Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
སྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
  
  
  


4 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousསྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

སྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་གཟིམས་ཁང་རྟ་རྒྱུན་བྱང་ཕྱོགས་ཀྱི་དཀྱིལ་འཁོར་ཟླ་གམ་སྟེང་གི་བྲག་ལ་རིན་པོ་ཆེའི་དོང་ཙེ་ཀླུའི་ནོར་བུར་རྒྱ་རིམ་བདུན་བཏབ་པའི་བླ་མ་དྲག་པོ་ཐུགས་སྒྲུབ་མེའི་འཁོར་ལོའི་ཆོས་སྒོར་སྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་བྱི་བའི་ལོ་ལ་སྤྱན་དྲངས་པ་ནི། ཐེམས་ཡིག་རིན་ཅེན་གཏེར་མཛོད་ལས། འོན་ཀྱང་གུ་རུ་དྲག་པོའི་གཏེར་ཁ་འདི༔ མཐའ་དབུས་ཀུན་ཏུ་ལྔ་ལས་སྦས་པ་མེད༔ དེ་རྣམས་ནང་ནས་ཡང་ཟབ་སྙིང་ལྟ་བུ༔ མཐར་ཐུག་ཐུགས་བཅུད་སྙིང་པོའི་ཡང་ཞུན་འདི༔ ཞེས་དང་། དེ་ལྟར་ཐུགས་སྒྲུབ་དྲག་པོའི་རྒྱ་ཐེམས་བཅས༔ ལྷོ་གཏེར་རིན་ཅེན་འབྲས་བུའི་ཚུལ་དུ་སྦས༔ ཞེས་གསུང་པའི་བོད་ཡུལ་དྲག་སྒྲུབ་ཀུན་གྱི་ནང་ནས་གཉན་ལས་ཆེས་གཉན། ཟབ་ལས་ཆེས་ཟབ། ཁ་ཚང་དོན་འདྲིལ། ཐུགས་ཀྱི་ཡང་བཅུད་གསེར་སྦྱངས་ཞུན་མ་ལྟ་བུའི་སྐོར་ཐོབ་པ་ལ། གཏོར་མ་ལ་བརྟེན་ནས་ཆོས་སྒོ་འབྱེད་པ། དྲག་པོ་ཐུགས་སྒྲུབ་ཀྱི་གཏོར་དབང་བསྡུས་པ། གཏོར་མས་བུམ་དབང་། ཕྱག་མཚན་གྱིས་འཕྲིན་ལས། བདུད་རྩིས་གསང་དབང་། གོ་ཆའི་ལྷས་མཐུ་སྟོབས་ཡོངས་རྫོགས། སྐུ་གཟུགས་ཀྱིས་ལྷ་དབང་། སྐུ། དམ་རྫས། སྒྲུབ་ཡིག །བཟླས་པ། འཕྲེང་བ་རྣམས་ཀྱིས་རྒྱས་ཐེབས། རྗེས་གཏད་རྒྱ་དམ་ཚིག་དང་བཅས་པའི་དོན་དབང་ནོར་བུ་ལུགས། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་བཏང་བའི་ཅོད་པན་གྱི་དབང་། བུམ་པས་སྐུ་གསུང་ཐུགས་ཡོངས་རྫོགས། བྷནྡྷ་བདུད་རྩིས་བདེ་ཆེན་ལོངས་སྤྱོད་རྫོགས་སྐུ། དཔལ་


GLG003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཕྱག་མཚན་གྱིས་འཕྲིན་ལས་བཞི། དབུ་རྒྱན་གྱིས་ཁམས་གསུམ་སྲིད་གསུམ་ཆོས་ཀྱི་རྒྱལ་པོའི་དབང་། དུར་ཁྲོད་ཆས་དབང་། ལྷ་དབང་གིས་རབ་འབྱམས་ཡོངས་རྫོགས། འཆི་མེད་ཚེའི་དབང་། སྔགས་དབང་། རང་གཟུགས་ཀྱིས་སྡེ་བརྒྱད་དྲེགས་པའི་སྲོག་དབང་དམར་ནག །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། ཕྱག་རྒྱའི་དཀྱིལ་འཁོར་དུ་ཤེར་དབང་། ངོ་སྤྲོད་ལ་བརྟེན་ནས་ཚིག་དབང་། ཞར་བྱུང་། མེ་ལོང་མན་ཤེལ་ཨ་ལ་བརྟེན་ནས་རིག་པའི་རྩལ་དབང་རྣམས་སྨིན་རྒྱས་སུ་མནོས། རྒྱབ་བརྟེན་ལུང་ལ། བྱང་དང་འཁོར་གྱི་རྟགས་མེད་པ་རྣམས་གཏེར་སྟོན་དངོས་ཀྱི་ཕྱག་དཔེ་མཁས་གྲུབ་ཉང་པོ་དོན་གྲུབ་རྒྱལ་པོའི་ཕྱག་བྲིས་མའི་སྟེང་ནས་ཚར་གཅིག་དང་སྤེའི་རྟགས་མེད་པ་རྣམས་གླེགས་བམ་གཞན་ཞིག་ལས་ཚར་གཅིག་སྟེ་ཚར་གཉིས་ཐོབ་པ་ལ། གཏེར་བྱུང་ལས་ཟུར་དུ་བཀོད་པའི་ཕུག་༼བྱང༽རིང་གཏེར་ཁ་ཕྱི་མ་བཏོན་པའི་ལོ་རྒྱུས། ཐུགས་སྒྲུབ་དྲག་པོའི་ཐེམས་ཡིག་ལྡེ་མིག་རིན་ཅེན་གཏེར་མཛོད། དེ་ལས་བྱུང་བའི་གདམས་སྐོར་ལ། ཁུངས་བཙུན་ཆེ་བ་བསྐྱེད་པ་ལོ་རྒྱུས། མ་སྨིན་པ་སྨིན་པར་བྱེད་པ་དབང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བསྒྱུར་བ་སྒྲུབ་པ། སྨིན་ཟིན་གྲོལ་བར་བྱེད་པའི་འཁྲིད་ཡིག །ཀུན་གྱི་ཁ་སྐོང་ཞིང་ཚད་བསྟན་པ་འཕྲིན་ལས་དང་རྟགས་ཡིག །བྱེ་བྲག་རྐྱང་པར་སྒྲུབ་པ་གོ་ཆའི་ལྷའི་སྒོས་སྒྲུབ། ལྷ་བསྙེན་གྱད་དུ་བསྒྱུར་ནས་འཕྲིན་ལས་ཀྱི་ཁ་བསྒྱུར་ལས་ཚོགས། བཀའ་དང་བསྟན་པ་བསྲུང་བ་དམ་ཅན་གཏེར་སྲུང་། གུད་དུ་སྦས་པའི་ཡང་གཅེས་གསང་བ་ཐུགས་ཏིག་དམར་ནག་


GLG003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་མེད་སྐོར་དང་དགུ །དང་པོ་ནི། ཐེམས་ཡིག་ལས། ཆོས་ཀྱི་ཁུངས་བཙུན་ཆེ་བ་བསྐྱེད་པའི་ཕྱིར༔ ལོ་རྒྱུས་མན་ངག་སྙིང་གི་ཏི་ཀ་འདི༔ ཡིད་ཆེས་བསྐྱེད་ཕྱིར་འགའ་ལ་བསྟན་ཀྱང་རུང་༔ ཞེས་པས་ཁུངས་བཙུན་ཡིད་ཆེས་བསྐྱེད་པ་ལོ་རྒྱུས་གསང་བ་སྙིང་གི་ཏི་ཀ་འཚོ་རྒྱལ་མི་བརྗེད་གཟུངས་ཀྱི་བཏུས་ཏེ་ཨཱ་ཙཪྻ་ཡེ་ཤེས་ཀྱིས་བཀའ་ཤོག་ལ་བཏབ་པ། གཉིས་པ་མ་སྨིན་པ་སྨིན་པར་བྱེད་པ་དབང་ནི། ཆོས་ཀྱི་སྒོ་འབྱེད་ལུས་ངག་ཡིད་གསུམ་སྨིན༔ བྱིན་རླབས་རྩ་བ་དབང་གི་རིམ་པ་གསུམ༔ བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་དང་༔ འབྲིང་པོ་དོན་དབང་ནོར་བུའི་ལུགས་སུ་བསྐུར༔ རྒྱས་པ་དྲེགས་པའི་སྲོག་ཏིག་དམར་ནག་ལ༔ གསང་དབང་བདེ་ཆེན་འཁོར་ལོ་རིམ་པ་གསུམ༔ ཕ་རོལ་བློ་དང་གང་འཚམ་བསྐུར་བར་བྱ༔ འོན་ཀྱང་དབང་བཞི་ཡོངས་སུ་རྫོགས་པར་རུ༔ བསྐུལ་བའི་ལས་ཅན་འགའ་རེ་མ་གཏོགས་པ༔ རང་གི་སྲོག་ལས་གཅེས་སོ་ཞིབ་ཏུ་དཔྱོད༔ ཅེས་པ་ལྟར་ཆོས་སྒོ་འབྱེད་པ་དྲག་པོ་ཐུགས་སྒྲུབ་ཀྱི་གཏོར་དབང་བྱིན་རླབས་ཀྱི་སྤྲིན་ཕུང་ངམ་ཏིང་ངེ་འཛིན་གྱི་གཏོར་དབང་ནོར་བུ་ལུགས་སུ་བསྐུར་པ། གང་ཟག་སྤྲོས་པ་ལ་མི་འགའ་བ་སྨིན་བྱེད་དབང་ཆོག་འབྲིང་པོ་དབང་བཞི་ནོར་བུ་ལུགས་སུ་བསྐུར་བ་དོན་དབང་དངོས་གྲུབ་བྱིན་རླབས་ཀྱི་རྩ་བ། དེའི་དཀྱིལ་འཁོར་གཏོར་མ་རིན་ཅེན་འབར་བ། སྨན་རཀ །ཚོགས་གཏོར། ཕྱག་མཚན་གྱི་དཔེའུ་རིས། གང་ཟག་སྤྲོས་པ་ལ་དགའ་བ་སྨིན་བྱེད་དབང་ཆོག་ཆེན་མོ་རྡོ་རྗེའི་འཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག་སློབ་དཔོན་གསུང་བཞིན་གཟུང་མ་འཚོ་རྒྱལ་གྱིས་སྐྱེན་པར་བཤུས་པ་གསང་བའི་བཀའ་རྒྱ་ཅན། མཆོག་དབང་གོང་མ་གསུམ་བསྐུར་ཐབས་བདེ་ཆེན་


GLG003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གུ་རུའི་ཕྱག་ལེན་དང་གསུང་བཞིན་ཨཱ་ཙཪྻ་ཡེ་ཤེས་ཀྱིས་དཔལ་གྱི་ཕུག་རིང་ཤར་གྱི་ཡང་ཐོག་ཏུ་ཤུར་ཏེ་བྲིས་པ་རྣམས། གསུམ་པ་ལུས་ངག་ཡིད་གསུམ་ལྷ་སྔགས་ཆོས་ཀྱི་དཀྱིལ་འཁོར་དུ་བསྒྱུར་བར་སྒྲུབ་པ་ནི། ཕྱི་སྒྲུབ་ཁྲོ་འདུས་མེ་ཡི་འཁོར་ལོ་དང་༔ ནང་སྒྲུབ་ཡང་སྙིང་རྡོ་རྗེའི་འཕྲེང་བ་དང་༔ གསང་སྒྲུབ་ཡང་གསང་བླ་མེད་གསུམ་པོ་ནི༔ སྒྲུབ་པའི་རྩ་བ་སྙིང་པོ་ཡིན་པའི་ཕྱིར༔ ལས་ཅན་བུ་མཆོག་འགའ་ལ་སྤེལ་ཡང་རུང་༔ དེ་ཡང་གསང་སྒྲུབ་རང་གི་སྙིང་ལྟར་གཅེས༔ ཡང་གསང་བླ་མེད་དོན་གྱི་སྙིང་པོ་དང་༔ བླ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་འདི༔ སུ་ལ་མི་སྤེལ་སྙིང་ལ་མནོག་ཆོས་ཡིན༔ ཀུན་ལ་གཅེས་པའི་གནད་ཡིག་གཟེར་ཐིག་དང་༔ ཀུན་གྱི་ཁ་སྐོང་ཁྲོ་རྒྱལ་སྟོབས་འདུས་འདི༔ སྲོག་ལྟར་བཅའོ་སྣོད་མིན་ཤོར་ར་རེ༔ ཞེས་པ་ལྟར་ཕྱི་སྒྲུབ་བྱིན་རླབས་ཀྱི་རྩ་བ་ཁྲོ་འདུས་མེའི་འཁོར་ལོ་དོན་གསུམ་གྱིས་བསྟན་པ་དབྱངས་ཅན་མས་ཕྱི་རབས་དོན་དུ་བཀོད་པ། དེའི་གཏོར་མ་རིན་ཅེན་འབར་བའི་དཔེ་རིས། ནང་སྒྲུབ་ཡང་སྙིང་རྡོ་རྗེའི་འཕྲེང་བ་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་མཁར་ཆུ་དཔལ་ཕུག་ཏུ་བྲིས་པ། དེའི་དཀྱིལ་འཁོར། བུམ་པ། གཏོར་མ་རིན་ཅེན་འབར་བ། སྨན་གཏོར་རཀྟའི་དཔེ་རིས། གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་མཁར་ཆེན་བཟས་གུ་རུའི་གསུང་བཞིན་ལ་ཡག་མོན་མཁར་སྟེང་ནས་མཁར་ཆུ་ཕེབས་ཚེ་བཀོད་པ་དེའི་དཀྱིལ་འཁོར། བུམ་པ། གཏོར་མ་རིན་ཅེན་འབར་བ། བནྡྷ། མེ་ལོང་། ཚེ་ཆང་། ཚེ་རིལ། ཚེ་འགྲང་གི་དཔེ་རིས། ཡང་གསང་བླ་མེད་དོན་གྱི་སྙིང་པོ་ཡིད་བཞིན་ནོར་བུར་སྒྲུབ་པ་ཨྱོན་ཆེན་པོའི་གསུང་བཞིན་འཚོ་རྒྱལ་གྱིས་སྐྱེན་པར་བྲིས་པ། བླ་མ་ཀུན་


GLG003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡིད་བཞིན་ནོར་བུར་སྒྲུབ་ཐབས་སྙིང་ལ་མནོག་ཆོས་གུ་རུའི་གསུང་བཞིན་དབྲི་བསྣན་མེད་པར་མཁར་ཆེན་བཟས་སྐྱེན་པར་བྲིས་པ། དེའི་དཀྱིལ་འཁོར། བུམ་པ། གཏོར་མར་རིན་ཅེན་འབར་བ། སྨན་རཀ་གཏོར་མའི་དཔེ་རིས། སྤུ་གྲི་སྲོག་གཅོད་ཀྱི་ལས་ཚོགས་ཞེས་པ་ཕན་གནོད་ལས་སྦྱོར་གང་བྱེད་ཀྱང་ཀུན་ལ་གཅེས་པའི་མན་ངག་ལས་ཀྱི་འཕྱོང་དུ་བཏགས་པ་གནད་ཀྱི་གཟེར་ཐིག་ཞར་བྱུང་ཤིན་ཏུ་ཐུ་ན་གདུལ་ཐབས་ཀྱི་ལས་མཐའ་དང་བཅས་པ། སྒྲུབ་ཐབས་ཀུན་གྱི་ཁ་སྐོང་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེའི་འཁོར་ལོ་མཁར་ཆེན་བཟས་སློབ་དཔོན་གསུང་བཞིན་མཁར་ཆུ་རྟ་རྒྱུན་དུ་བྲིས་པ་རྣམས། བཞི་པ་སྨིན་ཟིན་གྲོལ་བར་བྱེད་པའི་འཁྲིད་ཡིག་ནི། བླ་མའི་ཐུགས་འཁྲིད་ཡིད་བཞིན་ནོར་བུ་དང་༔ སྙན་བརྒྱུད་ཡིད་བཞིན་ནོར་བུ་གཉིས་སྦྲེལ་བ༔ ཡང་ཟབ་སྙིང་པོ་ཡིན་ནོ་སྙིང་ལ་ཆོངས༔ ཞེས་པ་ལྟར་སྲོག་རྩའི་དངས་མ་ལྟ་བུ་ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་ལམ་ཐུགས་སྒྲུབ་དྲག་པོའི་ཡང་གཅེས་བླ་མའི་རྫོགས་རིམ་ཐུགས་འཁྲིད་ཡིད་བཞིན་ནོར་བུ། རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྤྲོས་མེད་དོན་གྱི་སྒྲུབ་པ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་བྱིན་རླབས་རྩ་བ། གཏེར་སྟོན་གྱིས་མཛད་པའི་གསོལ་༼བྱང༽འདེབས་མི་དམིགས་ཆོས་དབྱིངས་མ་རྣམས། ཐེམས་མེད། ལྔ་པ་ཀུན་གྱི་ཁ་སྐོང་ཞིང་ཚད་བསྟན་པ་འཕྲིན་ལས་དང་རྟགས་ཡིག་ནི། ཀུན་གྱི་ཁ་སྐོང་ལས་བྱང་མེ་རླུང་འཁྱིལ༔ བསྟོད་བསྐུལ་རྣམ་རྒྱལ་རྟགས་ཡིག་ཉི་ཟླའི་འཕྲེང་༔ འཕྲིན་ལས་མྱུར་བྱེད་མེ་ཡི་འཕྲེང་བ་རྣམས༔ ཀུན་ལ་གཅེས་སོ་སྤེལ་ཚོད་རིག་པར་རྟོགས༔ ཞེས་པ་ལྟར་ཀུན་གྱི་ཁ་སྐོང་ལས་བྱང་མེ་རླུང་འཁྱིལ་


GLG003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། དུས་འཁྲུག །དལ་ཡམས་གདོན་འདུལ། ལྟས་ངན་བཟློག་པ་སྲེག་ཟོར་སོགས་ཀྱི་སྐབས་བྱ་བ་བསྟོད་བསྐུལ་རྣམ་རྒྱལ་༼བྱང༽འབར་བའམ་དུར་ཁྲོད་མེ་དཔུང་མ། སྒྲུབ་པའི་བཟང་ངན་རྟགས་རིམ་རྣམ་པར་གསལ་བ་སྟོན་པ་ཉི་ཟླའི་འཕྲེང་བ་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆུ་དཔལ་ཕུག་ཏུ་བྲིས་པ། བྱ་སླ་འཕྲིན་ལས་མྱུར་འགྲུབ་རྒྱས་པའི་ལས་སྒྲུབ་མེ་མཆོད་ཁ་སྐོང་སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས། དེའི་ཐབས། དགང་བླུགས་ཀྱི་དཔེ་རིས། རཏྣ་ཤྭ་རས་མཛད་པའི་དྲག་པོའི་སྦྱིན་སྲེག་༼བྱང༽གདུག་པ་ཚར་གཅོད་རྣམས། ཐེམས་མེད། དྲུག་པ་བྱེ་བྲག་རྐྱང་པར་སྒྲུབ་པ་གོ་ཆའི་ལྷའི་སྒོས་སྒྲུབ་ནི། བྱེ་བྲག་སྒོས་སྒྲུབ་རྐྱང་པར་སྒྲུབ་པ་ཡང་༔ འཇམ་དཔལ་སྒྲུབ་པ་རྡོ་རྗེ་ཐོད་བརྩེགས་དང་༔ ཚེ་དཔག་མེད་པ་རྡོ་རྗེའི་འཕྲེང་འཛིན་དང་༔ རྟ་མགྲིན་སྒྲུབ་པ་མེ་རླུང་དམར་ནག་དང་༔ གསང་བདག་སྒྲུབ་པ་དྲག་པོ་ཐོག་འབེབས་དང་༔ ཁྱུང་ནག་སྒྲུབ་པ་གནམ་ལྕགས་སྤུ་གྲི་དང་༔ མཁའ་འགྲོའི་སྒྲུབ་པ་སྙིང་པོའི་ཡང་ཞུན་དང་༔ སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་དང་༔ ཡཀྵ་མེ་དཔལ་ཁྲོ་རྒྱལ་སྟོབས་འདུས་ཏེ༔ འདི་དག་རྣམས་ཀྱང་བྱིན་རླབས་མཐུ་རྩལ་ལྡན༔ ཞེས་པ་ལྟར་འཇམ་དཔལ་སྐུའི་སྒྲུབ་པ་རྡོ་རྗེ་ཐོད་བརྩེགས། དེའི་དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་པ་རྡོ་རྗེའི་འཕྲེང་འཛིན། དེའི་དཀྱིལ་འཁོར། ཚེ་བུམ་སྟེང་དུ་འགྲང་རྒྱས་རྟ་མགོ་ཅན་ཡོད་པའི་དཔེ་རིས། རྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ཤོག་སེར་གྱི་ཚིག་དབང་ཞིག་ན་ཤེལ་དཀར་བཟའ་ཡི་གེ་མ་ལགས་ཁོ་མོས་བྲིས་ཞེས་པའང་དཀྱུས་སུ་བཅུག་


GLG003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། དཀྱིལ་འཁོར། རྟ་ཕུར། སྨན་རཀ་གཏོར་མའི་དཔེ་རིས། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོགས་འབེབས་སློབ་དཔོན་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི། །དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། མཁའ་འགྲོ་གསང་སྒྲུབ་སྙིང་པོའི་ཡང་ཞུན་མཆོག་ཐུན་དངོས་གྲུབ་ཐོབ་པར་ཐེ་མི་ཚོམ་པ་འཚོ་རྒྱལ་གྱི་དབུ་སྙུང་མ། སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ལྡན་མ་རྩེ་མང་ཚུལ་ཐོང་ཁོ་མོས་བྲིས་ཀྱི་ཟེར་བའང་དཀྱུས་སུ་སྣང་། ཡཀྴ་མེ་དབལ་འཕྲིན་ལས་ཀྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་དབྱངས་ཅན་མས་བཀོད་པ། དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་དང་བཅས་པ་རྣམས། བདུན་པ་ལྷ་བསྙེན་གྱད་དུ་བསྒྱུར་ནས་འཕྲིན་ལས་ཁ་བསྒྱུར་ལས་ཚོགས་ལ། རྣལ་འབྱོར་རང་ལ་གཅེས་པ། གང་འདུལ་རེ་བ་སྐོང་བ། ཕན་བྱ་བསྲུང་བའི་འཁོར་ལོ། ལུང་བསྟན་ཕན་གནོད་ལས་ཕྲན་དང་བཞི། དང་པོ་ནི། སྣང་སྲིད་དྲེགས་པའི་སྲོག་དབང་དམར་ནག་འདི༔ གཏེར་ཁ་འདི་མིན་དྲག་སྒྲུབ་གཞན་དག་ཏུ༔ སྦས་པ་མེད་དོ་བསྟན་འཛིན་སྙིང་གི་བུ༔ ལུང་རྣམས་བསྟན་པའི་བུ་རྣམས་མ་གཏོགས་པ༔ བསྟན་ན་རང་སྲོག་ཆད་དོ་སྲོག་ལས་གཅེས༔ གཏོར་བཟློག་དྲག་པོ་མཚོན་ཆའི་འཁོར་ལོ་དང་༔ བསྐང་བཤགས་དྲི་མེད་ཤེལ་གྱི་འཕྲེང་བ་དང་༔ མཁའ་འགྲོའི་གྲིབ་སེལ་ཤེལ་གྱི་མེ་ལོང་གསུམ༔ རྣལ་འབྱོར་རྐྱེན་བཟློག་བྱེ་བྲག་སྤྱི་ལ་གཅེས༔ ཞེས་པ་ལྟར་དྲག་པོ་མེའི་འཁོར་ལོའི་བཀའ་དང་འབངས་སུ་གཏོད་པ་སྣང་སྲིད་དྲེགས་པའི་སྲོག་དབང་དམར་ནག་དོན་ལྔས་


GLG003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བུ་མཆོག་ལྔ་ལས་སྤེལ་དུ་མི་རུང་བ། ནང་རྒྱས། རྦོད་གཏོང་ལྟས་ངན། ཡུལ་སྡིགས། ཆགས་ཉམས། རྨི་ལྟས། མཚན་ངན། ནད་འཁྲུག །མཐའ་དམག་སོགས་མི་འཐུན་ཕྱོགས་རྣམས་བཟློག་པ་གཏོར་བཟློག་དྲག་པོ་མཚོན་ཆའི་འཁོར་ལོ། བཟློག་གཏེར་གྱི་དཔེ་རིས། དམ་ཚིག་ཉམས་ཆགས་སྐོང་བ་བཀང་བཤགས་དྲི་མེད་ཤེལ་འཕྲེང་མཁར་ཆེན་བཟས་དཔལ་གྱི་ཕུག་རིང་དུ་བྲིས་པ། སྨན་གཏོར་རཀྟ། རོལ་མོ། རྟ་གཡག །ར་ལུག །བྱ་ཁྱིའི་དཔེ་རིས། མཁའ་འགྲོ་ཆོས་སྐྱོང་ཁྲོས་པ་སོགས་དམ་ཚིག་ཉམས་ཆགས་སྐོང་བ་བཤགས་སྐོང་གྲིབ་སེལ་ཤེལ་གྱི་མེ་ལོང་འཚོ་རྒྱལ་གྱིས་ཞུས་ཏེ་ཨཱ་ཙཪྻ་ཡེ་ཤེས་ཀྱིས་བྲིས་པ། འགྲང་རྒྱས་ཕྱེད་དཀར་ཕྱེད་ནག །གྲིབ་བདག །གྲིབ་བཤོས། བ་དན། ཟོར་གོང་། སྐྱུ་གུ། བུམ་པ། མེ་ལོང་། མདའི་དཔེ་རིས་བཅས་པ་རྣམས། གཉིས་པ་གང་འདུལ་རེ་བ་སྐོང་བ་ནི། རྣལ་འབྱོར་ཚོགས་ཀྱི་ལག་མཆོད་རབ་གསལ་དང་༔ བྱབ་ཆོག་གདོན་འགྲོལ་ཁྱུང་ནག་ཆར་འབེབས་གསུམ༔ གང་འདུལ་གདུལ་བྱའི་རེ་བ་ཀུན་སྐོང་ཡིན༔ ཞེས་པ་ལྟར། དམ་རྫས་ལ་བརྟེན་ནས་དངོས་གྲུབ་བླང་བ་བདུད་རྩི་ལག་མཆོད་དངོས་གྲུབ་ཀུན་འབྱུང་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། སྟེང་འོག་གི་གདོན་སྤྱི་དང་ཁྱད་པར་ཀླུ་གདོན་ལ་བྱབ་ཆོག་གདོན་འགྲོལ་ཞར་བྱུང་མན་ངག་གནད་འགྲོལ་དང་བཅས་པ། ཀུན་གྱི་རེ་སྐོང་ཁྱུང་ནག་གི་ཆར་འབེབས་དྲག་རྩལ་ཐོག་འབེབས་རྣམས། གསུམ་པ་ཕན་བྱ་བསྲུང་བའི་འཁོར་ལོ་ནི། ཕན་བྱའི་ལས་ཚོགས་བསྲུང་འཁོར་ཡོངས་རྫོགས་ནི༔ བྱིན་རླབས་ནུས་ལྡན་ཐོག་དང་འདྲ་ན་ཡང་༔ གདེང་དང་མི་ལྡན་འཁུ་ལྡོག་རང་ལ་ཡོང༔ ནོར་དང་ངོ་དགའ་མི་


GLG003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱིར་གཏོང་ན༔ སྲོག་ལ་ཡོང་བས་རབ་ཏུ་འཚོ་ཤེས་བྱ༔ ཉེས་པ་ཀུན་སེལ་རྡོ་རྗེའི་གོ་ཆ་དང་༔ ངག་མནན་འགྲོལ་བ་རྡོ་རྗེ་རྣམ་འཇོམས་དང་༔ འཛུལ་ཆོག་རྡོ་རྗེ་གོ་ཆ་ལ་སོགས་པའི༔ ཟབ་གཅེས་འགའ་མཆིས་མིག་འབྲས་ལྟ་བུར་བཙའ༔ ཞེས་པ་ལྟར་དྲག་པོ་སྐུའི་བསྲུང་འཁོར་ཆེན་མོའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ། སྡེ་བརྒྱད་ཐམས་ཅད་བསྲུང་བ་མེ་ཆུ་རླུང་འཁྲུག་ཡོན་དུ་གསེར་ཞོ་རེ་མ་བྱུང་ན་མི་འདོགས་པ། བསྲུང་བཟློག་གནད་ཀྱི་ཙཀྲ་ཐུབ་ཆོད་ཆེན་མོ་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པ། འགོང་པོ་སྤུན་དགུ་བསྲུང་ཐབས་ཤིན་ཏུ་གཉན་པ་ཡོད་པ་ཙམ་གྱིས་འགོང་པོ་ཉེ་བར་མི་ནུས་པ་སྲོག་ལྟར་གཅེས་པ། བསེན་མ་བསྲུང་བ་བསེན་མོ་དང་གསོན་འདྲེ་མོའི་རིགས་ཀྱིས་གནོད་པ་མི་ནུས་པ། རྒྱལ་བསེན་ཤི་ས་བསྟན་པ་སྲོག་གི་འཁོར་ལོ་གསེར་ཞོ་རེ་མེད་པར་མི་འདོགས་པ་བྱུང་ན་མ་བཏགས་པ་རང་ལ་དགའ་བ། དམ་སྲི་དང་ཆུང་སྲི་གསད་པའི་སྲོག་འཁོར་ཤིན་ཏུ་གཉན་པ་སྲོག་ལྟར་གཅེས་པ། ཀུན་ཐུབ། ཆུ་ཀླུང་འཁྲུག་པ། ཐུབ་ཆོད་ཆེན་མོ། འགོང་པོ་སྤུན་དགུ་བསྲུང་བ། བསེན་མོ་བསྲུང་བ། རྒྱལ་བསེན་ཤི་སྲོག །དམ་སྲི་ཆུང་སྲི་གསད་པ་རྣམས་ཀྱི་དཔེ་རིས། ཉེས་པ་ཀུན་སེལ་གྱི་བསྲུང་འཁོར་རྡོ་རྗེའི་གོ་ཁྲབ་ཕྲ་མེན་རྒྱ་མཚོའི་རྒྱུད་ནས་བཏུས་པ་འདི་ལ་ནང་གསེས་ཀྱི་ངན་སྦྱོར་གྱི་རྟགས། དེ་ལས་འགྲོལ་ཐབས་གཤིན་རྗེ་ནག་པོའི་སྦྱོར་བ་ཡང་འཇིག་ན་བན་དགྲ་ཙམ་སྨོས་ཅི་དགོས་པ། གཏད་ཀྱི་ཉེས་པ་འགྲོལ་བ་ཀླུ་བདུད་མགོ་དགུའི་སྒོམ་བཟླས། ཕུང་སེལ་གྱི་ཉེས་འགྲོལ་སྟོབས་ལྡན་ནག་པོའི་སྒོམ་བཟླས་དང་བཅས་པ། ངག་མནན་འགྲོ་བ་རྡོ་རྗེའི་རྣམ་འཇོམས་ཀྱི་མན་ངག་གིས་


GLG003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ངག་གནོན་པ་དང་། རང་གི་ངག་འགྲོལ་བ་དཔེ་རིས་དང་བཅས་པ། ཉེས་པ་ཀུན་གྲོལ་གྱི་མན་ངག་འཛུལ་ཆོག་རྡོ་རྗེའི་གོ་ཆ་མཁའ་འགྲོ་མའི་སྙིང་ཐིག་དཔེ་རིས་དང་བཅས་པ་རྣམས། བཞི་པ་ལུང་བསྟན་ཕན་གནོད་ལས་ཕྲན་ནི། གཞན་ཡང་བྱེ་བྲག་ལུང་བསྟན་རིམ་པ་དང་༔ མན་ངག་ཁ་འཐོར་འགའ་རེ་ཡོད་པ་རྣམས༔ སྟོན་དང་སྤེལ་ཚོད་གཏེར་བདག་རང་གིས་རྟོགས༔ ཞེས་པ་ལྟར་རྒྱ་འདྲེ་འགོང་པོའི་ལུང་བསྟན་ཤཱཀྱ་མུ་ནེར་རྒྱབ་གཏད་པའི་ལྷ་ཆེན་གཉིས་བྱུང་བ་ལ་བརྟེན་ནས་བོད་སྡུག་བསྔལ་བ། དེའི་བཟློག་ཐབས་ལྷ་སའི་ས་དགྲ་འཆོས་ཐབས། འགོང་པོ་འདུལ་ཐབས་ཀྱི་མནན་པ་དང་བཅས་པ་འཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་སྦས་པ། ལོགས་སུ་གབ་པ་འགོང་པོ་ས་ཐེ་ནག་༼བྱང༽པོའི་སྤྲུལ་པ་འབྱུང་བའི་ལུང་བསྟན། དྲག་པོའི་ལས་ཚོགས་ཁ་འཐོར་གྱི་ངན་སྔགས་རེག་ཕུང་ནག་པོ་ཞེས་པ་རྫས་ཀྱི་ཁ་བསྒྱུར་ལ་བརྟེན་ནས་རྒྱ་སྐད་སྨྲ་བ། ལྐུགས་པ། སྨྱོ་ནས་བཙུན་པ་མང་པོའི་དམག་འོང་བར་མཐོང་བ། ཁྲབ་ཅན་དུ་མཐོང་བ། བུད་མེད་དུ་མཐོང་བ། གཏན་དུ་སྨྱོ་བ། བླས་འཆོས་པ། དེ་རྣམས་གསོ་ཐབས། ལོ་ཏོག་བསྐམ་འགྲོ་བ། མཛེ་གཏད་ལོ་གསུམ་ལས་སུ་མི་རུང་བ། མཚན་གཏད་ཁྲག་འཛག །དེ་འགྲོལ་ཐབས། མཚན་གཏད་བསྐྲངས་ནས་འཆི་བ། ཞིང་ལ་ཤ་བ། དགོ་བ། རི་བོང་། བྱི་བ་བསྲུང་བ། འཇི་བ། རི་སྦུར། ཤིག་བསྲུང་། དུག་འགྲེད། གག་ལྷོག་ཟེར་གསུམ། འབྲུམ་བུ་གཉན་ནད། རྒྱལ་གནོད་འདྲེ་སྐྱོན་དང་ཆོ་འཕྲུལ། ལོ་ནད་རྩྭ་དང་སད། ཆམ་པ་སྲུང་ཐབས་རྣམས། བརྒྱད་པ་བཀའ་དང་བསྟན་པ་བསྲུང་བ་དམ་ཅན་གཏེར་བསྲུང་ནི། སྤུ་གྲི་སྐོར་གསུམ་གསང་


GLG003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲིལ་སྒྲུབ་དང་༔ སྙོན་ཁའི་བསྟོད་པ་བསྐུལ་དང་བཅས་པ་རྣམས༔ གསང་གཏེར་འདི་ཡི་གཏེར་སྲུང་ཆེན་པོ་སྟེ༔ ཟབ་ཅིང་གཉན་པས་སྤེལ་ཚོད་རིག་པར་ལྟོས༔ ཞེས་པ་ལྟར་དྲག་པོ་མཆེད་གསུམ། འབར་བ་སྤུན་གསུམ། དམག་རྒྱལ་སྤུན་གསུམ། ལྡང་ལྷ་མཆེད་གསུམ། ལེགས་རྩལ་སྤུན་གསུམ་སོགས་གཞི་གཅིག་ལ་མིང་སྣ་ཚོགས་སུ་བཏགས་པ་དོན་དུ་བདུད་ནག་སྲོག་གི་སྤུ་གྲི། བཙན་དམར་ལས་ཀྱི་སྤུ་གྲི། ཀླུ་རྒྱལ་དུག་གི་སྤུ་༼བྱང༽གྲི་གསུམ་གྱི་བོད་རྦད་གསད་གསུམ་གཅིག་ཏུ་དྲིལ་བ། བསྟོད་བསྐུལ། མནན་སྲེག་གིས་མཇུག་བསྡུ་བ་དང་བཅས་པ། དེའི་གཏོར་མ། འབྲུབ་ཁུང་། རྟེན་རྫས། ལིང་ག །ཐོད་ངན་གྱི་དཔེ་རིས། གཏེར་སྲུང་དགེ་བསྙེན་སྙོན་ཁ་སྒྲུབ་༼བྱང༽ཅིང་བསྟོད་བསྐུལ་གྱི་རིམ་པ། ཀླུ་བདུད་ནག་པོ་འདི་བསྒྲུབ་པ་ནི་རྣལ་འབྱོར་པས་བཀང་༼བྱང༽གསོ་མཆོད་བསྟོད་གཏོང་དུས་ཀྱི་གསོལ་ཁ་བསྟོད་བསྐུལ་ཨྱོན་པདྨས་མཛད་པ། སྙོན་ཁའི་གནས་བརྒྱད་༼བྱང༽ཀྱི་བསྟོད་པ་རྣམས། དགུ་པ་གུད་དུ་སྦས་པའི་ཡང་གཅེས་གསང་བ་ཐུགས་ཏིག་དམར་ནག་ཐེམས་མེད་སྐོར་ལ། གུ་རུའི་ཐུགས་བཅུད་ཟིལ་གནོན་དྲག་པོའི་སྒྲུབ་པ་ཡང་གཅེས་གསང་བ་སྲིད་གསུམ་ཟིལ་གནོན་ཆེན་པོ་མཁར་ཆེན་བཟས་བཀོད་པ། དམ་ཚིག་ངེས་དོན་སྙིང་པོ་དོན་གྱི་ཧཱུྃ་སྒྲུབ་ཅེས་པ་རྡོ་རྗེ་གྲོ་༼བྱང༽ལོད་སྤྱན་མང་གི་སྒྲུབ་པ་འཚོ་རྒྱལ་གྱིས་དཀར་ཤོག་ལོགས་ལ་བཀོད་པ། བྱང་གཏེར་གྱི་གསང་བ་རིན་ཅེན་འདུས་པ་དང་བརྗོད་དོན་འདྲ་བ་འདུག །དྲག་པོ་བདེ་གཤེགས་འདུས་པ་ཡང་ཞུན་གསེར་གྱི་འབྲུ་གཅིག་༼གཏེར༽མི་གཞིག་གནམ་ལྕགས་རྡོ་རྗེའི་ཕ་ལམ་དང་འདྲ་བ་འཇིག་རྟེན་ན་དཀོན་པའི་


GLG003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། ཁྱུང་དམར་མེའི་འཕྲེང་བ་ཐོག་རྒོད་ཀྱི་སྒྲུབ་ཐབས་ཞེས་པ་སྒོམ་བཟླས། རྫས་སྦྱོར་གྱིས་སྡེ་བརྒྱད་བསྲུང་བ། འཁོར་ལོས་བསྲུང་བ། བསྐྲད་གཟིར། གསད་པ། གདོན། ནད་གསོ་བ། སེར་བ། ཤྭ་བུད་བཟློག་པ། ཞོ་ཆང་བསྲུང་བ། ལྟས་ངན་བཟློག་པ་དང་བཅས་སྟོན་པ། སྡེ་བརྒྱད་བསྲུང་བ་གནམ་ལྕགས་རྡོ་རྗེའི་འཁོར་ལོ་༼གཏེར༽འམ་ཡང་བཟློག་མེའི་འཁོར་ལོ། སྐུའི་ཙཀྲས་ཕྱོགས་ངན། གཟའ་འབྱུང་བའི་དགྲ། སྡེ་བརྒྱད་གནོད་པ། དཀར་ནག་ལས་ཐབས་བྱས་ཉེས་རྣམས་བསྲུང་བཟློག །གསུང་གི་ཙཀྲས་མནན་པའི་ཉེས་པ། ཀླུའི་བྱད། གཏད་སེར་གྱི་ཚེ་རང་ལུས། ས་དགྲ། གཟའ་སྐར་ངན་པ་རྣམས་བསྲུང་བཟློག །ཐུགས་ཀྱི་ཙཀྲས་མཐུ་གཏད། སླར་ཡང་གཉན་པོར་བཟློག་པ། རང་བསྲུང་རྨི་ལྟས་ངན་པ། ལྷ་བསྲུང་འཁུ་བ་རྣམས་བཟློག་པ་སྟེ་དོན་ཚན་བཅོ་ལྔ་པ་༼བྱང༽འཁོར་ལོའི་དཔེ་རིས་དང་བཅས་པ། དུག་བསྲུང་ངོ་མཚར་༼འཁོན༽བའི་མན་ངག་ཟབ་མོ་ཡིད་བཞིན་ནོར་བུ། མཚོན་བསྲུང་རྡོ་རྗེའི་གོ་ཁྲབ་ཅེས་པ་༼འཁོན༽འཁོར་ལོ་སྔགས་རྫས། ཏིང་འཛིན་བསྟན་པའི་དཔེ་རིས་དང་བཅས་པ། གཟའི་དགག་འཁོར་གནམ་ལྕགས་༼གཏེར༽གོ་ཆ་ཤིན་ཏུ་འཁུ་ལྡོག་ཆེ་བས་རེ་རེ་ཙམ་ལས་སྤེལ་དུ་མི་རུང་བ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་གཟེར་བཟློག་པ་རང་གཤེད་དྲག་སྔགས་སྲོག་གཅོད་སྤུ་གྲི་རེག་གཅོད་མཚོན་ཆའི་འཁོར་ལོ་ཞེས་པ་བཙོན་བུ་དོང་དུ་གསོད་པ་ནས་ཙཀྲ་བཅའ་བའི་བར་ཏེ་དོན་བཅུ་གཉིས་ཀྱིས་བསྟན་པའི་ལས་ཚོགས་ཡིད་བཞིན་ནོར་བུ། གསང་བའི་དམ་རྫས་ཀྱི་ཡང་གཅེས་གནད་ཀྱི་མན་ངག་༼བྱང༽ཅེས་པ་མཁའ་འགྲོ་རིགས་འཛིན་ཐམས་ཅད་དབང་མེད་དུ་འདུ་


GLG003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་འབྲེལ་གྱི་རྫས་བདུད་རྩི་སྦྱོར་ཐབས་དང་འབོད་རྫས་རྐང་གླིང་། གསང་བའི་རྔ་ཆུང་། ཡང་གསང་གི་རྫས་མཆོག་སེང་ལྡེང་གི་ཅང་ཏེའུ་གསུམ་བཅའ་ཐབས་དཔེ་རིས་དང་བཅས་པ། རྡོ་གཏོར་ཟབ་མོ་འཇིག་རྟེན་གསུམ་ན་དཀོན་པའི་མན་ངག་ཤིན་ཏུ་བཀའ་གཉན་ཅིང་ཟབ་པ་སྦྱོར་བ་ངན་པ་ཐམས་ཅད་བཟློག་པ་གནམ་ལྕགས་ཀྱི་དུག་མདའ་ལྟ་བུ་དོན་གསུམ་པ་དཔེ་རིས་དང་བཅས་པ། ལས་མཐའ་ཤིན་ཏུ་ཟབ་པ་གཏད་བཟློག་ནག་པོ་མཚོན་ཆའི་འཁོར་ལོ་༼སྤེ༽ལ་ནང་གསེས་ཀྱི་སྡེ་བརྒྱད་སྤྱི་འཆིང་ཆིག་ཆོག་གི་འཁོར་ལོ། བསིལ་བ་ཚལ་གྱི་སྒོ་སྲུང་དམ་སྲི་ནག་པོ་སྤྱང་མགོ་ཅན་བསྲུང་བ། ཤ་ཟའི་མཁའ་འགྲོ་ཙ་མུནྜི་ཞེས་པ་གསོན་འདྲེ་མོ་བསྲུང་བ། ལྷ་དང་རྫས་སྔགས་ལ་བརྟེན་པའི་བསྲུང་བ་ཆིག་ཆོག་རྒྱལ་པོ་གནམ་ལྕགས་རྡོ་རྗེའི་མཁར་ཆེན་རྣམས། རྒྱལ་བསེན་བསྲུང་འཁོར་དམ་ཚིག་སྲོག་གི་འཁོར་ལོར་གྲགས་པ་ལྟེ་བར་རཱ་ཛ་དང་ཅིག་ཤོས་ཀྱི་ཕྱི་ལ་༼སྤེ༽གསོན་འདྲེ་མོའི་གཟུགས་བྲིས་པའི་ཟབ་ཁྱད་ཅན། རྒྱ་འདྲེ་ནག་པོ་ཧ་ལ་ཞེས་བྱ་བའི་དམ་སྲིས་རྒྱལ་པོ་དང་འགོང་པོ་སྤུན་དགུ་བསྡོངས་ནས་ཀུན་ལ་གནོད་པ་བསྲུང་༼གཏེར༽བ་བསྐྲད་མནན་གནད་འཁོར་ཡང་ཟབ་མཐར་ཐུག །ལྕགས་སྡིག་དང་བསེ་སྡིག་ལ་བརྟེན་པའི་དམ་༼གཏེར༽སྲི་ནག་པོ་དང་རྒྱལ་པོའི་སྲོག་བཅུད་འབོར་བ། ངག་གནོན་རང་གཤེད་མནན་པའི་འཁོར་ལོ་ཤིན་ཏུ་ཟབ་པ་གུད་དུ་སྦས་པ། ཞེ་སྡང་ཅན་བསོད་ནམས་གཞིག་པར་བྱེད་པའི་ངན་༼བྱང༽སྔགས་འཁོར་ལོ། དགྲ་བོ་ཉེས་བྱས་དྲན་ཙམ་ལྟས་༼བྱང༽ངན་ནུབ་རེ་གཏོང་བའི་འདྲེ་གནོན། གཟའ་དང་རྒྱལ་པོ་གཉིས་ལ་བརྟེན་ནས་དྲག་


GLG003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་ཀྱི་མཚོན་ཆ་༼གཏེར༽སྲིད་པའི་རྩ་བ་གཅོད་ཅིང་འབྱུང་བ་དཀྲུག་པའི་མན་ངག་དགྲ་བོའི་སྲོག་རྩ་གཅོད་པ་སྤུ་གྲི་ཨར་གཏད་ནག་པོ་རལ་གྲི་ཕྱུང་བརྡེག་མ། རྐྱལ་ནག་ཕུ་འདེབས་ཀྱིས་དགྲ་བོ་གསོད་པའི་གདམས་པ་༼གཏེར༽མཚོན་ཆའི་འཁོར་ལོ་གདུག་པའི་སྦྱོར་བ་སྒང་ཚལ་ནག་པོ། མོན་ནག་གི་བདག་པོ་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་སྒྲུབ་པ་ལས་སྦྱོར་༼གཏེར༽བསྐུལ་ཉི་མ་ཤར་ཕྱོགས་མ་དང་བཅས་པ། ཞིང་སེལ་ནག་པོའི་སྦྱོར་བ་༼བྱང༽རྫས་ལ་བརྟེན་པའི་སྐྱེ་བ་རྒྱུན་གཅོད། འཁོར་ལོ་དང་ཐོད་པར་བརྟེན་༼བྱང༽པའི་ཞིང་སེལ། རྫས་སྔགས་ཀྱིས་ཞིང་ལ་རི་བོང་བསྲུང་བ། རི་ཕྱུགས་ལ་སྤྱང་ཀི་ཤིན་ཏུ་ཐུ་ན་སྔགས་ཀྱིས་བསྲུང་བ། བུ་འབྱུང་ཐབས་མངལ་གྱི་རྩ་མདུད་འགྲོལ་བ། ཆུང་སྲི་གནོན་པ་༼སྤེ༽ཟབ་གཅེས་སྙིང་དང་འདྲ་བ། ཕྱུགས་ཤེ་ལ་འགྲོ་བ། བེའུ་འཇུར་སྡོམ། འབྱུང་པོའི་རྒྱུ་ལམ་གཅོད་པ་༼འཁོན༽ཕྱག་རྟགས་རྡོ་རྗེ་རྒྱ་ཅན་རྣམས་རྫོགས་པར་ཐོབ་པ་ལས་སྤེ་འཁོན་གཏེར་གསུམ་གྱི་རྟགས་ཡོད་པ་རྣམས་མ་གཏོགས་པའི་དབང་རྒྱས་འབྲིང་བསྡུས་གསུམ་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། མངའ་བདག་ཁྲི་སྲོང་ལྡེ་བཙན། འབྲོམ་བཟའ་བྱང་ཆུབ་སྨན། ཤེལ་དཀར་བཟའ་རྡོ་རྗེ་འཚོ། དཔལ་གྱི་མཆོད་གནས་མ་བྲམ་ཟེ་དཱི་པཾ། མཁར་ཆེན་བཟའ་འཚོ་རྒྱལ། སྒྲུབ་པའི་མཆོད་གཡོག་ལང་འགྲོ་ལོ་ཙཱ་བ། གཏེར་སྟོན་ཆོས་རྒྱལ་ཞིག་པོ་གླིང་པ། སྲས་དཔའ་བོ་མཐའ་ཡས་གྲགས་པ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཁྲི་སྲོང་རྣམ་


GLG003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་ཀུན་བཟང་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་མནོག་ཆོས་སུ་སྩལ་ཏོ། །ཡང་ན་དཔའ་བོ་མཐའ་ཡས་གྲགས་པ་ནས། ལྷ་བྲོ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། རྒྱལ་སྲས་ཚེ་དབང་གྲགས་པ། སོ་ལ་མགོན་པོ་རྡོ་རྗེ། བླ་མ་རཏྣ་ཤྭ་ར། བླ་མ་མདོ་སྡེ་རྒྱ་མཚོ། རིགས་འཛིན་པདྨ་དབང་ཕྱུག །སྔགས་འཆང་བཀྲ་ཤིས་དབང་ཕྱུག །ཆོས་རྒྱལ་དབང་པོའི་སྡེ་མན་གོང་བཞིན། ཡང་བྱང་འཁོན་གཏེར་གསུམ་གྱི་རྟགས་ཅན་རྣམས་མ་ཡིན་པའི་དབང་རྒྱས་འབྲིང་བསྡུས་གསུམ་ལུང་དང་བཅས་པའི་བརྒྱུད་པ་ནི། གཏེར་སྟོན་ནས། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། དྲིན་ཅན་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། ཀརྨ་འཕྲིན་ལས་རྒྱ་མཚོ། སྤེ་ལྕོགས་བླ་མ་དགེ་སློང་སངས་རྒྱས་ཕུན་ཚོགས། ཐུགས་སྲས་ཆོས་རྗེ་རིགས་འཛིན་ཆོས་བཟང་། ཁྱབ་བདག་བློ་མཆོག་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གཏོར་དབང་བསྡུས་པ་ནོར་བུ་ལུགས་སུ་བསྐུར་བ་དང་བསྲུང་འཁོར་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྟག་མགོ་ཡོན་ཏན་དཔལ། ཟིངས་པ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། རིགས་འཛིན་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། གུ་རུ་ཀུན་དགའ་གྲགས་པ། བརྒྱུད་འཛིན་ཀུན་


GLG003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྟན་འཛིན། ཀ་ཐོག་པ་དབང་གྲགས་རྡོ་རྗེ། དུ་མ་རང་གྲོལ་མན་གོང་ལྟར། ཡང་བསྲུང་འཁོར་ཡོངས་རྫོགས་ལུགས་གཅིག་ནི། ཀ་ཐོག་པ་དབང་གྲགས་རྡོ་རྗེ་ནས། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །འཁོན་གྱི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། འཁྲུལ་ཞིག་པདྨ་སངས་རྒྱས། རིགས་འཛིན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གཏེར་གྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། ཀརྨ་འཕྲིན་ལས་རྒྱ་མཚོ་ནས། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལའོ། །གུང་ཐང་མཁར་རམ་བཙན་མཁར་རི་མོ་ཅན་གྱི་ཤར་ལྷོར་ལྟ་བའི་དཀྱིལ་སྨད་བྲག་རྟ་སོ་འདྲ་བ་སུམ་བརྩེགས་ཀྱི་མཐའ་མ་ནས་སྤྲུལ་སྐུ་རཏྣ་གླིང་པས་སྤྱན་དྲངས་པའི་ཚེ་དཔག་མེད་རྡོ་རྗེ་འཕྲེང་བའི་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། རྡོར་དྲིལ། རྡོ་རྗེ། ཅོད་པན། དྲིལ་བུས་ཚེ་དཔག་མེད་རིགས་ལྔའི་དབང་བུམ་པས་རིགས་བདག་ལྔའི་དབང་། གཟན་བུམ་གྱིས་ཡུམ་ལྔའི་དབང་དང་བཅས་པ་མནོས་ནས། ལུང་ལ། ཐེམས་བྱང་རྒྱ་བཅུ་གསུམ་གྱིས་སྤྲས་པ། དེ་ལས་འཕྲོས་པའི་ཆོས་སྐོར་ལ། ཚེ་སྒྲུབ་རྡོ་རྗེ་འཕྲེང་བ། སངས་རྒྱས་བསྒྲུབ་པའི་ཆོས་བརྒྱད། ཡིད་བཞིན་ནོར་བུའི་ཆོས་བཅུ་དང་གསུམ། དང་པོ་ལ་མ་ལྔ། ཐེམས་མེད་ལྔ། བུ་ལྔ་སྟེ་གསུམ། དང་པོ་ནི། སློབ་དཔོན་བྱོན་པའི་ལོ་རྒྱུས་གླེང་གཞི་དང་༔ དཀྱིལ་འཁོར་རྫས་བསག་སྟ་གོན་རིམ་


GLG003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་༔ བདག་འཇུག་སློབ་དཔོན་རང་དབང་དང་༔ དངོས་གཞི་སློབ་བུའི་དབང་བསྐུར་དང་༔ དམ་ཚིག་ཆོ་གའི་རིམ་པ་སྟེ༔ མ་ལྔ་འཛོམས་པའི་ཐེམས་ཡིག་གོ༔ ཞེས་པ་ལྟར་ལས་རྒྱུན་ཡོད་པ་ནི། ཚེ་སྒྲུབ་རྡོ་རྗེ་འཕྲེང་བའི་ལོ་རྒྱུས་མདོ་ཙམ་བཤད་༼ཟུར༽པ་ཉི་མའི་སྙིང་པོ་རྫོགས་སོའི་མཐའ་ཅན། སྔོན་འགྲོ་དབང་བྱང་བཀོལ་བ་སྟ་གོན་གལ་༼ཟུར༽མཐོ་པདྨས་ཁྲིགས་སུ་བཀོད་པ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། བདག་འཇུག་སློབ་དཔོན་གྱི་དབང་འགྲོ་དོན་མཐར་ཕྱིན་བཀྲ་ཤིས་ཤོག་གི་མཐའ་ཅན། གསང་བ་ཚེའི་དབང་ཆོག་རྡོ་རྗེ་འཕྲེང་བ་བསྐུར་ཐབས་༼ཟུར༽སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་རྣམས། གཉིས་པ་ཐེམས་མེད་ལྔ་ནི། གསང་བ་ཕྱིའི་སྒྲུབ་རྡོ་རྗེའི་འཕྲེང་༼ཟུར༽བ་ཨོ་རྒྱན་གྱི་ཐུགས་བཅུད་ཉིང་ཁུ་ཕྲད་ཤོག་མཐའ་ཅན། ཤིན་ཏུ་ཟབ་པ་ནང་སྒྲུབ་རྡོ་རྗེའི་འཕྲེང་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་༼ཟུར༽པ་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་བྲིས་པ། མཆོག་ཏུ་གྱུར་པ་གསང་སྒྲུབ་རྡོ་རྗེ་འཕྲེང་བ་ཟབ་པའི་མཐར་ཐུག་༼ཟུང༽མ་ཆག་ན་རྡོ་རྗེ་ཚེའི་རིགས་འཛིན་ཐོབ་པར་དབུ་སྙུང་གི་མཐའ་ཚིག་ཅན། ཤིན་ཏུ་ཡང་ཟབ་སྙིང་པོའི་བཅུད་དུ་གྱུར་པ་གསང་བ་ཚེ་འཁྲིད་རྡོ་རྗེའི་འཕྲེང་བ་༼ཟུར༽ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག་གི་མཐའ་ཅན། རྫས་ཀྱི་ཚེ་སྒྲུབ་བཅུད་ལེན་རྡོ་རྗེའི་འཕྲེང་བ་ཚེའི་སྒྲུབ་པ་༼ཟུར༽ཡང་སྙིང་སྲོག་ཐིག་ཕྲད་ཤོག་གི་མཐའ་ཅན་རྣམས། གསུམ་པ་བུ་ལྔ་ནི། དབང་གི་མེ་མཆོད་རྣམ་བཞི་དང་༔ ཐབས་ལམ་ཚེ་ཡི་བཅུད་སྡུད་དང་༔ མ་འོངས་བསྟན་པའི་ལུང་བསྟན་དང་༔ སྤྱི་ཁྱབ་གཅེས་པའི་ཡིག་ཆུང་དང་༔ གཏེར་སྟོན་ཕྱག་རྒྱའི་ལུང་བསྟན་


GLG003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དེ་སྔ་མ་ལྔའི་བུ་ཡིག་ཡིན༔ ཞེས་པ་ལྟར། ཞི་རྒྱས་དབང་དྲག་གི་མེ་མཆོད་ལས་༼ཟུར༽ཅན་དང་ཕྲད་པར་སྨོན་པ། བུད་མེད་མཚན་ལྡན་ལ་བརྟེན་ནས་ཚེའི་རིགས་འཛིན་སྒྲུབ་པ་ཐབས་ལམ་པདྨ་བཅུད་སྡུད་གསང་བའི་སྙིང་བཅུད། ཐུགས་སྲས་ཉེ་བའི་འཁོར་བརྒྱ་དང་རྩ་བརྒྱད་ཀྱིས་རང་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་ཞུས་པའི་བསྟན་པ་སྤྱི་ལུང་གང་ཟག་སྒོས་ལུང་མཐའ་དབུས་འཁྲུག་ཚུལ་གྱི་ལུང་བབསྟན། འདི་སྲོང་བཙན་བང་སོར་རྫོང་འབྱུང་བ་སོགས་ཡོད་པས་ལུང་བསྟན་ཆེན་མོ་དང་མི་གཅིག །སྒོས་སུ་གཏེར་སྟོན་དང་ཕྱག་རྒྱ་ཉི་ཤུ་རྩ་ལྔའི་ལུང་བསྟན། གཏེར་སྟོན་གྱིས་དང་སྤྲོ་བསམ་གཏན་གླིང་དུ་མཛད་པའི་སྔོན་འགྲོ་ཆོས་སྤྱོད་ཚེ་དབང་རིགས་འཛིན་མ། ཐེམས་མེད། ད་དུང་ཐེམས་དང་བསྟུན་ན་དམ་ཚིག་རྣམ་བཤད་དང་སྤྱི་ཁྱབ་ཅེས་པའི་ཆོས་གཉིས་མ་བྱུང་། གཉིས་པ་མཐར་ཐུག་སངས་རྒྱས་བསྒྲུབ་པའི་ཆོས་བརྒྱད་ལ་མ་བུ་གཉིས་ལས་དང་པོ་མ་བཞི་ནི། སྔོན་འགྲོ་སྤྱི་ཡི་བཅའ་ཐབས་དང་༔ དབང་བཞི་བླ་མའི་རྣལ་འབྱོར་རོ༔ དངོས་གཞི་ལྷ་ཡི་རྣལ་འབྱོར་དང་༔ བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ༔ སེམས་ཉིད་སྟོང་པའི་རྣལ་འབྱོར་རོ༔ ཞེས་པ་ལྟར། ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔའི་གསང་༼ཟུར༽འཁྲིད་ཅེས་པ་སྔོན་འགྲོའི་བཅའ་ཐབས། ལུས་བསྐྱེད་པ་ལྷའི་འཁོར་ལོ། ངག་བཟླས་པ་སྔགས་ཀྱི་འཁོར་ལོ། སེམས་དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོའོ། །གཉིས་པ་བུ་བཞི་ནི། འཚོ་རྒྱལ་ཞུས་པའི་སྤྲོས་གཅོད་དང་༔ མཚན་མ་མེད་པའི་རྫོགས་རིམ་དང་༔ ཟ་བ་བདུད་རྩི་འཁོར་ལོ་དང་༔ བག་ཡངས་སྤྱོད་པའི་འཁོར་ལོ་སྟེ༔ མ་བཞི་བུ་བཞི་རྣམ་བརྒྱད་དེ༔ ཞེས་པ་ལྟར་ལས་སྤྲོས་པ་གཅོད་པ་མ་རྙེད། མཚན་མ་མེད་པའི་རྫོགས་རིམ།


GLG003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་བདུད་རྩི་སྨན་གྱི་འཁོར་ལོ། སྤྱོད་ལམ་བག་ཡངས་ཀྱི་འཁོར་ལོ་རྣམས། གསུམ་པ་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་བཅུ་ནི། ཀུན་ལ་གཅེས་ཤིང་ཟབ་པ་ཡི༔ ཡིད་བཞིན་ནོར་བུའི་ཆོས་བཅུ་ལ༔ འཚོ་རྒྱལ་ཞུས་པའི་ལོ་རྒྱུས་དང་༔ ཀུན་ལ་གཅེས་པའི་བརྗེད་ཐོའི་ཚུལ༔ སློབ་དཔོན་དངོས་འབྱོན་ཚེས་བཅུ་ཡི༔ ཇི་ལྟར་གཟུང་བའི་ཐབས་ལོ་རྒྱུས། ཞེས་སོགས་ཆོས་ཚན་བཅུའི་ནང་ནས། དུས་བཟང་ཚེས་བཅུ་གཟུང་ཐབས་ཕན་ཡོན་བསྐུལ་བྱང་དང་བཅས་པ་ཤ་མཚན་མཁའ་འགྲོའི་སྤྱན་འདྲའི་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན་ཙམ་ལས་སྤྱོད་ཡུལ་དུ་མ་གྱུར་ཏོ། །དེ་ཡང་ས་བཅད་སྔ་ཕྱི་གཉིས་ལ་ཆོས་ཚན་སོ་སོར་བཅུ་དང་བར་མ་ལ་བརྒྱད་དགོས་པའི་རྒྱུ་མཚན། རྡོ་རྗེ་འཕྲེང་བའི་མ་བུ་བཅུ༔ གསང་བ་འཁྲིད་ཀྱི་མ་བུ་བརྒྱད༔ ཀུན་ལ་གཅེས་པའི་ཡིག་ཆུང་བཅུ༔ ཉི་ཤུ་རྩ་བརྒྱད་ཆོས་བཀའ་ཚང་༔ ཞེས་པས་ཤེས་སོ། །དེ་ལྟར་དབང་ལུང་རྫོགས་པར་ཐོབ་པ་ལས། དབང་དང་ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་རིགས་ལྔ། སྤྲུལ་སྐུ་སྤྱན་རས་གཟིགས། ཨོ་རྒྱན་པདྨ་ཚེ་དབང་རྩལ། གྲུབ་ཆེན་རྗེ་འབངས་གྲོགས་ལྔ། ཆོས་རྒྱལ་རཏྣ་གླིང་པ། གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། གཙུག་རྒྱན་ནོར་བུ་ཡོངས་གྲགས། ཆོས་དབང་ཡོངས་གྲགས་རྣམ་རྒྱལ། གསང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། མཁས་གྲུབ་ཀརྨ་གསང་སྔགས།


GLG003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལ་ཡག་མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་བྱང་། གནམ་སྐས་ཅན་གྱི་བྲག་རིའི་ཤར་ཕྱོགས་སྟག་ལྤགས་བརྒྱངས་འདྲའི་དཀྱིལ་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ་ཁྲོམ་གཏེར་དུ་སྤྱན་དྲངས་པའི་འདུས་པ་སྐོར་བཞི་ལས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཆོས་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཕྱི་རྒྱུད་སྦྱང་པའི་དབང་། ཀྲྀ་ཡོག་བུམ་པའི་དབང་། ཞི་བའི་ཆས་བརྒྱད། རིགས་ལྔའི་ཕྱག་མཚན། མེ་ཏོག་འཕྲེང་བ། རྒྱལ་བ་རིགས་ལྔ། སྐུ་བཞི་ཡོངས་རྫོགས། སེམས་དཔའ་བརྒྱད། ལྷ་མོ་བརྒྱད། ཐུབ་པ་དྲུག །སངས་རྒྱས་སྟོང་། སྒོ་བ་ཡབ་ཡུམ་བརྒྱད། གསང་བ། རིག་རྩལ། སྐུ་གསུང་ཐུགས། རབ་ཏུ་གནས་པ། བཟའ་བཅའ། ཞལ་ཟས། བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་ཚེ། འགྲོ་བ་འདུལ་བ་རྣམས་ཀྱི་དབང་། གསང་དབང་ཤེར་དབང་། རང་བྱུང་དོན་དབང་རྣམས། གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་གཏོར་དབང་དུ་བསྡུས་ནས་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། ཡིད་ཆེས་ཁུངས་བཙུན་པ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་ཡིད་བཞིན་ནོར་བུ། ཐེམས་བྱང་གཏེར་གྱི་བུམ་པ། དེ་ལས་བྱུང་བའི་ཆོས་སྐོར་ལ། ཆོས་འདི་སྐྱེད་བྱེད་རྩ་བ་རྒྱུད། དེ་ལ་བརྟེན་པའི་བསྐྱེད་རིམ་སྒྲུབ་ཐབས་ཆེ་ཆུང་། ཁ་སྐོང་འཕྲིན་ལས་མ་བུ་ལས་ཚོགས། རྫོགས་རིམ་ཟབ་འཁྲིད་མན་ངག་མ་བུ། མཐར་ཐུག་ཟབ་མོ་ཁྱབ་པར་ཅན་ཚེ་སྒྲུབ། དེ་དག་ཕྱིའི་ཁ་སྐོང་རྒྱབ་ཡིག །བཀའ་དང་


GLG003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་བ་ཆོས་སྐྱོང་སྐོར་དང་བདུན། དང་པོ་ནི། ཐེམས་བྱང་ལས། ཐོག་མར་ཆོས་འདི་སྐྱེད་བྱེད་མ་ཡི་ཚུལ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད༔ ཅེས་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་པོ་ལེའུ་བཅོ་ལྔ་པ་མཁའ་འགྲོའི་བརྡ་དཔེ་ལས་སྒྲ་རང་བསྒྱུར་དུ་མཛད་པ། གཉིས་པ་དེ་ལ་བརྟེན་པའི་སྐྱེད་རིམ་སྒྲུབ་ཐབས་ཆེ་ཆུང་ནི། རྒྱུད་མཆོག་དེ་ལ་བརྟེན་པའི་མན་ངག་སྐོར༔ སྒྲུབ་ཁོག་ཆེན་མོ་དབང་ཆོག་གཏེར་བུམ་དང་༔ གསང་བ་ཤེས་རབ་ཡེ་ཤེས་སྐོར་གསུམ་དང་༔ ཉེར་བསྡུས་གཏོར་དབང་ཡིད་བཞིན་ནོར་བུ་དང་༔ ནང་སྒྲུབ་གསང་སྒྲུབ་བཅས་པ་རྩ་བ་སྟེ༔ ཞེས་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཁོག་ཕུབ་ཆེན་མོ་སངས་རྒྱས་ཐམས་ཅད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་འདུས་པའི་སྒྲུབ་ཆེན། དབང་ཆོག་རིན་ཅེན་གཏེར་གྱི་བུམ་པ། དབང་གོང་མ་གསུམ་བསྐུར་ཐབས་མཁའ་འགྲོའི་གསང་དམ་ཅན། གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་གཏོར་མ་ལ་བརྟེན་ནས་དབང་བཞི་ནོར་བུ་ལུགས་སུ་བསྐུར་ཐབས། འཕགས་པ་ནང་བླ་མ་དང་དབྱེར་མེད་དུ་སྒྲུབ་པ་ལོངས་སྐུའི་སྒྲུབ་ཐབས་ཐུགས་བཅུད་ཡང་ཟབ་གནད་ཏིག །མཐར་ཐུག་སྒྲུབ་པའི་སྙིང་པོ་བསྟན་པ་གསང་སྒྲུབ་ཟབ་པའི་ཕུལ་ཕྱིན་རྣམས། གསུམ་པ་ཁ་སྐོང་འཕྲིན་ལས་མ་བུ་ལས་ཚོགས་ནི། དེ་ཡི་ཁ་སྐོང་ལས་བྱང་འཛབ་དགོངས་དང་༔ མཆོད་འབུམ་སྐྱེ་བདུན་སྒྲུབ་དང་ལས་ཚོགས་དྲུག །དེ་དག་རྩ་བའི་སྐོར་ཡིན་སྙིང་ལ་ཆོངས༔ ཞེས་པ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་བྱང་པདྨའི་འཕྲེང་བ། འཛབ་དགོངས་གནད་ཀྱི་གཟེར་ཐིག །མཆོད་འབུམ་རིན་ཅེན་འཕྲེང་བ། མཁའ་སྤྱོད་སྐྱེ་


GLG003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་སྒྲུབ་པའི་ཆོ་ག་ཡིད་བཞིན་ནོར་བུ། འགྲོ་དོན་ལས་ཚོགས་དྲུག་པ་ཞེས་པ་ཐུགས་རྟེན་གའུ་མཁའ་འགྲོའི་འགྲོ་དོན། ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན། མེ་ལོང་མཐོང་གྲོལ་ལམ་གྱི་བྱ་ཐབས། དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན། སྐུ་གསུམ་ཡོངས་རྫོགས་ཀྱི་འགྲོ་དོན། ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་བྱ་ཐབས་རྣམས། བཞི་པ་རྫོགས་རིམ་ཟབ་འཁྲིད་མན་ངག་མ་བུ་ནི། རྫོགས་རིམ་གསང་འཁྲིད་ཐུགས་ཀྱི་སྙིང་པོ་དང་༔ བཏགས་གྲོལ་གཉིས་དང་རྒྱབ་ཡིག་མ་བུར་བཅས༔ ཚེ་ཚད་རྨི་ལམ་བརྟག་དང་བཅུད་ལེན་སྐོར༔ ཟབ་པའི་མན་ངག་གེགས་སེལ་དབྱུག་བཅོས་བཅས༔ ཡང་ཟབ་འཁྲིད་ཀྱི་མན་ངག་འདི་ཡིས་ཚང་༔ ཞེས་པ་རྫོགས་རིམ་ཟབ་དོན་གསང་འཁྲིད་ཐུགས་ཀྱི་སྙིང་པོ་ཊ་༼གཏེར༽ལ་ཡེ་ཤེས་རང་བྱུང་གི་གནས་སུ་ཐུགས་རྗེ་ཆེན་པོ་དངོས་ཀྱི་གུ་རུ་པདྨ་ལ་གསུངས་པ། གཏེར་སྟོན་གྱིས་མཛད་པའི་བརྒྱུད་པའི་གསོལ་འདེབས་༼གཏེར༽ཐུགས་རྗེའི་སྤྲིན་ཕུང་སྤྲོས་མེད་མཁའ་དག་མ། རང་བྱུང་རིག་པའི་མན་ངག་བཏགས་གྲོལ་སྙིང་པོའི་ཡང་༼གཏེར༽ཞུན་རབ་གནས་དབང་བསྐུར་དང་བཅས་པ་གྲོལ་ཤོག་གི་མཐའ་ཅན། བཏགས་གྲོལ་ཀྱི་རྒྱབ་ཡིག །སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་སྒོ་ནས་ཚེ་དང་འཆི་བ་བརྟག་པ། འདིའི་འོག་ཏུ་འཆི་མེད་བདུད་རྩི་སྨན་གྱི་བཅུད་ལེན་འདུག་ཀྱང་དཔེ་མ་འབྱོར་བས་མ་ཐོབ། རྣལ་འབྱོར་ལུས་ཀྱི་གེགས་སེལ་བ་དབྱུག་བཅོས་རྣམས། ས་བཅད་ལྔ་པ་ནི་ཚེ་སྒྲུབ་གསང་འདུས་ཀྱི་སྐོར་ཏེ་ལོགས་སུ་གསལ། དྲུག་པ་དེ་དག་སྤྱིའི་ཁ་སྐོང་རྒྱབ་ཡིག་ནི། དེ་དག་སྤྱི་ཡི་མན་ངག་རྒྱབ་ཡིག་ལ༔ འཆི་བ་བརྟག་བསླུ་གསལ་བའི་སྒྲོན་མེ་དང་༔ སྐུ་གདུང་སཱཙྪ་རབ་གནས་རིན་ཅེན་འཕྲེང་༔ སྲེག་སྦྱངས་འོད་འཕྲེང་


GLG003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཚིགས་ཐུགས་རྗེའི་འཕྲེང་༔ དེ་ཡི་ལྷན་ཐབས་ཟས་གཏད་གཏེར་མཛོད་དང་༔ སངས་རྒྱས་སྟོང་གི་མཚན་འབུམ་བཅས་པ་རྣམས༔ དེ་དག་ཕན་བྱེད་སྤྱི་ཡི་ཁ་སྐོང་ཡིན༔ ཞེས་པ་འཆི་བ་བརྟགས་སླུའི་མན་༼གཏེར༽ངག་གསལ་བའི་མེ་ལོང་། སྐུ་གདུང་སཱཙྪའི་རིམ་པ་ལ་དངོས་དང་ལན་ཕྲན་ལ་ཚེ་སྒྲུབ། རྨི་ལམ་ངན་པ་དང་རྦོད་གཏོང་བཟློག་པ། སྒྲིབ་སྦྱོང་། ཚེ་འདས་ཀྱི་དོན་དུ་འདེབས་པ། ཞི་རྒྱས་དབང་དྲག་གི་ཁ་བསྒྱུར་དང་བཅས་པ། རབ་ཏུ་གནས་པའི་ཆོ་ག་༼གཏེར༽རིན་ཅེན་འཕྲེང་བ། གཤིན་དོན་བདུན་ཚིག་ཐུགས་རྗེའི་འཕྲེང་བ། དེའི་ཞལ་གདམས་ལྷན་༼གཏེར༽ཐབས་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། གཤིན་པོ་ཟས་གཏད་༼གཏེར༽ཀྱི་ཆོ་ག་རིན་ཅེན་གཏེར་མཛོད། དུས་གསུམ་༼གཏེར༽སངས་རྒྱས་སྟོང་རྩའི་མཚན་འབུམ་ཆེན་མོ་རྣམས། བདུན་པ་བཀའ་དང་བསྟན་པ་བསྲུང་བ་ཆོས་སྐྱོང་སྐོར་ནི། ཆོས་འདིའི་བཀའ་སྲུངས་མན་ངག་ལས་ཚོགས་སྐོར༔ དབང་ཆེན་གསང་སྒྲུབ་སྲོག་གི་སྤུ་གྲི་དང་༔ དབང་དང་ལས་ཚོགས་རིན་ཅེན་གཏེར་མཛོད་དང་༔ བླ་རྡོ་གནད་འབེབས་ཤི་ས་བསྟན་པ་དང་༔ ནོར་སྒྲུབ་ཡང་གཅེས་ཆོ་འཕྲུལ་ཟབ་མོ་དང་༔ ལས་བྱང་དང་ནི་མ་བུ་དེ་ཡིས་ཚང་༔ ཁ་རིའི་གསང་སྒྲུབ་ནོར་སྒྲུབ་ཟབ་མོ་དང་༔ དུར་ཁྲོད་བདག་མོ་ངན་ནེའི་སྒྲུབ་པ་དང་༔ ཡེ་ཤེས་གྲགས་ཀྱི་ཕྱི་ནང་གསང་སྒྲུབ་དང་༔ ཙིཏྟའི་གསང་སྒྲུབ་རྐུན་མ་ངོས་འཛིན་རྣམས༔ ཞེས་པ་ལྟར་གཏོར་སྐུ། བླ་རྡོ། ཕྱག་མཚན་ལ་བརྟེན་པའི་དམ་ཅན་སྐྱེས་བུ་ཆེན་པོའི་དབང་ནོས་ནས། ལུང་ལ། དམ་ཅན་སྐྱེས་བུ་ཆེན་པོའི་གསང་སྒྲུབ་སྲོག་གི་སྤུ་གྲི་ཕྲད་ཤོག་


GLG003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐའ་ཅན། དེ་དང་འདྲ་མིན་༼ཉང༽གཅིག་ཐེམས་མེད། བཅོམ་ལྡན་འདས་སྐུའི་སྤྲུལ་པ་སྲིད་གསུམ་སྒྲོལ་བྱེད་མགར་བ་ནག་པོ་རྡོ་རྗེ་ལེགས་པའི་ངན་སྔགས་གདུག་པའི་མཚོན་ཆས་དགྲ་བོ་མྱུར་དུ་སྒྲོལ་བའི་མན་ངག་བསྙེན་སྒྲུབ་ལས་གསུམ་དང་བཅས་པ་དུག་གི་སྤུ་གྲི་གནམ་ལྕགས་ངར་མ་དང་འདྲ་བ། ཐེམས་མེད། སྐྱེས་བུ་ཆེན་པོའི་རྗེས་གནང་དབང་གི་རིམ་པ། ལུས་ངག་གྲིབ་ལྟར་འགྲོགས་པ་བླ་རྡོ། ར་རོག་གི་པགས་༼ཉང༽པ་ལ་བརྟེན་པའི་བླ་རྡོ། རྡོ་རྗེ་ལེགས་པའི་ཤི་ས་༼ཉང༽བསྟན་པ། རྣོ་མྱུར་ཡང་ཟབ་དམ་ཚིག་ཅན་དམ་གྱི་ནོར་སྒྲུབ་རིན་ཅེན་གཏེར་མཛོད། བོད་རྦད་གསད་གསུམ་ཤམ་བུ་བླ་དབབ་རྣམས་ཀྱི་སྔགས་ཀྱི་འབྲུ་ཐེམས་སྐྱེས་བུ་དྲག་རྩལ་ཡིན་ནོའི་མཐའ་ཅན། དམ་སྲི་སྒབ་འབྲུ་བདུད་བཙན་ཐེའུ་བྲང་གསུམ་གནོན་ཐབས། དམ་སྲི་འགོང་པོ་སྤུན་༼ཉང༽གསུམ་འདྲི་བའི་ཕྱག་ལེན། དམ་སྲི་མནན་པའི་གསལ་བྱེད་༼ཉང༽འཁུ་ལྡོག་མི་འབྱུང་བའི་ཐབས། དམ་སྲི་ཕོ་མོའི་ཤི་ས་༼ཉང༽བསྟན་པ། ཁྱི་དཀར་སྣ་དམར་གྱི་ཐོད་པར་བརྟེན་ནས་ཆོ་འཕྲུལ་གཏོང་བ་དོན་ལྔས་བསྟན་པ། ར་རོག་པོའི་མགོ་ལ་བསྟན་ནས་ལྟས་ངན་བཙན་ཐབས་སུ་གཏོང་བ། ཐེམས་མེད། ལས་བྱང་གསོལ་ཁ་རྒྱལ་བ་ཤཱཀ་ཐུབ་མ་རྣམས། ཁ་རིའི་སྐོར་ནི་དཔེ་མ་འབྱོར་བས་མ་ཐོབ། མུ་སྟེགས་ཀྱི་ལྷ་མོ་སྲོག་༼ཉང༽སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་དཀོར་སྲུང་གི་སྒྲུབ་པ། ནོར་བདག་ཐེའུ་བྲང་ཡེ་ཤེས་གྲགས་ཀྱི་སྒྲུབ་སྐོར་ལ། ཕྱི་སྐྱེས་བུ་དོན་གསལ་དུ་བསྒྲུབ་པ། ནང་དཀོར་བདག་ལྷ་རྒྱལ་དུ་བསྒྲུབ་པ། གསང་བ་དགེ་བསྙེན་ཡེ་ཤེས་གྲགས་སུ་བསྒྲུབ་པ་རྣམས། གནོད་སྦྱིན་ཨ་པ་ར་ཙིཏྟའི་ནོར་


GLG003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་ནང་གསེས་ཀྱི་གནོད་སྦྱིན་སྒྲུབ་པ། ཡོན་བདག་བསྡུ་བ། མཁའ་འགྲོ་གནད་པོར་གསུམ་གྱིས་བསྟན་པ། རྡོ་རྗེ་ཐེམས་མེད། བསམ་གྲུབ་༼༽རྩལ་གྱི་ནོར་སྒྲུབ་རྣམས་རྫོགས་པར་ཐོབ་པ་ལས་ཐུགས་རྗེ་ཆེན་པོའི་དབང་བཞིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། བཙུན་པ་རྒྱལ་བ་མཆོག་དབྱངས། ཤེལ་དཀར་རྡོ་རྗེ་འཚོ། ལང་འགྲོ་དཀོན་ཅོག་འབྱུང་གནས། ཨཱ་ཙཪྻ་ཡེ་ཤེས་། སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གར་དབང་ལས་འཕྲོ་གླིང་པ། སྲས་འཇིག་རྟེན་མགོན་པོ། འདྲེན་མཆོག་སངས་རྒྱས་ཕུན་ཚོགས། ཐུགས་སྲས་རིགས་འཛིན་ཆོས་བཟང་། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་སྔགས་དཀར་མ་ནི་བར་སྩལ་ཏོ། །ཡང་ན་ཚེ་དབང་གྲགས་པ་ནས། ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། དབང་ཆེན་ལྷུན་གྲུབ། སངས་རྒྱས་ཕུན་ཚོགས་མན་འདྲ། གཏེར་དབང་ཡིད་བཞིན་ནོར་བུའི་བརྒྱུད་པ་ནི། འདྲེན་མཆོག་སངས་རྒྱས་ཕུན་ཚོགས་ནས། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གཏེར་གྱི་རྟགས་མ་གཏོགས་པའི་ས་བཅད་དྲུག་པ་ཡན་དང་ཨ་པ་ར་ཙིཏྟའི་སྐོར་གྱི་ལུང་བརྒྱུད་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། མཚུངས་མེད་ངག་དབང་གྲགས་པ། ཐུགས་སྲས་ངག་དབང་ནོར་བུ། རྗེ་བཙུན་ནོར་བུ་ཡོངས་གྲགས། རྗེ་སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། འཕྲིན་ལས་ལྷུན་


GLG003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མན་གོང་ལྟར། གཏེར་གྱི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། རྒྱལ་སྲས་ཀརྨ་འཕྲིན་ལས་རྒྱ་མཚོ། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ལའོ། །དམ་ཅན་གྱི་དབང་དང་གསོལ་ཁའི་བརྒྱུད་པ་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། གུ་རུ་ངག་དབང་ལྷུན་གྲུབ། མི་འགྱུར་ཀུན་དགའ་དཔལ་བཟང་། རིན་ཅེན་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྒབ་འདྲེ་གནོན་ཐབས་དང་ཉང་གི་རྟགས་ཡོད་པ་རྣམས་མ་གཏོགས་པའི་དམ་ཅན་གྱི་ཆོས་སྐོར་རྣམས་གྱི་ལུང་བརྒྱུད་ནི། ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཉང་གི་རྟགས་ཡོད་པ་མ་གཏོགས་པའི་དམ་ཅན་གྱི་ལུང་ཡོངས་རྫོགས་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ཡན་ཐུགས་རྗེ་ཆེན་པོ་ལྟར་ལ། དེ་ནས་མཁས་གྲུབ་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཉང་གི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། ཀརྨ་འཕྲིན་ལས་རྒྱ་མཚོ། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་ལུང་ནི། ནོར་བུ་ཡོངས་གྲགས་ནས། ཡོང་རྫོང་ཡབ་སྲས། གུང་རུ་དཔལ་ལྡན་གྲགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཐེའུ་བྲང་ཡེ་ཤེས་གྲགས་ཀྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། རླུང་གི་སྔགས་


GLG003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་མ་ནི་ཨིནྡྲ་རཱ་ཛ། རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །གནས་སྐབས་ཀླུ་བདུད་མགོ་དགུའི་ཕོ་བྲང་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་འདུས་པ་སྐོར་བཞི་ལས་ཚེ་དཔག་མེད་གསང་བ་འདུས་པ་ལ་ཐེམས་བྱང་ལོགས་སུ་མེད་པ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཐེམས་བྱང་ན་གསལ་བའི་ས་བཅད་ལྔ་པའི་སྐོར་རྣམས་ཡིན་ཞིང་། དབང་ཆོག་ཏུ་སྒྲུབ་ཁོག་ཅེས་ཞལ་འཕངས་མཛད་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཁོག་ལས་སྤྲོས་པའི་འདི་ལ་ཟུར་དུ་མེད་པས་ཤེས་པར་ནུས་ལ། ད་ལྟ་ཕྱག་ལེན་ལ་ཐོབ་ཡིག་ལོགས་སུ་མཛད་སྲོལ་ལྟར་ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ། སྟ་གོན་སྔོན་དུ་འགྲོ་བའི་བུམ་པ། གཏོར་མ། ཚེ་ཆང་། ཚེ་རིལ། རྡོ་རྗེ་པདྨ། འཁོར་ལོ། པྲོག་ཞུ། རྒྱ་གྲམ། རྡོ་རྗེའི་གོ །སྙིང་པོ་ལྔ། བཀྲ་ཤིས་རྫས་བརྒྱད་དང་བཅས་པའི་བུམ་དབང་། བྱང་སེམས་ལ་བརྟེན་ནས་གསང་དབང་། ཕྱག་རྒྱ་ལ་བརྟེན་པའི་ཤེར་དབང་། སྤྲོས་མེད་ཚིག་དབང་། གཏོར་མ་བརྟེན་པའི་དོན་དབང་ནོར་བུ་ལུགས་དང་བཅས་པ་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ནི། ཐུགས་རྗེ་ཆེན་པོ་ཐེམས་བྱང་ལས། མཐར་ཐུག་ཟབ་མོའི་ཚེ་སྒྲུབ་སྐོར་དག་ལ༔ ཚེ་སྒྲུབ་གསང་འདུས་དེ་ཡི་བསྟོད་བསྐུལ་དང་༔ ཚེ་སྒྲུབ་གསང་འདུས་ཡང་ཟབ་སྒྲུབ་པ་དང་༔ ཕྱི་ནང་གསང་གསུམ་སྤྲ་འཁྲིད་རྟགས་ཡིག་བཅས༔ འཆི་མེད་ཚེ་ཡི་བཅུད་ལེན་མཐར་ཐུག་གོ༔ ཞེས་པ་ལྟར། ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཆོ་གའི་རིམ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ཨྱོན་ཆེན་


GLG003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གསུང་བཞིན་མཁར་ཆེན་བཟས་བཀོད་པ་རྫོགས་བྱང་གི་མཐའ་ཅན། ལས་བྱང་གི་བུ་ཡིག་བསྟོད་པ་བཅོམ་ལྡན་ཚེ་བདག་མ་དང་། ཐུགས་དམ་གནད་ནས་བསྐུལ་བ་གསང་འདུས་ཚེས་དཀྱིལ་མ་གཉིས་བསྡོམས་པར་བསྟོད་བསྐུལ་རྒྱས་པར་བདག་མཁར་ཆེན་བཟས་བཀོད་པ་འོའི་མཐའ་ཅན། གསང་འདུས་དམིགས་རིམ་འགོར་དེ་ནས་གཟུངས་ཐག་འཐེན་ལ་ཞེས་པ་དང་རྡོ་རྗེའི་ཚེ་ཐོབ་པར་གདེངས་བསྐྱེད་དོའི་མཐའ་ཅན། ཐེམས་མེད། ཡང་ཟབ་སྒྲུབ་པ་ཡང་གཅེས་སྙན་བརྒྱུད་གསང་བ་ཐུན་མོང་མ་ཡིན་པ་གུད་དུ་སྦས་པ་བཀའ་བཞིན་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོའི་མཐའ་ཅན། ཕྱི་སྒྲུབ་ཟབ་པའི་ཕུལ་དུ་ཕྱིན་པ་གསང་སྒྲུབ་ཚེའི་སྒྲུབ་པ་ཟབ་མོ་རྒྱུད་ཀྱི་ཁུངས་དང་འབྲེལ་བ་དུས་ཀྱི་མཐའ་ཕྲད་པར་ཤོག་གི་མཐའ་ཅན། ནང་གི་ཚེ་སྒྲུབ་ཐུགས་ཀྱི་ཡང་ཞུན་གཅེས་པའི་ལུས་དང་འདྲ་བ་འདི་ཡིས་རང་གཞན་དོན་ལ་སྤྱོད་པར་འགྱུར་གྱི་མཐའ་ཅན། ནང་སྒྲུབ་དམིགས་རིམ་ཁོལ་དུ་ཕྱུང་བ་འགོར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་ཞིང་ཞེས་དང་སྒྲ་དིར་རི་རི་དབང་བསྐུར་བར་བསྒོམ་གྱི་མཐའ་ཅན། ཐེམས་མེད། གསང་སྒྲུབ་སྙིང་དང་སྲོག་གི་དངས་མ་ལྟ་བུ་གཏེར་སྲུང་མཆེད་གསུམ་ཐུབ་པར་སྲུངས་ཀྱི་མཐའ་ཅན། སྤྲོས་མེད་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་གུ་རུའི་གསུང་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ཡི་གེར་བྲིས་པའི་མཐའ་ཅན། ཐེམས་མེད། བུམ་པའི་དབང་ཆོག་ཆེན་མོ་ཐུགས་ཀྱི་ཡང་ཞུན་རིན་པོ་ཆེའི་གསེར་ལྟ་བུ་དེས་ཀྱང་བཀའ་རྒྱ་སྤེལ་ཚོད་རིག་པར་ལྟོས་ཀྱི་མཐའ་ཅན། ཐེམས་མེད། དབང་གོང་མ་གསུམ་རྡོ་རྗེའི་ཐེམ་སྐས་ཞེས་པ་ཨྱོན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་ལ་ཡག་མོན་མཁར་དུ་བཀོད་པ། ཐེམས་མེད།
བརྒྱུད་པའི་ལོ་རྒྱུས་འོད་ཟེར་འཕྲེང་བ་དང་དབང་གི་ཕྱག་ལེན་གངས་རིའི་ཆུ་རྒྱུན་གཉིས་བསྡོམས་པའི་འཁོར་ནམ་མཁའ་དང་ཞེས་དང་བཀྲ་ཤིས་བརྗོད་དོའི་མཐའ་ཅན། ཐེམས་མེད། བདག་འཇུག་གཞན་དོན་དབུར་པོ་བ་མགོན་པོ་རྡོ་རྗེས་སྦྱར་བ་སྐྱེ་ཤི་འགྱུར་མེད་མ་ལས་འཇུག་གོའི་མཐའ་ཅན། ཚེ་གཏོར་གཡང་ཞག་འཁྱིལ་བའི་སྤྲ་འཁྲིད་ཡིག་ཆུང་བཀོལ་པ་ཟབ་མོའི་མཐའ་ཅན། བརྡ་རྟགས་གསལ་བའི་མེ་ལོང་ཞེས་པ་རྨི་ལམ་གྱི་ལྟས་དང་ཚེ་གཏོར་གྱི་བཀྲ་རྟགས་སྟོན་པ་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན། འཆི་མེད་བདུད་རྩིའི་བཅུད་ལེན་ལོ་གཅིག་གི་བར་དུ་ཆག་མེད་དུ་ཟོས་ན་ལོ་བརྒྱ་ཐུབ་པར་འགྱུར་བ་དང་ཕྲད་ཤོག་གི་མཐའ་ཅན་རྣམས་ལེགས་པར་མནོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་བདག་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། ཐུགས་སྲས་རྗེ་འབངས་གྲོགས་ལྔ། སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། མཉམ་མེད་ངག་དབང་གྲགས་པ། མཚུངས་མེད་ངག་དབང་ནོར་བུ། དྲིན་ཅན་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། ཉང་ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། གྲུབ་པའི་དབང་ཕྱུག་བློ་ཡངས་འོད་གསལ། སྤྲུལ་སྐུ་གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ཟ་ཧོ་བནྡེ་ལ་བཀའ་དྲིན་སྩལ་ཏོ། །


previousསྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next