Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུ་དང་འབྲེལ་བའི་སྨན་གྱི་སྐོར།
  
  
  
  
  
  
  
  
  


4 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུ་དང་འབྲེལ་བའི་སྨན་གྱི་སྐོར།next

ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུ་དང་འབྲེལ་བའི་སྨན་གྱི་སྐོར།


GLG003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཉང་རོ་བརྒྱ་བན་རྡོ་རྗེ་འོད་ཀྱི་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་མདའ་སྒྲོ་ཅན་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུའི་བཅུད་ལེན་པ། ལོ་རྒྱུས། བརྟག་པ། བཏུ་བ། རབ་གནས། རིལ་བུ། བསྟེན་ཐབས་ཏེ་སྨན་རྟག་ཏུ་ངུ་ཟ་ཐབས་ལྔའི་སྒོ་ནས་བསྟན་པ་རྟག་ཏུ་ངུ་ལྔ་སྦྱར་གྱི་སྒོ་ནས་ཟ་ཐབས། རྟག་ཏུ་ངུ་བཅུད་ལེན་སྦྱོར་བའི་རྒྱལ་པོ་ཞེས་པ་སྐྱེ་ས་དང་རྩ་བརྟག་པ། སྦྱར་ཐབས་ཏེ་གསུམ་གྱི་སྒོ་ནས་བསྟན་པ་འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཛད་པ། སློབ་དཔོན་པདྨས་མཛད་པའི་རྩ་མཆོག་མདངས་ལྡན་བཅུད་ལེན་མཁོ་མཐིང་ལྷ་ཁང་གི་སྣང་བ་མཐའ་ཡས་ཀྱི་ཕྱག་ལ་སྦས་པ། རྩ་རྟག་ཏུ་ངུ་རིགས་གསུམ་གྱི་ངོས་འཛིན་བླ་མའི་ཞལ་ཤེས་མ། ནས་དཀར་མོ་ལ་སྦྱར་བའི་བཅུད་ལེན། མར་དང་བུ་རམ་ལ་སྦྱར་བའི་བཅུད་ལེན། རློན་སྦྱོར་དུ་གྲགས་པ། འབྲས་བུ་གསུམ་ལ་སྦྱར་བའི་བཅུད་ལེན་མཆོག་ཏུ་ཟབ་པ་རྫོགས་སོའི་མཐའ་ཅན་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་ཤྲཱི་སིངྷ། དྲན་མཆོག་ཨོ་རྒྱན་ཆེན་པོ། མཁར་ཆེན་བཟའ་འཚོ་རྒྱལ། གཏེར་སྟོན་རྒྱབ་ན་རྡོ་རྗེ་དབང་ཕྱུག །ཚ་མོ་ཀུན་དགའ་བཟང་མོ། གནུབས་ཡེ་ཤེས་རྡོ་རྗེ། ཉང་སྟོན་ཤེས་རབ་དཔལ་ལྡན། བླ་མ་སེང་གེ་རྫོང་པ། མཁར་ཆུ་ཀུན་འཚལ་ཀུན་དགའ་གླིང་པ། ཆོས་རྗེ་ཤེས་རབ་བཟང་པོ། སྤྱན་སྔར་ཞྭ་དམར་བཞི་བ་ཆོས་ཀྱི་གྲགས་པ། མངའ་བདག་


GLG003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་ལྷུན་གྲུབ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིགས་འཛིན་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཁྱབ་བདག་བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཡང་ན་སངས་རྒྱས་ཐུབ་པ་ཆེན་པོ། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཨོ་རྒྱན་ཡབ་ཡུམ་མན་གོང་བཞིན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསན་ཡིག །དཀའ་བ་དུ་མས་བསྒྲུབས་པའི་དད་རྫས་དང་། །སྡུག་བསྔལ་ཉམ་ཐག་ཅན་གྱི་གཤིན་ཟས་དང་། འབུལ་སྡུད་གཞོགས་སློང་བརྐམ་ཆགས་ཅན་གྱི་ཟས། །དེ་འདྲ་སྤངས་ནས་དབེན་པའི་བྲག་ཕུག་ཏུ། །འདི་འདྲའི་འཚོ་བའི་ལུས་འདི་བརྟས་བྱས་ནས། །བསྐྱེད་རྫོགས་ཟབ་མོའི་ནོར་ལ་སྤྱོད་པར་ཤོག །ཅེས་གསུངས་པ་སྙིང་ལ་བཅངས་བར་བྱའོ། །ཟུང་མཁར་གྱི་ཨ་ཇོ་དཔལ་བོས་མོན་བུམ་ཐང་གི་ཀ་བ་ནས་སྤྱན་དྲངས་པའི་བསོད་ནམས་མེ་ལྟར་འབར་བྱེད་གླང་པོའི་སྟོབས་བསྐྱེད་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསྲུང་བ་ཟབ་མོའི་དཔེ་རིས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། ཚངས་པ་ལྷའི་མེ་ཏོག །གཏེར་སྟོན་ཨ་ཇོ་དཔལ་བོ་ནས་རིམ་པར། ཟུར་གཞོན་ནུ་དོན་གྲུབ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བསམ་ཡས་མཆིམས་ཕུའི་དགེའུའི་བྲག་ནས་ཟུང་མཁར་གྱི་ཨ་ཇོ་དཔལ་པོས་སྤྱན་དྲངས་པའི་ཇོ་མོ་ཡང་གྷ་བཟའ་མ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གྱི་སྒྲུབ་སྐོར་ལ། གནས་རྫས། ཏིང་འཛིན། སྔགས། ལས་སྦྱོར། ལས་ཚོགས་དང་བཅས་སྟོན་པའི་སྒྲུབ་ཐབས། མདོས་བཅའ་བཞི་བསྔོ་བ། ཡང་གྷ་པ་ཟའི་སྒྲུབ་ཐབས་སྨན་གྱི་མེ་ལོང་ཞེས་པ་རྫས་སྔགས་འཁོར་ལོ་ཁ་སྒྱུར་བཅས་སྟོན་


GLG003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒྲུབ་པའི་ཤོམ། སྲོག་འཁོར། མདོས་ཀྱི་དཔེ་རིས་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། དཔལ་ཧེ་རུ་ཀ །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁར་ཆེན་བཟའ་འཚོ་རྒྱལ། གཏེར་སྟོན་ཨ་ཇོ་དཔལ་པོ་ནས་རིམ་པར། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། རྗེ་འཕྲིན་ལས་ལྷུན་གྲུབ། མཚུངས་མེད་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོ་དམར་གྲགས་པ་བླ་མ་ཟངས་རི་བས་ཡེར་པ་གསོ་བའི་དུར་ཁྲོད་ནག་པོའི་སྤྲེའུ་སེར་པོའི་བར་ཁང་གི་རྩ་བ་ནས་རྙེད་པའི་ཤོག་སེར་རྒྱ་ཡིག་དང་བོད་ཡིག་སྤེལ་ཅན་གྱི་ལུང་ཡང་སྤྲུལ་སྐུ་གཏེར་བདག་གླིང་པར་ཐོབ། གཏེར་སྟོན་སྔགས་འཆང་དབང་ཆེན་བཟང་པོས་བྱང་སྤྲ་དུན་རྩེའི་ཀ་གཞུ་ནས་སྤྱན་དྲངས་པའི་སྤུ་གྲི་ནག་པོ་དྲང་སྲོང་ཁྱབ་འཇུག་དགྲ་བོ་ཟས་སུ་གཏོད་པའི་གདོང་གཏད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རིན་ཅེན་སྙིང་པོ། རྡོ་རྗེ་འཆང་། རྒྱལ་བ་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། མཁར་ཆེན་བཟའ། གཏེར་སྟོན་སྔགས་པ་དབང་ཆེན། སྟོན་པ་ནམ་མཁའ་བཟང་པོ་ནས་རིམ་པར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེར་བདག་ཟ་ཧོར་བནྡེ་ལའོ། །ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་གཏེར་སྟོན་བེམ་པོ་དྲག་རྩལ་གྱིས་གདན་དྲངས་པའི་རཱ་ཧུ་ལ་ཤི་ས་བསྟན་པ་རུས་སྦལ་ནག་པོའི་སེར་བསྲུང་བཅས་ཆོག་མ་ཟ་བའི་བཀའ་རྒྱ་སྲོག་གི་རྒྱ་ཅན་སྲིད་པ་གསུམ་ན་དཀོན་པར་གྲགས་པའི་རྫའི་རུས་སྦལ། ཁྱབ་འཇུག་གི་ལྟོ་འཁོར་མུ་ཁྱུད་བཅུ་པ། རྫས་རབ་གནས་གཅའ་གཞི་དམ་ཚིག་རྣམས་ཆོས་ཚན་ཅིག་ཏུ་ཚང་བའི་ལུང་ནོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ།


GLG003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཤིཏྣཾ་གརྦྷ། གུ་རུ་ཁྲག་འཐུང་ནག་པོ། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་བོན་པོ་དྲག་རྩལ། རོང་སྟོན་ཀེག་དཔལ། རྔོག་རྡོ་རྗེ་རྒྱལ་པོ། དེ་སྲས་རྡོ་རྗེ་དབང་ཕྱུག །རྔོག་ཤཱཀྱ་སེང་གེ །ཕ་སྟོན་ཤཱཀྱ་སྟོན་པོ། སྦུག་སྟོན་དཔལ་ལྡན་མགོན་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་བདེ་ལེགས་རྒྱལ་མཚན། སེ་བརྒྱ་མཁར་བ་རིན་ཅེན་རྒྱལ་མཚན། སྤྱན་ཚ་བ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་རྒྱལ། །སྔགས་འཆང་རྡོ་རྗེ་གྲགས་པ། མང་ཐོས་དམ་ཆོས་བཟང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། མཆོག་སྤྲུལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་སྐྱེས་བུ་ཟངས་གླིང་དབང་ཕྱུག་གི་གཏེར་མའི་སྐམ་གཏད་བརླན་གཏད་རུལ་བར་བྱེད་པའི་འཇམ་དཔལ་གཤིན་རྗེའི་ལས་མཐའ་ཟབ་མོའི་ལུང་ཕྱག་ལེན་ཞལ་ཤེས་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །ཨོ་རྒྱན་སངས་རྒྱས་གཉིས་པ། གཏེར་སྟོན་ཟངས་གླིང་དབང་ཕྱུག་ནས་རིམ་པར། ཆོས་རྒྱལ་དབང་པོའི་སྡེ། ངག་དབང་རིག་འཛིན་རྡོ་རྗེ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རང་གཏེར་ལས། པདྨ་འབྱུང་གནས་བདག་གི་ཀྱང༔ ཕྱི་རབས་བསྟན་པ་བསྲུང་ཆེད་དུ༔ སྲོག་མཆན་ནག་པོའི་འཁྲུལ་འཁོར་འདི༔ རྟ་མགྲིན་རྒྱལ་པོ་ཉིད་ལ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག །ཅེས་པ་ལྟར་བུམ་ཐང་དགེ་གནས་ལྷ་ཁང་གི་ཁྲོ་བོ་རྟ་མགྲིན་གྱི་མཆན་མ་ནས་སྦུར་པོ་བྱའུ་མགོན་གྱིས་སྤྱན་དྲངས་པའི་སྲོག་མཆན་ནག་པོ་བུམ་ཐང་སྲོག་འཁོར་ལ། སྲོག་མཆན་པ་ནག་པོ་ལེའུ་


GLG003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་རྫོགས་བྱང་གི་མཐའ་ཅན། འཁྲུགས་བྱེད་རྒྱལ་པོའི་ལེའུ་བཅོ་བརྒྱད་པ་ནས་རླུང་ལྷ་ལས་ལ་བཀོལ་བ་ལ་དོན་གཉིས་ཡོད་པའི་དྲག་སྔགས་བཅུ་བོར་ཞེས་པ་རྫས་དང་བཅས་བཞི། སྔགས་དང་ཏིང་འཛིན། རྟགས་དང་མཇུག་བསྡུད། གནད་དབབ། བཟློག་པ་མཁན་གནད་ལ་དབབ་པ་སྟེ་དོན་ལྔས་བསྟན་པ། མགྱོགས་པ། རྣོ་བ། གཟུང་བ། གནད་དབབ། སྒྲིབ་ཤིང་། འཇམ་རྩུབ་སྟེ་ཞལ་གདམས་དོན་བདུན་མ། མི་ཐེབས་མི་སྲིད་པ། ཚུར་མི་ལྡོག་པ། འཇམ་རྩུབ། སྣ་འདྲེན་ཏེ་དོན་ལྔའི་ཡིག་ཆུང་གསང་བ་སྙིང་གི་ཏིག །ལིང་འཁོར་གྱི་ཞལ་གདམས། འཁོར་ལོའི་འབྲི་ཐབས་ཕུལ་དུ་བྱུང་བ། སྐད་བརྟག་པ། རྣལ་འབྱོར་རང་སྲུང་དང་བཅས་པ། དཔེ་རིས་ལ། ཕོ་མོའི་འཁོར་ལོའི་ལྟོ་འཁོར་ཡོད་མེད་གཉིས། སྤོགས་མཆོག །བཟློག་པ་མཁན་གསད་པའི་ལིང་འཁོར། ལིང་རྐྱང་། བཅའ་གཞི་དང་བཅས་པའི་ལུང་ཕྱག་ལེན་ཞལ་གདམས་ཞིབ་མོར་ཐོས་པའི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། མུ་སྟེགས་ཀྱི་སྟོན་པ་ཁ་འཕུང་ནག་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་སྤུར་པོ་བྱའུ་མགོན་ནས་རིམ་བཞིན། ལྷ་བཅུ་རིན་ཆེན་རྒྱལ་མཚན། སྤྲུལ་སྐུ་ཡོན་ཏན་འོད་ཟེར། མྱང་ཚ་ཆོས་ཀྱི་དབང་པོ། ཡུང་རྫོང་ནོར་བུ་དབང་རྒྱལ། ཟུར་བླ་མེད་རྡོ་རྗེ་རྩལ། རླུང་མི་འགྱུར་རྡོ་རྗེ། ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྤྲུལ་སྐུ་ཡོན་ཏན་འོད་ཟེར་ནས། རིག་འཛིན་བདུད་འཇོམས་རྡོ་རྗེ། རིག་འཛིན་ཆོས་དཔལ་བཟང་པོ། ཟུར་བླ་མེད་རྡོ་རྗེ་རྩལ་མན་གོང་བཞིན་ནོ། །ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་ཡང་བོན་རི་ཁྲོད་པ་སེང་གེས་སྤྱན་དྲངས་པའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་བརྟེན་ནས་བསྟན་དགྲ་ཚར་གཅོད་པའི་སྐོར་ལ། བསྲུང་བ་ཡི་དམ་


GLG003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཞེ་གཅིག་མདུན་རྒྱལ་བའི་དཀྱིལ་འཁོར་བསྒོམ་པ། བཟློག་པ་དུག་གི་སྤུ་གྲི་ཞེས་པ་འཁོར་ལོ་ལ་བརྟེན་ནས་ནང་རྒྱལ་བྱད་མ་བམ་བཟློག་ཏུ་གསོད་པ། གསོད་པ་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་ཞེས་པ་ལིང་ག་ལ་བརྟེན་ནས་ལུས་སེམས་བླ་ཚེ་སྲོག་དང་ཕྲལ་བའི་གདམས་པ་ཟབ་མོ། དེའི་བསྲུང་འཁོར་བསྒོམ་པའི་མན་ངག་བཀའ་གཏེར་ཟུང་འཇུག་སྒོམ་དོན་ངག་བསྒྲིགས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་མགོན་པོ་ཀླུ་སྒྲུབ་སྙིང་པོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རི་ཁྲོད་སེང་གེ །འགྲོ་མགོན་མཛེས་པ། སྲས་དེ་སྟོན་ནས་རིམ་པར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཕར་ཕྱིན་རྒྱལ་བའི་བཀའ་མཐུ་སྙིང་པོ་བསྡུ་བ་ཤོག་ཅིག་མའི་ལུང་བརྒྱུད་ནི། སྲས་དེ་སྟོན་ནས། བླ་མ་ནམ་མཁའི་རྣལ་འབྱོར། རྗེ་དབུས་པ་རྟོགས་ལྡན། འབྲི་གུང་པ་གནམ་ལྕགས་མེ་འབར། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་དབུས་པ་རྟོགས་ལྡན་ནས། སྔགས་འཆང་དབུས་པ་བཀྲ་ཤིས། དགེ་སློང་ཀུན་དགའ་དཔལ་བཟང་། ཟུར་གཞོན་ནུ་དོན་གྲུབ་མན་གོང་བཞིན་ནོ། །རང་གཏེར་ཀུན་གསལ་ཉི་འོད་ལས། མི་ཉག་རིགས་འཛིན་མདོང་གི་བུ༔ སྐྱེས་བུ་ལྕགས་ཁམས་གླང་ལོ་པ༔ ཞེས་དང་པདྨ་གླིང་པའི་གཏེར་ལུང་ལས། ཨོ་རྒྱན་སྤྲུལ་པ་ཐང་སྟོང་པ་ཞེས་འབྱུང་༔ དེ་དུས་བོད་ཁམས་སེམས་ཅན་ཅུང་ཟད་བདེ༔ ཞེས་ལུང་གིས་ཟིན་པའི་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བསམ་ཡས་མཆིམས་ཕུ་


GLG003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟབ་གཏེར་ལྔ་ཙམ་སྤྱན་དྲངས་པ་ལས་ཚེ་དཔག་མེད་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མགྲིན། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། གཏེར་སྟོན་ཐང་སྟོང་རྒྱལ་པོ། རྗེ་བཙུན་ཀུན་སྤངས་ཆེན་པོ་རྡོ་རིང་པ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །སྤྲུལ་སྐུ་བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁྱེན་བརྩེ་ནུས་ལྡན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བསྟན་འཛིན་ཉི་བཟང་ནས། སྒེར་པ་བ་ངག་དབང་ཉི་མ་བཟང་པོ། སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །འཇམ་མགོན་བསོད་ནམས་མཆོག་ལྡན་མན་གོང་ལྟར་རོ། །ཡང་ན་བསྟན་འཛིན་རིན་པོ་ཆེ་ནས། སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན་མན་གོང་བཞིན། ཡང་ན་བསྟན་འཛིན་རིན་པོ་ཆེ་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྱབ་བདག་སྨན་ལུང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཉལ་སྨད་བྲག་ནག་མདའ་སྒྲོ་ནས་ལྕང་སྨན་དྲང་སྲོང་དོན་གྲུབ་དར་གྱིས་གདན་དྲངས་པའི་མཚོན་ཆ་ལས་ཀྱི་འཁོར་ལོ་བརྒྱའི་དུག་མཚོ་འཁོལ་མ་ཕུང་འདྲེ་ངན་ཐབས་ཀྱི་རྒྱུད་ཆེན་པོ་གསལ་ཤིང་ནག་པོ་ལས་རང་གཞན་བསྲུང་ཞིང་གསོ་བྱེད་ཀྱི་བཅུད་ཕྱུང་བ་བདུད་རྩི་འཆི་གསོས་རྟ་རི་མའི་སྦྱོར་སྡེ་ཁོལ་དུ་ཕྱུང་བའི་ལུང་བརྒྱུད་ནི། སངས་རྒྱས་སྨན་གྱི་བླ། གུ་རུ་པདྨ་འབྱུང་གནས། དྲང་སྲོང་དོན་གྲུབ་དར། འཚོ་བྱེད་བསྟན་བསྲུང་དར། བྱར་པོ་པཎ་ཆེན་ཟླ་བའི་དབང་པོ། མཁས་དབང་འགྲོ་དོན་འཕྲིན་ལས། འཚོ་བྱེད་ཀརྨ་དར་རྒྱས། རྗེ་བཙུན་འཕྲིན་ལས་ལྷུན་གྲུབ།
རྩ་བའི་བླ་མ་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ལའོ། །


previousལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུ་དང་འབྲེལ་བའི་སྨན་གྱི་སྐོར།next