་སྒྲུབ་བླ་མའི་དོན་འཁྲིད་ཅེས་པ་བླ་མ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་སྒྲུབ་ཐབས་ཕྲད་ཤོག་སྨོན་ལམ་གྱི་མཐར་ཚང་པ། དབྱེར་མེད་སྐུ་བཞིའི་སྒྲུབ་པ་ཞེས་པ་གུ་རུ་ཟ་ཧོར་མ་གཡོན་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཕྱོགས་བཞིར་རིགས་བཞི་མཚམས་བཞིར་གསང་ཡུམ་བཞི་རྣམས་དང་བཅས་པའི་སྒྲུབ་ཐབས་གཟུགས་སྐུས་འགྲོ་དོན་བྱེད་པའི་མཐའ་ཅན། ལས་ཚོགས་ཐུགས་རྗེ་འཕྲིན་ལས་ཞེས་པ་བླ་མའི་རིགས་དྲུག་གི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་ཐབས་སྨོན་ལམ་མཐར་ཚང་བ། བྱིན་རླབས་དངོས་གྲུབ་སྒྲུབ་པ་ཞེས་པ་སྒྲུབ་ཐབས་གོང་མ་རྣམས་ཀྱི་ཁ་སྐོང་དུ་བླ་མ་མཆོད་པའི་རིམ་པར་རང་བྱིན་རླབས་ཞུ་བ་སློབ་བུ་བྱིན་གྱིས་བརླབ་པ། གྲུབ་མཐའ་བླ་མའི་ངོ་སྤྲོད་


GLG003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་མཁའ་འགྲོ་གཏད་རྒྱ་མཐར་ཚང་བ། དབང་ཆོག་རིན་ཅེན་བུམ་བཟང་ཞེས་པ་སྨིན་བྱེད་རབ་འབྱམས་བཀའ་དབང་གནད་ཡིག་སྦས་བྱང་དུ་ཚང་བ། གུ་རུའི་ལས་བྱང་ཡིད་བཞིན་ནོར་བུ་ཞེས་པ་གུ་རུ་རིགས་ལྔ་སོགས་ལྷ་སོ་བདུན་གྱི་དཀྱིལ་འཁོར་ཆོ་ག་སྦས་བྱང་དུ་ཚང་བ། སྦྱིན་སྲེག་ཡེ་ཤེས་རང་འབར་ཞེས་པ་ཞི་རྒྱས་དབང་དྲག་ཡོངས་རྫོགས་ལྷུན་གྲུབ་ལྔའི་ལག་ལེན་རྫོགས་བྱང་དུ་ཚང་བ། དངོས་གྲུབ་རྒྱུན་གྱི་སྦྱིན་སྲེག་གམ་མཁའ་འགྲོ་གསང་བའམ་ཁ་སྐོང་སྒྲུབ་པའི་སྦྱིན་སྲེག་ཅེས་པ་བླ་མ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་སྡེ་བཞི་ལ་བརྟེན་པ་སྦས་བྱང་དུ་ཚང་བ། གཤིན་དོན་ཐུགས་རྗེའི་ལྕགས་ཀྱུའམ་རིགས་དྲུག་གི་སྒྲིབ་སྦྱོང་ཐུགས་རྗེའི་ཆུ་རྒྱུན་ནམ་ཐུགས་རྗེ་ཡོངས་རྫོགས་རང་གནས་ཞེས་པ་འདྲེན་སྦྱོང་གནས་སྤོར་སོགས་སྨོན་ལམ་མཐར་ཚང་བ། རོ་སྲེག་དུག་གསུམ་མུན་སེལ་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ། ཚེ་འདས་ལ་ཟས་གོས་གཏོད་པ་ཚད་མེད་བཞི་ལྡན་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ། གྲི་འགྲོལ་གསང་བའི་མན་ངག་ཅེས་པ་གྲིར་ཤི་བའི་བག་ཆགས་ལས་འགྲོལ་བར་བྱེད་པའི་ཐབས་སྦས་བྱང་དུ་ཚང་བ། སྦུབས་བཤིག་ལོག་པ་མཐའ་སེལ་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ་རྣམས་སོ། །གཉིས་པ་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ་ལ། ཀུན་བཟང་དོན་གྱི་སྒྲུབ་ཐབས་གསང་བའི་མན་ངག་དོན་གསུམ་ཞེས་པ་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པ་སྣོད་ལྡན་ལས་ཅན་གྱི་སློབ་བུ་ལུང་བསྟན་གྱི་མཐའ་ཚང་བ། དབང་ཆོག་དངོས་གྲུབ་རྒྱུན་འབྱུང་ཞེས་པ་ཡང་དག་ཞི་ཁྲོ་ཕུར་གསུམ་སྦྲགས་པའི་ཕན་ནུས་རོལ་པའི་དབང་སྦས་བྱང་གི་མཐའ་ཚང་བ། མཆོག་


GLG003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གསུམ་གྱི་ཕྱག་ལེན་ཞེས་པ་དབང་གི་ཆུ་རྒྱུན་མ་ཉམས་པའི་ངེས་བྱེད་དབང་རྫས་རིལ་བུའི་ལོ་རྒྱུས་དང་བཅས་པ་མཚན་བྱང་བརྡ་ཡིག་གི་མཐའ་ཚང་བ། ཁ་སྐོང་འཕྲིན་ལས་ཀྱི་ལས་བྱང་ཞེས་པ་སངས་རྒྱས་ཚེ་འདིར་སྟེར་བྱེད་གུ་རུའི་གསུང་བཞིན་ནམ་མཁའི་སྙིང་པོས་བཀོད་པ་བརྡ་ཡིག་གི་མཐའ་ཚང་བ། བཟླས་བརྗོད་བསྙེན་པའི་རིམ་པ་ཞེས་དཔལ་ཆེན་པོ་ཐིག་ལེ་ཡེ་ཤེས་གཅིག་པའི་སྒོམ་བྱང་བསྙེན་པའི་མན་ངག་རུ་ལུ་བཟླས་པའི་འཕྲེང་བ་སྦས་བྱང་བསྔགས་བརྗོད་ཀྱི་མཐའ་ཚང་བ། སྒྲུབ་བྱང་དངོས་གྲུབ་གཏེར་ཆེན་ཞེས་པ་ལས་ཅན་དང་ཕྲད་ཤོག་མཐར་ཚང་བ། བདུད་རྩི་སྨན་སྒྲུབ་ནད་སེལ་བདུད་རྩི་ཞེས་པ་ཁྲོལ་བུ་ཕྱེ་མ་རིལ་བུར་སྒྲུབ་ཐབས་དངོས་གྲུབ་བསྐུལ་བླངས་སོགས་ལུང་ཕྱག་ལེན་བར་མ་ཆད་པའི་གཏན་ཚིགས་སྨོན་ལམ་གྱི་མཐར་ཚང་བ། བམ་སྒྲུབ་དངོས་གྲུབ་རྒྱ་མཚོའི་དངོས་གྲུབ་བམ་གྱི་སྒྲུབ་ལུགས་བརྡ་ཡིག་སྦས་བྱང་གི་མཐའ་ཚང་བ། ཚེ་སྒྲུབ་ཡང་གསང་འཆི་མེད་སྒྲུབ་པའམ་ཚེ་སྒྲུབ་གསང་བ་ཡང་འཁོལ་ཞེས་པ་ཚེའི་བཅུད་ལེན་རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི་སྦྱར་ཐབས་དངོས་བཞི་ཚེ་དཔག་མེད་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་སྒྲུབ་པའི་ཆོ་ག་དབང་ཟ་ཚུལ་ཕན་ཡོན་བཅས་པ་དང་། ཨཱ་ལུ་ནང་ལྟར་ཉམས་སུ་བླང་ཐབས་ཡང་གསང་བླ་མེད་ཞར་བྱུང་རྩ་རླུང་ཚེ་སྒྲུབ་སོགས་བརྡ་ཡིག་གི་མཚན་བྱང་མཐར་ཚང་བ། རྒྱུད་དྲུག་གྲོལ་མཛད་ཡེ་ཤེས་རང་གནས་སམ་ཁམས་གསུམ་ཡོངས་སྒྲོལ་རིགས་དྲུག་འདྲེན་པའི་ཆོ་ག་ཞེས་བྱ་བ་བརྡ་ཡིག་གི་མཚན་བྱང་མཐར་ཚང་བ། སྦྱིན་སྲེག་འཕྲིན་ལས་ལྷུན་གྲུབ་ཅེས་པ་ཁ་སྐོང་འཕྲིན་ལས་བཞི་ཕྱི་ནང་གསང་བ་མཆོག་གི་སྦྱིན་སྲེག་སོགས་སྦས་བྱང་དུ་ཚང་བ་ཞར་བྱུང་ཕུང་


GLG003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྲེག་སྦྱང་དང་བཅས་པ། ཆོས་སྤྱོད་རྒྱུན་གྱི་ལམ་འཁྱེར་སྐོར་ལ་ཙིཏྟ་ཆོས་སྐུའི་གཟུགས་མཚོན་གདབ་པའི་མན་ངག་གཏེར་རྩལ་གྱི་མཐའ་ཚང་བ། སྐོར་བ་ཆུ་སྦྱིན་གཏོར་མ་རྣམས་སོ་སོའི་མཐའ་ཚང་བ། བསྲུང་བཟློག་སྒྲུབ་པ། གནམ་ལྕགས་མེ་འབར་ཞེས་པ་ཨོ་རྒྱན་དྷུ་མ་ཐ་ལའི་གཙུག་ལག་བརྒྱུད་ཀྱི་གུ་ཡ་ཨུ་པ་དེ་ཤ །དཔལ་ཡང་དག་ཡང་གསང་ཐུགས་སྒྲུབ་སངས་རྒྱས་ལག་བཅངས་ཞེས་པའམ་སངས་རྒྱས་ལག་བཅངས་གསང་བའི་སྒྲུབ་ཐབས་ཞེས་གཏེར་རྩལ་བརྡ་ཡིག་མཐར་ཚང་བ། འབྲུ་བརྒྱད་ཉམས་ལེན་རུ་ལུའི་བརྗེད་བྱང་ཞེས་པ་ནམ་མཁའི་སྙིང་པོས་ཡི་གེར་བཀོད་དེ་སྐལ་ལྡན་གྱི་བཙས་སུ་བཞག་པ། དགོངས་ཉམས་དབྱངས་དྲུག་གི་རིམ་པ་གནུབས་ནམ་མཁའི་སྙིང་པོའི་བུའི་དོན་དུ་བཀོད་པ། ཡང་དག་གསང་འགྲེལ་བཀྲ་ཤིས་རྣམས་སོ། །གསུམ་པ་རྫོགས་ཆེན་རང་ལུགས་ལྟ་བའི་སྒྲོན་མ་ལ་རང་གྲོལ་རྩ་བའི་རྒྱུད་དམ་སངས་རྒྱས་ཀྱི་ཡེ་ཤེས་དང་དབྱིངས་སྙིང་པོ་གཅིག་དང་ཐ་དད་ལས་གྲོལ་བ་ཞེས་བྱ་བའི་རྒྱུད་རྫོགས་བྱང་གི་མཐར་ཚང་བ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་པའི་རྒྱུད་རྫོགས་བྱང་གི་མཐར་ཚང་བ། ཐུགས་རྗེ་གསང་རྒྱུད་དམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ཅེས་པ་རྫོགས་བྱང་མཐར་ཚང་བ། ཡིག་དྲུག་གནད་ཀྱི་ལག་ལེན་ཞེས་བྱ་བ་དོན་གསལ་རྒྱུད་ཀྱི་སྙིང་པོ་ཐེམས་མེད་དང་དྲུག །གསང་བ་འཁོར་ལོའི་ཡི་གེ་སོ་སོའི་དག་བྱེད་དང་བཅས་པ། རྫོགས་ཆེན་ཀུན་འདུས་གསང་བའི་མན་ངག་ཅེས་པ་དོན་བཅུ་བདུན་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་སློབ་དཔོན་པདྨ་སཾ་བྷ་ཝ་དང་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ། རྫོགས་པ་ཆེན་པོ་དོན་གྱི་ངོ་སྤྲོད་རིག་པའི་རྩ་དབང་ཞེས་པ་ལས་ཅན་གྱི་སློབ་དཔོན་གཉིས་ཀྱི་ལུང་བསྟན་དང་བཅས་པ་རྫོགས་


GLG003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གནས་ལུགས་ངོ་སྤྲོད་གསལ་བའི་མེ་ལོང་རྣལ་འབྱོར་ཉམས་ཀྱི་རིམ་པ་ཞེས་སློབ་དཔོན་པདྨས་གནུབས་ནམ་སྙིང་ལ་གདམས་པ། རྫོགས་པ་ཆེན་པོ་ཏིང་ངེ་འཛིན་གྱི་རིམ་པ་སྤྲ་འཁྲིད་མན་ངག་ཅེས་པ་ཡེ་ཤེས་གསལ་བའི་མན་ངག་གཏེར་བདག་ལ་བཅོལ་དམ་གྱིས་མཐའ་ཚང་བ། རྫོགས་པ་ཆེན་པོ་བསམ་གཏན་ཉམས་ཀྱི་སྒྲོན་མ་ཞེས་པ་ཤྲཱི་སིངྷི་དང་པདྨ་སཾ་བྷ་ཝས་བསྒྱུར་བ། རྣལ་འབྱོར་ཆ་རྐྱེན་གནད་གདམས་དོན་གསུམ་མ་ཞེས་བྱ་བ་རྣམས་སོ། །བཞི་པ་བཀའ་རྒྱུད་སྡེ་གསལ་བྱེད་ཐེག་པའི་སྒྲོན་མ་ལ། རྣལ་འབྱོར་ལམ་རིམ་ཐེག་པ་གསལ་བྱེད་ཅེས་བྱ་བ་ཐེག་པའི་རིམ་པ་གསལ་བར་བསྟན་པ། དབང་བཞིའི་ཉམས་ལེན་བདུད་རྩིའི་ཆུ་རྒྱུན་ཞེས་པ་བསྐྱེད་རིམ་སྔགས་དང་བཅས་པ་གཞི་ལམ་སྦྱང་བའི་མན་ངག་བུམ་གསང་ཤེས་རབ་ཡེ་ཤེས་གསུམ་གྱི་ཉམས་ལེན་ཚང་བ། རྒྱུད་དོན་གསལ་བྱེད་རྣལ་འབྱོར་ལམ་རིམ་ཞེས་བྱ་བ་ལྟ་སྤྱོད་མན་ངག་བསྟན་པ་སྦས་བྱང་དུ་ཚང་བ་རྣམས་སོ། །ལྔ་པ་འཕྲིན་ལས་ཡོངས་རྫོགས་ཐུགས་རྗེ་སྒྲོན་མ་ནི། ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་པ་གང་དུ་བྱ་བའི་དུས་གནས་སོ་སོའི་སྔོན་འགྲོ་ཡོ་བྱད་ཀྱི་གཤོམ་དངོས་གཞི་དམ་བདར་འཕྲིན་བཅོལ། རྗེས་ཀྱི་བྱ་བ་ཚར་བཅད་ཕན་ཡོན་སྦས་བྱང་དུ་ཚང་བ། དེའི་ཆ་ལག་ཏུ་དགོས་པ་བྱང་བདག་དབང་པོའི་སྡེས་མཛད་པའི་སློབ་དཔོན་པདྨའི་ཕྱག་མཚན་གནམ་ལྕགས་རྡོ་རྗེའི་བཀའ་འགྲོལ་བྱིན་རླབས་རབ་གནས་མངའ་གསོལ་སྨོན་ལམ་དང་བཅས་པ་ཀུན་བཟང་དགོངས་བཅུད་རྩ་མཚན་རྣམས་སོ། །བཀའ་ནན་རབ་བརྗིད་འདིའི་ཕྱག་ལེན་བོད་འབངས་བདེ་ཐབས་སུ་དམིགས་ཏེ་ཁོ་བོས་བསམ་ཡས་ཧལ་པོ་རིར་ལན་གཉིས་དང་


GLG003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་ལའི་ལ་ཁར་གཅིག་སྟེ་ལན་གསུམ་དུ་བགྱིས་པ་ཡིན་ནོ། །དྲུག་པ་དྲག་སྔགས་བསྟན་སྲུང་སྒྲོན་མ་ལ། རཀྴ་མ་ཧཱ་ཀཱ་ལའི་སྙིང་སྒྲུབ་ཀྱི་སྒྲུབ་པར་ནང་གསེས་ཀྱི་སྔོན་བྱུང་། སྒྲུབ་པ་དངོས། དྲག་པོའི་ལས་སྦྱོར་ཤིནྟཾ་གརྦྷའི་མན་ངག །སྤོགས་ཆོག་སོགས་སྔགས་བདུན་གྱི་གསལ་བྱེད་ཤིནྟཾ་གརྦྷའི་འཕྲེང་བསྡེབས་མན་ངག་གདམས་པ། རང་རྒྱུད་པའི་ལས་མགོན་ཟིལ་གྱི་གནོན་པ། དམ་ཚིག་སོགས་བརྡ་ཡིག་སྦས་བྱང་གི་མཐའ་ཚང་བ། དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་བསྒྲུབ་ཐབས་ཞེས་པར་རོ་ཁ་མ། ནམ་གྲུ་མ་ཙ་མུནྡྲི། སྲིན་མོ་ཅེ་སྤྱང་མ་བདུན་སོགས་གཙོ་འཁོར་བཅུ་གཅིག་གི་སྦྲགས་སྒྲུབ། བསྟོད་བསྐུལ་དོན་དམ་ཆོས་དབྱིངས་མཐུན་བསྐུལ་བཞེངས་ཤིག་མ་དེང་བཅས་པ་རྣམས་གཏེར་རྩལ་གྱི་མཐའ་ཚང་བ། སྲོག་བདག་སྤུ་གྲི་རྣམ་གསུམ་གྱི་སྒྲུབ་པའི་ནང་གསེས་ལ། དམ་ལ་བཏགས་ཚུལ། རྟེན་བཅའ་བ། བོད་པ། རྦད་བསྐུལ། གསད་པ། བཀའ་ནན་དང་བཅས་པ་གནུབས་ནམ་མཁའི་སྙིང་པོས་གཏེར་རྩལ་ལས་ཅན་སྤྲུལ་པའི་བུ་ལ་གཅེས་གདམས་ཀྱི་མཐའ་ཚང་བ། གིང་སྤུ་གྲི་རེག་ཆོད་ཀྱི་སྒྲུབ་ཐབས་ཞེས་པ་གཙོ་བོ་རྡོ་རྗེ་ལེགས་པ་ལྗང་ནག །ནང་བློན་གཤོག་རྒོད་འབར་བ། གཙང་བུ་ལྷ་རྗེ། གནམ་ཐེ་དཀར་པོ། དབུ་བཙན་རྡོ་རྗེ་བསེ་ཏོ་བཞི། ནག་པོ་སྙིང་འཕྲོག །རཀྴ་ཁ་འབར་འཐོམས་པ་ཤ་ཟན་སོགས་ལས་བྱེད་མོན་པ་གསུམ། སྲིང་གཅིག་ཤ་མེད་གངས་དཀར་མ་སོགས་གཙོ་འཁོར་དགུའི་རྟེན་བཤམས་བོད་པ། དྲག་པོ་གསང་བའི་ལས། ལོ་ཏོག་གཞོམ་པ། བདུད་སྔགས་དམོད་པ་དང་བཅས་པ། དེ་དང་འབྲེལ་བའི་བསྟོད་བསྐུལ་བྷྱོ་བྷྱོ་དེ་ནི་མ། གིང་གི་བླ་སྔགས། དམ་ཚིག །རྡོ་རྗེ་ལེགས་པ་གསང་བ་དམ་ཚིག་


GLG003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་དང་ཕན་ཡོན། སྒྲུབ་ཐབས་ཀྱི་ཆེ་བའི་ཡོན་ཏན་བསྟེན་ཐབས་སོགས་སྦ་བྱང་གི་མཐའ་ཚང་བ། ཞར་བྱུང་འབྱུང་པོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་དང་བཅས་པ་རྣམས་སོ། །རྭ་སྐོར་གྱི་ཁྲོད་དུ་དོན་གྱིས་ཚང་བ་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཐེམས་བྱང་གསལ་བའི་སྒྲོན་མེ་སྤྱིའི་ཚོམས་གསུམ་དང་ཁྲིགས་མེད་ཤོག་དྲིལ་ཐེམས་བྱང་སོགས་གསེར་གྱིས་དྲིས་ཏེ་རབ་ཏུ་སྦ་བའི་དམ་ཚིག་གི་མཐའ་ཅན་ནོ། །རྩ་བའི་ས་གཅད་གསུམ་པ་ལྟེ་སྐོར་ལ། ཐུགས་གཏེར་གྱི་ཁ་བྱང་ལག་ལེན་དམར་བྱང་ཞེས་པ་ལ་ནང་གསེས་ཀྱི་སློབ་དཔོན་པདྨའི་ཕྱག་མཚན་རྡོ་རྗེ་རྩེ་དགུའི་རྣམ་ཐར། བྲམ་ཟེ་དྲི་མེད་སྙིང་པོའི་ལོ་རྒྱུས་དང་། སྐུ་ཤའི་ཕན་ཡོན། རྡོ་རྗེ་གཡུ་སྒྲོན་མ་དམ་ལ་བཏགས་ཚུལ། ཕྱག་མཚན་གྱི་ཕན་ཡོན་ཆེ་བརྗོད། སྒྲོན་དྲུག་རྭ་སྤྲག་གཏེར་སྐོར་དབང་རྫས་རིལ་བུ་སྐྱེ་བདུན་ཤ་རིལ་དང་བཅས་པའི་ཞལ་གདམས་ཕྱི་སྒྲིབ་སྦྱོང་རྫས་ཀྱི་རིལ་བུ་སྒྲུབ་པའི་ལག་ལེན། རང་གི་ལུས་ལས་བྱུང་བའི་ཟག་པས་ཡི་དྭགས་ཀྱི་ཚོགས་ཚིམ་པར་བྱ་བའི་ཐབས་སོགས་བརྡ་ཡིག་སྦས་བྱང་མཐར་ཚང་བ། མཁའ་འགྲོ་གསང་སྒྲུབ་ཅེས་པའི་ནང་གསེས་ལ་ཡང་གསང་དཔའ་བོ་མཆོག་སྒྲུབ་ཡབ་ཡུམ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་དོན་གྱི་མན་ངག །གདམས་པ་ཟབ་མོ་སྙིང་གི་བཅུད་སོགས་ལས་ཅན་སྒྲུབ་ཐེམས་མཐར་ཚང་བ། ཕྱི་ནང་གསང་བའི་མན་ངག་ངོ་སྤྲོད་འཕྲུལ་ཚིག་ཅེས་པ་རིགས་བཞི་ཊཱ་ཀིའི་ངོ་སྤྲོད། ཊཱཀི་སིདྷ་མུ་ཁ་བཛྲ་གིརྟི་རིམ་པ་བཞི་སོགས། མཁའ་འགྲོ་གསང་ཚིག་འཕྲུལ་གྱི་ངོ་སྤྲོད་ཅེས་པ་གསང་བའི་མན་ངག་མཐོང་བས་གྲོལ་བའི་གསང་ཆེན་དམ་པ་རྫུས་སྐྱེས་པདྨ་འབྱུང་གནས་ཀྱིས་འདི་སྐོར་


GLG003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པའི་ལོ་རྒྱུས་ཉམས་ལེན་མཐར་ཕྱིན་གྱིས་མཐར་ཚང་བ། ཕྱག་རྡོར་གསང་སྒྲུབ་ཅེས་པར་ནང་གསེས་ཀྱི་གཏུམ་པོ་དྲག་པོ་ཁྱུང་ལྔ་པ་ཁྲོ་བཅུས་བསྐོར་བའི་སྒྲུབ་ཐབས་བསྙེན་སྔགས་རྟགས་རིམ་དང་བཅས་པ། ཕྱག་མཚན་ཁ་བསྒྱུར་གྱི་ལས་ཚོགས་ལ། ཚེ་སྒྲུབ། སྟེང་གདོན་དང་འོག་འདོན་འདོན་པ་གཉིས། སེར་བསྲུང་། རྦོད་གཏོང་བཟློག་པ། ལོངས་སྤྱོད་འཕེལ་བ། དབང་སྡུད། དགྲ་བོ་གསོད་པ། བྱིས་པའི་འཁོར་ལོས་བསྲུང་བ། བསྲུང་སྐུད། འབྱུང་པོ་གཟར་བ་རྣམས། དྲག་པོའི་ལས་སྦྱོར། འགྲུབ་རྟགས། གློ་བུར་སེར་བ་འབེབས་པ། རིག་སྔགས་བཟློག་པ། སེར་བསྲུང་། ཙི་ཙི་ཛྭ་ལ་གསོ་བའི་སྔགས་དང་རྫས་བཞིའི་ལག་ལེན་རྒྱས་པར་བསྟན་པ། བསྟོད་པ་ཆོས་དབྱིངས་མ། བསྐུལ་ཐུགས་རྗེ་དབྱིངས་བཞེངས་མ། དབང་གི་ཆོ་ག་སོགས་སྦས་བྱང་གི་མཐའ་ཚང་བ། དེར་དགོས་པའི་གཏུམ་པོ་དྲག་པོ་སྒྲུབ་ཐབས་ཁྲིགས་ཆགས་མཚན་དང་བཅས་པ་གཏེར་སྟོན་གྱིས་མཛད་པ། གུ་རུ་དྲག་པོ་ཏིང་ངེ་འཛིན་གྱི་རྩལ་དབང་རྡོ་རྗེ་དྲག་པོ་རྩལ་གྱིས་མཛད་པ་རྫོགས་བྱང་གི་མཐའ་ཚང་བ། འདི་འོག་ཏུ་ཡིག་བདུན་བཏགས་གྲོལ་ཡང་གསང་ཞེས་པའི་ལུང་མ་ཐོབ། བཏགས་གྲོལ་ཡིད་བཞིན་ནོར་བུའི་དཀར་ཆག་གཏེར་སྟོན་གྱིས་མཛད་པ། འདིའི་རྗེས་སུ་བརྡ་གྲོལ་ལྡེ་མིག་གསལ་བྱེད་སྒྲོན་མ་ཌཱཀྐི་པྲ་ཛྙའི་བརྡ་ཡིག་ཀ་དཔེ་འདོགས་འབྲེལ་འཁོད་ཡིག་གི་གྲོལ་དང་བཅས་པ་མ་ཐོབ། ཐུགས་དམ་ལྷའི་སྲོག་རྟེན་ཞེས་པ་ལྷའི་སྲོག་གཟུངས་སྐུ་རྟེན་བཞེངས་པའི་ལུང་བསྟན་ཕན་ཡོན་དང་བཅས་པ། འདིའི་རྗེས་སུ་སྐུ་རྟེན་བསོད་ནམས་དཔལ་འབར་བཞེངས་ཚུལ་གྱི་ལུང་མ་ཐོབ། རིལ་བུ་ཡོན་ཏན་ཀུན་འབྱུང་གི་དཀར་ཆག་གཏེར་སྟོན་གྱིས་མཛད་པ། རིལ་བུ་མྱོང་བ་དོན་ལྡན་གྱི་དཀར་ཆག་


GLG003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་རྩེ་མོ་ནས་སྤྲུལ་སྐུ་སངས་རྒྱས་གླིང་པས་གདན་དྲངས་ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་ལ་བརྟེན་ནས་དཀོན་ཅོག་བཟང་པོ་བལྟ་བར་བཏང་བ་དཔལ་མོ་གཏེར་སྟོན་དང་གཉའ་ནམ་དབེན་གནས་སུ་མཇལ་བས་ཡིད་ཆེས་སོ། །རྩ་བའི་བཞི་པ་ལྟེ་སྐོར་ཆིངས་ཀྱི་ཆོས་སྐོར་ལ། རྗེ་རྒྱལ་བཙད་པོས་ཞུས་པའི་ལུང་བསྟན་གསལ་བའི་ཤོག་དྲིལ་འདིའི་ཤོག་སེར་འབེབས་འཕྲོ་ལ་སི་ཏུ་བས་ཤོག་སེར་བསྣམས་ནས་མཇུག་ཅུང་ཟད་མ་ཚང་ཞིང་། ཕྲན་བུ་བློ་ནས་གང་ཐོན་བྲིས་པས་འདྲ་མིན་ཡོད་པར་གྲགས། གཅེས་པའི་མན་ངག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ནང་གསེས་ཀྱི་སྤྲུལ་པའི་གང་ཟག་ལུང་བསྟན་བར་གཅོད་བདུད་ཀྱི་འབྱུང་ལུགས། གུང་ཐང་དུ་ཁྲི་བཀྲ་ཤིས་ལྡེ་ལ་ཆེད་དུ་བསྔགས་པ། བསྟན་པ་སྤྱིར་གཅེས་པ་ཕྱི་དམག་བཟློག་ཐབས་སྔོན་གེ་སར་ཧོར་གྱི་སྤྲུལ་པའི་རྒྱལ་པོ་ལ་གནམ་གྱི་ལྷས་བྱིན་པའི་རྔ་བོ་ཆེ་དང་འཇིགས་པའི་སྒོམ་དུང་ཡོད་པ་ལ་དཔེ་བྱས་ཏེ་བཅའ་ཐབས། གཞན་ཡང་དམག་བཟློག་གི་རྟེན་འབྲེལ་མན་ངག །བོད་ཀྱི་ཆོས་ཁྲིམས་ལ་ཕན་ཐབས། གེ་སར་འདུག་པའི་ཧོར་དམག་བཟློག་ཐབས། སྤྲུལ་པའི་གང་ཟག་ཁྱད་པར་ཅན་བྱུང་ཡང་ནག་ཕྱོགས་ཀྱི་མཐུས་རྟེན་འབྲེལ་འགྲིག་མི་འགྲིག་སོགས་ཀྱི་ལུང་བསྟན་རྒྱས་པ་སློབ་དཔོན་ནམ་མཁའི་སྙིང་པོ་རྒྱལ་བ་མཆོག་དབྱངས་གསུམ་གྱིས་རྒྱས་བཏབ་སྟེ་སྦས་པ་རྣམས་སོ། །རྩ་བའི་ལྔ་པ་རྭ་སྤྲག་གི་སྐོར་ལ། ཐུགས་སྒྲུབ་གསང་བ་སྙིང་ཏིག་ཅེས་པ་རྡོ་རྗེ་དྲག་པོ་རྩལ་བསྒྲུབ་པའི་མན་ངག་གསང་བའི་ཐུགས་སྒྲུབ་རྡོ་རྗེའི་བཟླས་པ་སེམས་ཉིད་ལྷའི་རྣལ་འབྱོར་སྒྲུབ་ཐབས་འདིའི་ལོ་རྒྱུས་སོགས་ཡང་ཏིག་གསང་བའི་


GLG003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲིལ་ཚང་བ། རྒྱལ་བ་འོད་དཔག་མེད་ཀྱི་སྒྲུབ་ཐབས་ཞེས་པར་ནང་གསེས་ལ། བདེ་བ་ཅན་གྱི་བསྔགས་བརྗོད། འཕོ་བ། ཚེ་སྒྲུབ། ཤེས་རབ་བསྐྱེད་པ། ཕྱག་བསྟོད་གསོལ་བཏབ་དང་བཅས་པ་སྦས་བྱང་དུ་ཚང་བ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་འཁོར་ལོས་སྒྱུར་བ་ཞལ་གསུམ་ཕྱག་གཉིས་པའི་སྒྲུབ་ཐབས། འདིའི་ལས་ཕྲན་ལ་ལུང་སྟོན་པ། བདེ་བ་ཅན་དུ་སྐྱེ་བ། མི་མ་ཡིན་གྱིས་མི་འཚེ་བ། བྱད་བཟློག་པ། བསྲུང་བ། དུད་འགྲོའི་སྐྱེ་གནས་ལས་ཐར་བ། ངན་སོང་ལས་ཐར་བ། བར་དོའི་སྡུག་བསྔལ་སེལ་བ། སྲིའུ་གསོ་བ། ཞིང་གི་འབུ་སྲིན་བསྲུང་བ། རྨ་འབྲས་ཞི་བ། ཀླུ་ནད་ཞི་བ། སྡིག་པ་འདག་པ། མཚམས་མེད་ལྔ་འདག་པ། རྣ་ནད་ཞི་བ། ནད་ཐམས་ཅད་ཞི་བ། འབྱུང་གཏོར་ལ་བརྟེན་ནས། བསྲུང་བ་རྣམས་ཕན་ཡོན་དང་བཅས་པ་སྦས་བྱང་དུ་ཚང་བ། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་ལ། གཙོ་བོ་ཞལ་གཅིག་ཕྱག་བཞི་པ་རིགས་བདག་དང་བཅས་པའི་མངོན་རྟོགས་གསང་སྔགས་རིག་སྔགས་གཟུང་མཆོག །རྟ་མགྲིན། ཡེ་ཤེས་མཁའ་འགྲོ། །པདྨ་རྒྱལ་པོ། ཛམྦྷ་ལ་བཞིའི་མངོན་རྟོགས་ཤིན་ཏུ་ཟབ་པ་མཁའ་འགྲོའི་གསང་ཚིག །ལས་ཚོགས་ལ་རིལ་བུ་བུམ་ཆུ་བྱེ་མ། བདུག་སྤོས། མེ་ལོང་། སྒྲ། གཟུགས། རྡོ། ཉི་ཟླ་སོགས་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ། རུས་པ་ལ་བརྟེན་ནས་བདེ་བ་ཅན་དུ་སྐྱེ་བ། བཟླས་པ་ལ་བརྟེན་ནས་གཞན་ཕན་བྱ་བ། ཡིག་དྲུག་གི་ཕན་ཡོན། འོད་དཔག་མེད་ཀྱིས་ཚེ་དང་ཡེ་ཤེས་འཕེལ་བ། གསང་བའི་ཡེ་ཤེས་མེ་མཆོད། རྟ་མགྲིན་གྱི་དྲེགས་པ་དབང་དུ་བསྡུ་བ། ཛམྦྷ་ལས་དབུལ་བ་སེལ་བ། ལྷ་དྲུག་གི་བསྟོད་པ། སློབ་བུ་སྨིན་པར་བྱེད་པ། ལྷ་བཅུའི་འཕྲིན་ལས་བསྡུ་ཆོག་


GLG003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐའ་ཡོངས་སུ་ཚང་བ། འབྱུང་བའི་ལོ་དགྲ་བསྲུང་བཟློག་ཅེས་པ་ནང་གསེས་ཀྱི་སྐད་གཉིས་ཤན་སྦྱར་ནས་མངོན་རྟོགས་དང་བསྟུན་པའི་ཆོས་སྤྱོད་རྩོམ་པར་དམ་བཅའ་བ་འབྱུང་བའི་རྒྱུད་དང་ལྟས་དང་སྦྱོར་ཆོས། དངོས་གཞི་ཨཱཪྱ་ལོ་ཀེ་ཤྭ་ར་དྲག་པོ་ཆེན་པོ་འོད་ཟེར་འབར་བ་གཟི་བརྗིད་ཀྱི་རྒྱལ་པོ་ལྟས་ངན་ཐམས་ཅད་འཇིག་པར་མཛད་པའི་སྒོམ་ཐབས་དང་དེའི་རིག་སྔགས་ཀྱི་སྒོ་ནས་བཟློག་ཅིང་ཞི་བར་བྱེད་པ། སྡིགས་མཛུབ་ཀྱི་ལས་སྦྱོར། ཕེག་རྡོབ་ཀྱི་བསྲུང་བ། གཞན་གྱི་སེར་གཏའི་སྦྱོར་བ་ལ་ཆེད་དུ་བསྔགས་པའི་གདོང་བཟློག་ནག་པོ་རྒྱ་གར་ཁྲག་འཐུང་གི་དགོངས་པ། ཐོག་བསྲུང་། སེར་བ་བཞུ་སྔགས། གཟའ་ཐོག་གཉིས་ཀའི་བསྲུང་བ། ཕ་རོལ་བྱད་སྟེམས་བཟློག་པའི་དྲག་སྔགས་བཟློག་པའི་མཐའ་གཏེར་རྩལ་དུ་ཚང་བ། མཚོན་བཟློག་རྡོ་རྗེའི་ཕ་ལམ་ཞེས་པ་གང་ཟག་སྒོས་དང་ཡུལ་ཁམས་མཚོན་གྱི་འཇིགས་པ་ལས་སྐྱོབ་པ་དང་། བོད་ཁམས་ཡོངས་སུ་དམག་མཚོན་གྱི་འཇིགས་པ་ཞི་བར་བྱ་ཐབས། བྱང་བུ་ལ་བརྟེན་པའི་ནོར་ཕྱུགས་ཀུན་ལ་གོད་ཁ་བསྲུང་བ། ཤེར་ཤིང་གི་ཕུར་བུ་ལ་བརྟེན་པའི་ལམ་བསྲུང་། སྒོ་གསུམ་ལུང་ཏང་ལ་བརྟེན་པའི་སྒྲིབ་ཤིང་། ཆུ་གཙང་ལ་བརྟེན་པའི་མི་ནོར་རྒྱས་འདེབས་སུ་ཚང་བ་རྣམས། དབུལ་སེལ་གཏེར་མཛོད་ཆེན་མོ་ཞེས་པ་ཨཱཪྻ་ཛམྦྷ་ལ་དང་ཡུམ་ནོར་རྒྱུན་མ་ལ་གནོད་སྦྱིན་ཕོ་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་གའུ་མ་བསྟོད་པ་ནང་མཆོད་ཆུ་སྦྱིན་གཏོར་འབུལ་དངོས་གྲུབ་བླང་ཐབས་སོགས་དབུལ་བ་དང་མུ་གེའི་འཇིགས་པ་ལས་ཐར་བར་བྱ་ཐབས་རིན་ཅེན་དབྱིག །མི་ཕྱུགས་ནད་རིམས་བསྲུང་བཟློག་ཅེས་པ་ལ་གོང་གནོན་བསྙེན་པ། སྤྱིར་གཟིར་སྔགས། བྱེ་བྲག་ཏུ་ཚད་རིམས། ཆམ་པ། རྒྱུ་རིམས། བྱིན་ལོག །མིག་སེར།


GLG003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གབ་ལྷོག །འབྲུམ་ནད་རྣམས་ལ་བསྲུང་སྔགས། སྲོག་སྔགས་གཉེན་པོ་གསུམ་གསུམ། སྤྱིར་མནན་པ་བྱ་བ། ལྷ་བཞི་བྱེ་བྲག་དང་། སྤྱི་དྲིལ་གྱི་སྒོམ་བཟླས། དྲི་དང་གཟུགས་གུ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་བསྲུང་བ། བསྟན་མས་ཕུལ་བའི་མན་ངག་ལ་ནང་གསེས་ཀྱི་ལོ་རྒྱུས། རྟེན་འབྲེལ། རྫས། ནུས་པ་སྔགས། ཁྱད་པར་བརྟག་པ་གསུམ་གྱིས་བསྲུང་བ། ཡོར་ནད་བྱུང་ན་བཅོས་ཐབས་རྫས་བརྒྱད་སྔགས་དང་བཅས་པའི་ནན་ཏན་གྱིས་བསྲུང་བ་སྤྱོད་ལམ་བསྟན་པ་སྦས་བྱང་མཐར་ཚང་བ། གཞན་ཡང་རྫས་སྔགས་ཀྱི་རིམ་པས་འབྱུང་པོའི་གནོད་པ་ལས་གྱུར་པའི་སེར་བ་དང་རིམས་ནད་བསྲུང་བ། རྫས་ཀྱི་ཐིག་ལེས་མཁའ་འགྲོའི་གནོད་པ་བསྲུང་བ། ཕུར་མ་དང་དུ་བས་བགེགས་རིགས་འབྱུང་པོ་དང་འགོ་བའི་ནད་རིམས་བསྲུང་བ། རྫས་ཀྱི་རིལ་བུས་ནད་བསྲུང་ཞིང་གསོ་བ། རིག་སྔགས་ཀྱི་བསྲུང་བ་རྣམས་རྒྱ་གར་ཁྲག་འཐུང་གི་གདམས་པ་མཐར་ཚང་བ། རྣམ་པར་སྣང་མཛད་ཀྱི་བདུད་རྩི་དྲི་ཆེན། རྡོ་རྗེ་སེམས་དཔའི་ཅུང་ཞི་དང་ར་མཉེ། རིན་ཅེན་འབྱུང་ལྡན་གྱི་བདུད་རྩི་མ་ཧཱ་མཾ་ས། སྣང་བ་མཐའ་ཡས་ཀྱི་བདུད་རྩི། པདྨ་རཀྟ་ཕྱི་ནང་། དོན་ཡོད་གྲུབ་པའི་བདུད་རྩི་དྲི་ཆུ་སྟེ་དམ་རྫས་ལྔའི་བཅུད་ལེན་ཀུན་ལ་དགོས་བྱེད་རྒྱུ་བརྟག་པ་དང་སྦྱར་ཞིང་སྒྲུབ་པའི་ཐབས་རྗེས་ཕན་ཡོན་དང་ལས་ཅན་ལ་ཕྲད་ཤོག་གིས་མཐའ་ཚང་བ་རྣམས་སོ། །གཞན་ཡང་གླེགས་བམ་འདིའི་རྗེས་སུ་འབྲང་བའི་ཡིག་སྣ་གཏེར་སྟོན་བྱང་ཆུབ་གླིང་པ་ལ་གསོལ་བཏབ་རྣམ་ཐར་དང་སྦྱར་བ་བསམ་འཕེལ་མོས་གུས་ཀྱི་ང་རོ་ཞེས་བྱ་བ་ཀུན་དགའ་ལེགས་པའི་བློ་གྲོས་ཀྱིས་མཛད་པ། ཡང་ངག་ཞི་བ་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་དང་ཡང་ཕུར་གྱི་འཕྲིན་ལས་སྒྲུབ་གཞུང་དང་ལས་བྱང་གབ་དཀྲུག་བཀླག་ཆོག་ཏུ་གཏེར་སྟོན་


GLG003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་ཕྱག་ལེན་ཇི་ལྟ་བར་མཆན་བཏབ་པ་དངོས་སློབ་ནམ་མཁའ་ཆོས་གྲུབ་ཀྱིས་བསྡེབས་པ་དང་བཅས་པ་རྣམས་ཐོབ་པ་ལས་གཡུང་དྲུང་གི་རྟགས་བོར་བའི་སྒྲོན་མ་དང་པོའི་དབང་ལུང་དང་སྒྲོན་མ་བཞི་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། བྱང་སེམས་ཕྱག་ན་རྡོ་རྗེ། ཡུམ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ནམ་མཁའི་སྙིང་པོ། གཏེར་སྟོན་ཆེན་པོ་བྱང་ཆུབ་གླིང་པ། དཔལ་རྒྱལ་མཚན། དེ་ནས་སྲས་བརྒྱུད་སློབ་བརྒྱུད་གཉིས་ཀྱི་དང་པོ་ནི། ཐུགས་སྲས་བསམ་གྲུབ་རྡོ་རྗེ། དེ་དབོན་རིན་ཅེན་བསམ་གྲུབ་བརྟན་པ། དེ་སྲས་ཨོ་རྒྱན་དཔལ་བཟང་། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། གཏེར་ཆེན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་མཆོག་སྤྲུལ་ངག་གི་དབང་པོ། མཚུངས་མེད་ཀུན་དགའ་བཟང་པོ། དྲི་ཅན་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །གཉིས་པ་སློབ་བརྒྱུད་ལྟར་ན། གཏེར་སྟོན་ནས་ངོས་ཆེན་པ་རྒྱལ་མཚན་བཤེས་གཉེན། སྔགས་འཆང་ནམ་མཁའ་བཟང་པོ། རིགས་འཛིན་ནམ་མཁའ་དཔལ་བཟང་། ཆོས་རྗེ་ཨོ་རྒྱན་དཔལ་བཟང་མན་འདྲ། སྒྲོན་མ་གཉིས་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བའི་དངོས་གྲུབ། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་ཧཱུྃ་ཀ་ར། སློབ་དཔོན་པདྨ་འབྱུང་གནས་མན་གོང་ལྟར། དེའི་ནང་ཚན་ཕུར་པའི་སྒོས་བརྒྱུད་ནི། རྡོ་རྗེ་གཞོན་ནུ། མཁའ་འགྲོ་མ་བདེ་བའི་འཁོར་ལོ། སློབ་དཔོན་པྲ་ཝ་ཧ་སྟི། སློབ་དཔོན་པདྨ་མན་འདྲ། ཚེ་སྒྲུབ་ཡང་


GLG003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འཆི་མེད་ཀྱི་སྒོས་བརྒྱུད་ནི། ཚེ་དཔག་མེད། ལྷ་མོ་ཙཎྜ་ལི། སློབ་དཔོན་པདྨ་མན་འདྲ། སྒྲོན་མ་གསུམ་པའི་ལུང་བརྒྱུད་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷི། ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གནུབས་ནམ་མཁའི་སྙིང་པོ་མན་འདྲ། སྒྲོན་མ་ལྔ་པའི་བརྒྱུད་པ་ནི། ཆོས་རྒྱལ་མྱ་ངན་མེད། ཡུམ་ཆེན་རྡོ་རྗེ་ཕག་མོ། སློབ་དཔོན་པདྨ་ཐོད་འཕྲེང་། གནུབས་ནམ་མཁའི་སྙིང་པོ་མན་འདྲ། སྒྲོན་མ་དྲུག་པའི་ལུང་བརྒྱུད་ནི། ཕྱག་ན་རྡོ་རྗེ། ཤིནྟཾ་གརྦྷ། པདྨ་ཐོད་འཕྲེང་། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་ལྷ་མོའི་སྒོས་བརྒྱུད་ནི། དཔལ་ཆེན་ཧེ་རུ་ཀ །ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པདྨ་འབྱུང་གནས། ནམ་མཁའི་སྙིང་པོ་མན་འདྲ། ལྟེ་བསྐོར་གྱི་བརྒྱུད་པ་ནི། དཔལ་རྟ་མགྲིན། རྡོ་རྗེ་ཕག་མོ། གུ་རུ་པདྨ་མཁར་ཆེན་བཟའ། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་ཕྱག་རྡོར་གྱི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས། ཇོ་མོ་མཚོ་རྒྱལ། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་མྱོང་བ་དོན་ལྡན་གྱི་དཀར་ཆག་གི་བརྒྱུད་པ་ནི། གུ་རུ་པདྨ། ཡུམ་མཚོ་རྒྱལ། གཏེར་སྟོན་སངས་རྒྱས་གླིང་པ། བླ་མ་དཀོན་ཅོག་བཟང་པོ། གཏེར་སྟོན་བྱང་ཆུབ་གླིང་པ་མན་འདྲ། ལྟེ་བསྐོར་ཆིངས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། དགེ་སློང་ནམ་མཁའི་སྙིང་པོ་མན་འདྲ། རྭ་སྤྲག་གི་ལུང་བརྒྱུད་ནི། ཆོས་སྐུ་འོད་དཔག་མེད། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། གནུབས་ནམ་མཁའི་སྙིང་པོ་མན་འདྲ། ཕྱག་རྡོར་གྱི་དབང་གི་བརྒྱུད་ལུགས་གཅིག་ནི། གཏེར་
སྟོན་ནས། ལུང་ཟིན་རྒྱལ་མཚན་བཤེས་གཉེན། མཁས་གྲུབ་བསོད་ནམས་རྒྱལ་མཚན། རྟོགས་ལྡན་ཆོས་ཉིད་ཤེས་རབ། རིགས་འཛིན་ནམ་མཁའ་གྲགས་པ། སྤང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། མཉམ་མེད་གནུབས་དགོན་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན། བྱང་པ་རིགས་འཛིན་དབང་པོའི་སྡེ། ཐུགས་སྲས་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་དབང་རྣམས་ཀྱི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། ཡོལ་མོ་སྤྲུལ་སྐུ། ཡབ་སྲས་གཉིས་ལ་རིགས་འཛིན་དཔལ་འབྱོར་གྲགས་པའི་དབྱངས། དེ་ནས་ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ལའོ། །


previousགཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་གཏེར་དུ་བཞེས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར།next