Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

5 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
 
 
 
  
  
  
  
  
  
  
  
  
  
 
  
  
 
  
  
  
གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་སྐོར།
  


5 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousགཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་སྐོར།next

གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་སྐོར།


GLG003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དབང་ཆེན་ཞུས་དུས། ཆོས་སྐོར་འདི་དང་ལྷན་དུ་སྤྱན་དྲངས་པའི་རྟ་མགྲིན་གྱི་ཕུར་པ་ལག་ཏུ་འབྱོར་བས་ཀྱང་རྟེན་འབྲེལ་ལེགས་པར་འགྲིག་གོ །ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ཀླུ་བདུད་མགོ་དགུའི་ཕོ་བྲང་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཞི་དྲག་གི་ལམ་གྱི་ཆ་རྐྱེན་གསང་ཆེན་སྔགས་ཀྱི་ཉེ་ལམ་རྨད་དུ་བྱུང་བ་ཟབ་མོ་ཕོ་ཉའི་ལམ་མཆོག་གསང་བ་སྙིང་པོ་འདུས་པའི་སྐོར་ལ། ཀུན་རྫོབ་རྡོས་བཅས་ཨ་འཐས་ཀྱི་རྣམ་སྨིན་སྦྱོང་བར་བྱེད་པ་བསྐྱེད་རིམ་གྱི་སྐོར་


GLG003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཟག་པ་མེད་པའི་བདེ་སྟོང་ལམ་དུ་འཁྱེར་བར་བྱེད་པ་གཞུང་འཁྲིད་ཀྱི་སྐོར། དེ་དག་གི་བོགས་འདོན་ཞིང་དམར་ཆའི་དངས་མ་བསྡུས་ཏེ་འཆི་མེད་སྒྲུབ་པའི་ཐབས་མཆོག་གསང་བ་བཅུད་ལེན་གྱི་སྐོར། གཞན་དོན་རྒྱུད་མི་ཆད་པ་རིགས་བརྒྱུད་སྤེལ་བའི་སྐོར། མཚན་ལྡན་ཤེས་རབ་མ་གྲོལ་བར་བྱེད་པ་མོ་འཁྲིད་གསང་བའི་སྐོར། དེ་དག་གི་ཁ་སྐོང་མན་ངག་སྣ་ཚོགས་པའི་སྐོར་དང་དྲུག །དང་པོ་ལ། རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་ཡི་གེར་བཀོད་པ། དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་མཆོད་ཁྱད་པར་ཅན་གྱི་མནྡལ་ལ་གཡུའི་ཕྲ་བཀོད་པ་ལྟ་བུ་གུ་རུའི་གསུང་བཞིན་རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལ་བྲིས་པ། སངས་རྒྱས་ཀུན་གྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་མཁའ་འགྲོ་ཐོད་རྒལ་གྱི་སྒྲུབ་ཐབས་གསང་བ་སྙིང་གི་དུམ་བུ་ལ་ནང་གསེས་ཀྱི་བྱིན་རླབས་ཀྱི་རྩ་བ་སྙིང་དང་འདྲ་བ་བསྙེན་པའི་མན་ངག །དངོས་གྲུབ་ཀྱི་རྩ་བ་སྙིང་སྒྲུབ་ཐོད་རྒལ་ཚ་བ་དམར་ཐག་སྒྲུབ་པའི་རིམ་པ་དེའི་ཞལ་བསྒྲིགས་རྫས་ལ་བརྟེན་པའི་གནད་སྒྲུབ་བཅས་ཆོག་ཐོད་རྒྱལ་འཕྲུལ་གྱི་དུམ་བུ། འཕྲིན་ལས་ཀྱི་རྩ་བ་ལས་སྦྱོར་གསང་བ་ཡང་འཁོར་གནོད་སྦྱིན་མ་ཉི་མའི་འོད་ཟེར་ལས་ལ་བཀོལ་བའི་ཟབ་གནད། དེའི་ལས་ཕྲན་རྒྱལ་ཁམས་དབང་སྡུད། མཚན་ལྡན་ཕྱག་རྒྱ་འགུགས་པ། སྒྲུབ་ཐབས་འདིའི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཞལ་ཤེས་རྣམས། གཉིས་པ་དོན་དམ་ཟག་པ་མེད་པའི་བདེ་སྟོང་ལམ་དུ་འཁྱེར་བ་བྱེད་པ་གཞུང་འཁྲིད་ཀྱི་སྐོར་ལ། ཟབ་ལམ་གསང་འདུས་ཡིད་བཞིན་ནོར་བུའི་གཞུང་འཁྲིད་


GLG003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཟབ་པའི་མཐར་ཐུག་སྙིང་བཅུད་དམ་པ་ཡུན་གྱི་ཤེས་རབ་མཁར་ཆེན་བཟའ་འཚོ་རྒྱལ་གྱིས་དགུང་ལོ་ཉིས་བརྒྱ་བསྒྲུབས་པའི་ཚེ་ལུག་ལོ་ལྷོ་བྲག་མཁར་ཆུར་བྲིས་པ། རྩ་མདུད་འགྲོལ་ཞིང་རླུང་དབུ་མར་འཇུག་པ་འཁྲུལ་འཁོར་གྱི་རྩ་ཚིག་ཚིགས་བཅད་མ་མཁར་ཆེན་བཟས་མཁར་ཆུ་ཕུག་རིང་དུ་བཀོད་པ་དེའི་འགྲེལ་བ་རྩ་ཚིག་རྒྱས་པ་བཤད་པ་འཁྲུལ་ཞིག་ཉང་པོ་དོན་གྲུབ་རྒྱལ་པོས་མཛད་པ། རང་ལུས་བདེ་བའི་མཉམ་སྦྱོར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། ཡང་གཅེས་འབྱུང་བའི་དུག་དབྱུང་ཟབ་མོ་གསེར་སྲང་རེའི་བཀའ་རྒྱ་མ། ལམ་འབྲས་ཡང་གཅེས་སྦས་པའི་གནད་ཡིག་ཐུགས་བཅུད་སྙིང་པོའི་མན་ངག་གསེར་ཞུན་མ་ལྟ་བུ། རྫས་ཀྱི་ཐབས་ལམ་ཟླ་བ་བཙོན་འཛིན་ཞེས་པ་འགྲོན་བུ་དང་རྨ་བྱའི་རྒྱུས་པ་རྡོ་ཁབ་ལེན་ལ་བརྟེན་པའི་རིགས་གསུམ། བདེ་བ་སྐྱེད་ཐབས་སྦྲང་རྒོད་དང་རྟག་ཏུ་ངུ་དང་། སྒོག་གཅིག་མ། རྡོ་ཁབ་ལེན་རྣམས་ལ་བརྟེན་པའི་རིགས་བཞི། བྷ་ག་དམ་པོ་བྱེད་པ། པདྨ་ཁ་ཟུམ་པ་དང་འབྱེད་ཐབས། རིགས་བརྒྱུད་མི་འཆོལ་བ། ཡིད་ཆེས་རྒྱས་གདབ་དང་བཅས་པ་རྣམས། གསུམ་པ་དེ་དག་གི་བོགས་འདོན་ཞིང་དམར་ཆའི་དངས་མ་བསྡུས་ཏེ་འཆི་མེད་སྒྲུབ་པའི་ཐབས་མཆོག་གསང་བའི་བཅུད་ལེན་གྱི་སྐོར་ལ། རྡོ་རྗེ་ཆུ་འཐུང་གི་མན་ངག་སྙིང་གི་དུམ་བུ་གུད་དུ་སྦས་པ། དངས་མ་དཀར་པོ་དང་པདྨའི་བཅུད་བསྡུས་པ་གསང་བའི་བཅུད་ལེན་གསང་བ་འདུས་པ་ཟབ་རྒྱ་ཅན། ཟབ་ལམ་སྙིང་པོ་འདུས་པ་ཞེས་འདོད་ཆགས་ལ་བརྟེན་ནས་གསང་


GLG003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་སྒྲུབ་ཟབ་མོའི་མན་ངག་རྣམས། བཞི་པ་གཞན་དོན་རྒྱུན་མི་ཆད་པ་རིགས་བརྒྱུད་སྤེལ་བའི་སྐོར་ལ། རིགས་བརྒྱུད་སྤྲུལ་སྐུ་གཞག་པའི་མན་ངག་བཀའ་རྒྱ་མ་སྙིང་གི་དུམ་བུ། དེའི་བགེགས་སེལ་གསེར་སྲང་རེ་མེད་པར་སྦྱིན་དུ་མི་རུང་བ། ཤིན་ཏུ་ཟབ་པའི་ལྟེ་བསྒྱུར་གུད་དུ་སྦས་པ་རྣམས། ལྔ་པ་མཚན་ལྡན་ཤེས་རབ་མ་གྲོལ་བར་བྱེད་པ་མོ་འཁྲིད་གསང་བའི་སྐོར་ལ། ལས་ཀྱི་ཕྱག་རྒྱ་མ་གྲོལ་བར་བྱེད་པ་གསང་འཁྲིད་སྙིང་གི་དུམ་བུ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ཤེལ་དཀར་བཟའ་རྡོ་རྗེ་འཚོ་སྒྲོན་གྱིས་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་ལ་ཡག་མོན་མཁར་དུ་བཀོད་པ། དྲུག་པ་དེ་དག་གི་ཁ་སྐོང་མན་ངག་སྣ་ཚོགས་ཀྱི་སྐོར་ལ། དབང་སྡུད་ཐམས་ཅད་ཀྱི་རྒྱལ་པོ་ལས་ཀྱི་ཡང་ཁོལ་རིན་ཅེན་གཏེར་མཛོད། བུད་མེད་མཚན་ལྡན་འགུགས་ཐབས་མས་བུ་མཐོང་བ་ལྟ་བུ། མུ་དྲ་མཚན་ལྡན་དབང་དུ་བསྡུ་བ་ཉིན་གཅིག་གིས་འགྲུབ་པ་འགྲོལ་ཐབས་དང་བཅས་པ། མུ་དྲའི་ཏི་བ་དྲང་བ་རྫས་ལ་བརྟེན་པའི་ཐབས་ལམ་ཞར་བྱུང་རང་དང་འབྲལ་མི་ཕོད་པར་བྱ་བ། ཕྱག་རྒྱའི་སྲིད་གཏད་དུ་གཅོད་པ་དང་ཞར་བྱུང་གནས་སྐབས་སུ་གཅོད་པ། བུད་མེད་སྨ་དབབ་པ་མཚན་མ་ཁྲག་ཏུ་སྐྱུག་ཏུ་འཇུག་པ། ཟབ་ལམ་ཡིད་བཞིན་ནོར་བུའི་མན་ངག་ཁོལ་ཕྱུང་ཤ་སྦྱོར་བཛྲ་རྒྱས་པའི་རྫས་སྦྱོར་ལོག་གནོན་འབྲལ་མི་ཕོད་པའི་དབང་སྡུད་དང་བཅས་པ། རྟེན་འབྲེལ་དབང་སྡུད་ཀྱི་མན་ངག་མཁའ་འགྲོ་གསང་བ་ཡང་ཁོལ་གྱི་ཙཀྲ་ཁྱད་པར་ཅན། ཟབ་ལམ་ཡིད་བཞིན་ནོར་བུའི་ཡང་གཅེས་སྙིང་པོ་སྙིང་


GLG003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལོགས་སུ་གབ་པ་རྡོ་རྗེ་ཆུ་འཐུང་གི་གནད་ཡིག་ཞར་བྱུང་གནས་སྐབས་ཀྱི་གེགས་སེལ། སྲིད་མི་ཆགས་པའི་ཐབས་བརྒྱད་ཡ་གའི་སྒྲོ་སྐུར་སྤང་ཕྱིར་རྫས་སྔགས་ཀྱི་སྒྲིབ་ཤིང་དང་བཅས་པ། སྲིད་གཅོད་སྟག་སྦྲུལ་གྱི་འཁོར་ལོ་ཟབ་མོ། བུད་མེད་ཀྱི་གཟུགས་ལ་བརྟེན་ནས་ཕྱག་རྒྱ་མ་དབང་དུ་བྱ་ཐབས་ཡང་ཟབ་ཡིད་བཞིན་ནོར་བུ་ཞར་བྱུང་འགྲོལ་ཐབས་དང་བཅས་པ། ལུས་ཀྱི་དངས་མ་སྟོབས་སྐྱེད་བཅུད་ལེན་གྱི་མན་ངག་ཅེས་པ་ཚེ་རིང་རྒས་སྲ་ནོར་འཕེལ་ཕྱིར་ཟླ་བ་བཙོན་འཛིན། གོང་གི་དེ་དང་འདི་གཉིས་དོན་མི་གཅིག །ཨུ་དུམ་སྙིང་གི་ལྕགས་ཀྱུ་ལས་རྡོ་རྗེ་ཁོང་སྐྱོང་མན་ངག །སྲིད་གཅོད་གཞོན་སྐྱོང་བསྲུང་བ། ལུས་སྟོབས་བསྐྱེད་པའི་བཅུད་སྦྱོར། ལྔ་སྦྱོར། བཞི་སྦྱོར། གསུམ་སྦྱོར། གཉིས་སྦྱོར་ལ་བརྟེན་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་རྟ་མཆོག་རྒྱལ་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཤེལ་དཀར་བཟའ་རྡོ་རྗེ་འཚོ་སྒྲོན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པ། དེ་སྲས་ཚེ་དབང་གྲགས་པ་དང་། འཁྲུལ་ཞིག་དོན་གྲུབ་རྒྱལ་པོ། དེ་གཉིས་ཀས་མཚུངས་མེད་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། ཡོངས་འཛིན་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། མཉམ་མེད་ནམ་མཁའ་འབྲུག་སྒྲ། དར་སྡིངས་པ་ཆེན་པོ་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་


GLG003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པས་རྡོ་བོད་མཚམས་ཀྱི་འབྲི་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་རྟ་ཕག་གསང་སྒྲུབ་སྐོར་གསུམ་དུ་གྲགས་པའི་ཟབ་ཁྱད་ཅན་ནི། གསུང་གི་དབང་ཕྱུག་དཔའ་བོ་རྟ་མགྲིན་ཐབས་མཆོག་རྐྱང་པར་སྒྲུབ་པ། ཕག་ནག་ལྕགས་མཆེ་ཤེས་རབ་ཡུམ་རྐྱང་དུ་སྒྲུབ་པ། ཡབ་ཡུམ་ཟུང་འཇུག་བདེ་བ་རྒྱས་པའི་ཚུལ་གྱིས་དབྱེར་མེད་དུ་སྒྲུབ་པ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྟ་ཕག་ཡབ་ཡུམ། སློབ་དཔོན་པདྨ་ཀ་ར། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལང་འགྲོ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། དཔའ་བོ་མཐའ་ཡས་གྲགས་པ། རྗེ་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །སྤྲུལ་པའི་གཏེར་སྟོན་རཏྣ་གླིང་པས་དྭགས་པོ་ལྡང་ལུང་ཕྲ་མོ་བྲག་གི་པོ་ཏོ་འོག་མ་ནས་འབྲུག་ལོ་འབྲུག་ཟླའི་ཉའི་དུས་ལ་གདན་དྲངས་པའི་དཔལ་ཆེན་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ནི། ཐེམས་བྱང་ལས། ཡི་དམ་སྒྲུབ་པ་དཔག་མེད་ཀུན་ཐོབ་ཀྱང་༔ སྔོན་ལས་འབྲེལ་བའི་དཀྱིལ་འཁོར་མེ་ཏོག་ལྷ༔ ལྷག་པའི་ལྷ་མཆོག་རྡོ་རྗེ་ཕུར་པ་འདི༔ འཚོ་རྒྱལ་བདག་ལ་བཀའ་བབས་སྙིང་ཐིག་ཡིན༔ འདི་ལ་བརྒྱུད་རིམ་བཀའ་གཏེར་དཔག་མེད་ཀྱང་༔ ཡང་གསང་བླ་མེད་སྤུ་གྲིའི་སྐོར་འདི་དག༔ མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ༔ ཨྱོན་རྗེ་དང་བདག་འཁོར་ཉེར་གཅིག་གིས༔ བླ་མེད་གསང་བའི་དཀྱིལ་འཁོར་


GLG003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱེ་བསྒྲུབས༔ རྗེ་ལ་འཚོ་རྒྱལ་བདག་གིས་ཟླ་བ་བདུན༔ སེང་གེ་རྫོང་དུ་ཡི་དམ་བསྒྲུབ་པའི་ཚེ༔ ཕུར་པའི་ལྷ་ཚོགས་ཐམས་ཅད་མངོན་སུམ་མཇལ༔ གྲུབ་རྟགས་རྡོ་རྗེའི་བྲག་ལ་ཕུར་པ་བཏབ༔ སེང་གེ་རྫོང་དུ་ཚེ་ཆུའི་རྒྱུན་ཡང་བབས༔ མ་འོངས་དུས་མཐའི་བར་དུ་གནས་པ་ངེས༔ སུ་ཡིས་མཐོང་ཡང་ཚེ་ཡི་བར་གཅོད་སེལ༔ ཞེས་པ་ལྟར་ཁྱད་པར་འཕགས་པ་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐོར་ལ༔ དབང་ཆོག་འཕྲིན་ལས་ཀྱི་གཏེར་མཛོད་ལ་བརྟེན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བའི་དབང་། ཅོད་པན་གྱིས་ཡེ་ཤེས་ལྔའི་དབང་། བུམ་པས་དབང་བཞི་ཡོངས་རྫོགས། བདུད་རྩིས་འཆད་ཉན། གཙོ་ཕུར་ཁྲོ་བཅུ་ས་གསོད་ཁྲ་ཐབས། ཕུར་བསྲུང་བཅུ་གཉིས། དགེ་བསྙེན་ཉེར་གཅིག །སྒོ་བ་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་ཕུར་སྒྲོམ་ལ་བརྟེན་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་། འཕྲིན་ལས་བཞིའི་དབང་། སྒོམ་ཞིང་སྒྲུབ་པའི་དབང་། ཡོངས་རྫོགས་ཕྱག་མཚན་གྱི་དབང་། རྟགས་ཀྱི་དབང་། བསྙེན་སྒྲུབ་འཛབ་ཀྱི་དབང་། དཔལ་ཆེན་ཡོངས་རྫོགས་ཀྱི་དབང་། དྲག་པོ་སྒྲོལ་དབང་། གཏོར་དབང་། འཕྲིན་ལས་སྒྲུབ་ནུས་པའི་དབང་། ཚེ་དབང་ལོངས་སྤྱོད་ཀྱི་དབང་། ཕྱག་རྒྱ་ལ་བརྟེན་ནས་


GLG003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་དབང་། བཞི་པ་རྩལ་དབང་རྣམས། ཡང་གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་སྐུ་གསུམ་ཐུགས་འགྱུར་མེད་ཀྱི་དབང་། ཕུར་པས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་། བདུད་རྩི་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་། ཕྱག་མཚན་གྱིས་འཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པའི་དབང་། ཡབ་ཡུམ་གྱི་ཆས་དབང་། འཆི་མེད་ཚེ་དབང་། བསྒྲལ་དབང་དང་བཅས་པ་སྨིན་རྒྱས་སུ་མནོས་ནས། ལུང་ལ། ཐེམས་བྱང་འཕྲིན་ལས་གཏེར་མཛོད། དེ་ལས་བྱུང་བའི་གདམས་སྐོར་ལ། རྩ་བ་རྒྱུད་ཀྱི་སྐོར། སྟོད་ལས་ཕྱི་ནང་གསང་སྒྲུབ་སྒོམ་ཁོག་ཞུ་ལེན་དང་བཅས་པའི་སྐོར། སྨིན་བྱེད་དབང་གི་སྐོར། འཕྲིན་ལས་གཞུང་སྲོང་སྨད་ལས་མངོན་སྤྱོད་དང་འབྲེལ་བའི་སྐོར། རྐྱེན་བཟློག་ཁྲོ་རོལ་གཏོར་བཟློག་གི་སྐོར། ལས་སྣ་ཚོགས་པའི་སྐོར། བསྟན་པ་བསྲུང་བ་བཀའ་སྲུང་སྐོར་དང་བདུན། དང་པོ་ནི། ཐོག་མར་ཆོས་འདི་སྐྱེད་བྱེད་མ་ཡི་ཚུལ༔ གསང་བ་སྙིང་པོ་འཕྲིན་ལས་རྒྱུད་འདི་ནི༔ བི་དྱོའི་རྒྱུད་ལས་རྩ་དུམ་ཁོལ་དུ་ཕྱུང་༔ མཐར་ཐུག་ཡིན་ནོ་རང་གི་ཡིད་ལ་རྣོགས༔ ཞེས་པའི་བི་དྱོཏྟ་མ་ལ་འབུམ་སྡེའི་རྒྱུད་ལས་ཁོལ་དུ་ཕྱུང་བའི་ཕུར་པ་གསང་བ་སྙིང་པོ་འཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་པ། གཉིས་པ་སྟོད་ལས་ཕྱི་ནང་གསང་སྒྲུབ་སྒོམ་ཁོག་ཞུ་ལན་དང་བཅས་པའི་སྐོར་ནི། སྒྲུབ་པའི་རྩ་བ་སྒྲུབ་ཁོག་ཆེན་མོ་དང་༔ སྤྲ་འཁྲིད་སྒོམ་ཁོག་རིན་ཅེན་འཕྲེང་བ་གཉིས༔ ཕྱི་ནང་སྒྲུབ་པ་


GLG003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་གང་བྱེད་ཀྱང་༔ འདི་ཉིད་བློ་ལ་ངེས་ཤིང་འདྲིས་པར་བྱ༔ ཞེས་པའི་སྤྲོས་བཅས་འཁོར་ཚོམ་བུ་དང་བཅས་པ་མཆོག་ཐུན་མོང་གི་དངོས་གྲུབ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པར་བྱེད་པའི་ཕྱི་སྒྲུབ་ཀྱི་སྒྲུབ་ཁོག་ཆེན་མོ་གསེར་གྱི་ཡང་ཞུན་ལྟ་བུ་འཚོ་རྒྱལ་གྱི་དབུ་སྙུང་མ། སྒྲུབ་ཆེན་ཐེམས་མེད། གྱི་མཐའ་རྒྱས་མར་མེའི་སྨོན་ལམ་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ཇི་ལྟར་ཉམས་སུ་ལེན་པའི་སྤྲ་འཁྲིད་ལས་བྱང་གི་ཆོ་གའི་སྒོམ་ཁོག་ཆེན་མོ་རིན་ཅེན་འཕྲེང་བ་མཁར་ཆེན་བཟས་བཀོད་པ། རྩ་བའི་སྒྲུབ་པ་ནང་སྒྲུབ་ཟབ་མོ་འདི༔ ཀུན་གྱི་གནད་འདུས་རྩ་བ་འདི་ལ་ཐུག༔ གསང་སྒྲུབ་འདི་ནི་རྣལ་འབྱོར་སྙིང་ལ་ཆོངས༔ འདི་གཉིས་འབྲེལ་བས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་འབྱུང་ངོ་སྙིང་གི་བུ༔ ཞེས་པའི་ཀུན་གྱི་གནད་འདུས་བསྐྱེད་རྫོགས་ཟུང་འཇུག་སྤྲོས་མེད་ནང་ལྟར་སྒྲུབ་པའི་རྣལ་འབྱོར་བྱིན་རླབས་ཀྱི་རྩ་བ་ཡུན་གྱི་ཤེས་རབ་མ་མཁར་ཆེན་བཟས་ལྡང་ལུང་གསང་བའི་བྲག་ཕུག་ཏུ་བྲིས་པ། མོན་ཁ་ནེ་རིང་སེང་གེ་རྫོང་དུ་རྟགས་ཁྱད་པར་ཅན་ལ་བརྟེན་ནས་མཁར་ཆེན་བཟས་ཕུར་པའི་ཡང་ཟབ་སྙིང་པོའི་ཆོས་སྐོར་བཅུ་གསུམ་ཞུས་པའི་ནང་ཚན་གསང་སྒྲུབ་སྙིང་གི་ཏི་ཀ་རྣལ་འབྱོར་སྙིང་ལ་བཅང་བ། ཐུགས་ཀྱི་ཞུས་ལན་གསལ་བའི་སྒྲོན་མེ་འདི༔ གནད་འདུས་དོན་གསལ་ཀུན་ལ་གཅེས་པའི་ཕྱིར༔ ཤེས་རབ་ཟབ་མོས་ཁོང་དུ་ཆུད་པར་བྱ༔ ཞེས་པའི་ཞལ་གདམས་གབ་པ་གསལ་བྱེད་ཀྱི་མེ་ལོང་ཡང་ཟབ་ཐུགས་ཀྱི་ཞུས་ལན་གསལ་བའི་སྒྲོན་མེ་རྣམས། གསུམ་པ་སྨིན་བྱེད་


GLG003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྐོར་ནི། དབང་ཆོག་རྒྱས་པ་འཕྲིན་ལས་གཏེར་མཛོད་དང་༔ སྲུང་མའི་དབང་ཆོག་གནམ་ལྕགས་འཁོར་ལོ་གཉིས༔ ཤེས་རབ་བློ་ལྡན་སྤྲོས་ལ་དགའ་བ་དང་༔ བརྒྱུད་འཛིན་བུ་ལ་གཏད་ཅིང་སྟོན་པ་དང་༔ དོན་དབང་བསྡུས་པ་ཡིད་བཞིན་ནོར་བུ་འདི༔ དབང་རྫོགས་བཀའ་དང་བྱིན་རླབས་འདུས་པའི་ཕྱིར༔ སྤྲོས་ལ་མི་དགའ་དད་ལྡན་བུ་ལ་བསྐུར༔ ཞེས་པའི་ཡང་གསང་བླ་མེད་གདམས་པའི་སྙིང་པོ་འདུས་པའི་དབང་ཆོག་འཕྲིན་ལས་གཏེར་མཛོད་དོན་གསུམ་གྱིས་བསྟན་པ། དེའི་བུ་ཡིག་ཁྲོ་བཅུ་ཟ་གསོད་བཅས་པའི་དབང་ཆོག་མཚོན་ཆའི་འཁོརལོ་བརྒྱུད་འཛིན་བུ་ལ་གཏོད་པའི་གཡར་དམ་ཅན། སྤྲོས་པ་ལ་མི་དགའ་བར་དོན་དབང་ཡིད་བཞིན་ནོར་བུ་བྱིན་རླབས་བཀའ་རྫོགས་དཀྱིལ་འཁོར་རྣམ་དག་དྲི་མེད་གསལ་བ་དང་༔ གཞལ་ཡས་དོན་བསྟོད་ཡིད་བཞིན་ནོར་བུ་གཉིས༔ དབང་གི་རྒྱབ་ཡིག་དོན་གྱི་དམིགས་གསལ་ཡིན༔ ཞེས་པའི་དབང་གི་རྒྱབ་ཡིག་དཀྱིལ་འཁོར་གྱི་རྣམ་དག་བཤད་པ་དྲི་མེད་གསལ་བ། གཞལ་ཡས་དོན་བསྟོད་ཡིད་བཞིན་ནོར་བུ་རྣམས། བཞི་པ་འཕྲིན་ལས་གཞུང་སྲོང་སྨད་ལས་མངོན་སྤྱོད་དང་འབྲེལ་བའི་སྐོར་ནི། ལས་བྱང་དང་ནི་སྲུང་མ་བསྟོད་བསྐུལ་བཅས༔ ཀུན་ལ་གཅེས་པའི་ཁ་སྐོང་མཐའ་རྒྱས་ཡིན༔ དུག་ཕུར་ནག་པོ་མཚོན་ཆའི་འཁོར་ལོ་དང་༔ ཟབ་པའི་གནད་འཕྱོང་སྲོག་གི་སྤུ་གྲི་གཉིས༔ སྲུང་མའི་བསྐུལ་བྱང་དུག་མདའ་ནག་པོ་སོགས༔ དགྲ་བགེགས་ཚར་གཅོད་བསྟན་པ་སྲུང་བྱེད་ཡིན༔ ཞེས་པ་ལས་བྱང་ཆོ་གའི་


GLG003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་འཕྲིན་ལས་ཀྱི་སྤུ་གྲི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་མཁར་ཆེན་བཟས་བཀོད་པའི་ཡི་གེ་བཻ་རོས་མཛད་པ། ལས་བྱང་ཟུར་འགེབས་ཀྱི་བསྟོད་པ་དམ་ཚིག་ཐུགས་དམ་མ། སྨད་ལས་དུག་ཕུར་ནག་པོ་མཚོན་ཆ་ལས་ཀྱི་འཁོར་ལོ་དོན་དྲུག་པ། དུག་ཕུར་ནག་པོའི་གནད་འཕྱོང་མཁའ་འགྲོས་ལུང་བསྟན་གསང་བ་སྲོག་གི་སྤུ་གྲི་པདྨའི་ཐུགས་ཀྱི་བཅུད་ཕྱུང་བ། ཤཱ་ན་མཆེད་བཞི། རི་མ་མཆེད་བཞི། བསེ་མོ་མཆེད་བཞི། སྐྱེས་བུ་གིང་ཆེན་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་བསྐུལ་བྱང་དུ་དུག་མདའ་ནག་པོ་མཁས་པ་བཻ་རོ་ཙ་ནས་ཤོག་སེར་ལ་བཀོད་པ་རྣམས། ལྔ་པ་རྐྱེན་བཟློག་ཁྲོ་རོལ་གཏོར་བཟློག་གི་སྐོར་ནི། གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་འདི་ཉིད་དང་༔ རྡོ་གཏོར་དྲག་པོ་མཚོན་ཆའི་འཁོར་ལོ་གཉིས༔ རྣལ་འབྱོར་རྐྱེན་བཟློག་དགྲ་བགེགས་ཚར་གཅོད་ཅིང་༔ བསྟན་པ་སྲུང་བྱེད་ལས་ཀྱི་མདེ་ཁ་ཡིན༔ ཞེས་པའི་ཕུར་པ་ཡང་གསང་བླ་མེད་དྲག་སྔགས་གནམ་ལྕགས་སྤུ་གྲིའི་སྒོ་ནས་བཟློག་པའི་ལས་འཆོལ་བ་གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་ཟབ་གཉན་དཀོན་པ་ལྡང་ལྷའི་བྲག་ལ་སྦས་པ། རྡོ་གཏོར་དྲག་པོ་མཚོན་ཆའི་འཁོར་ལོའམ་སྤུ་གྲིའི་འཁོར་ལོར་གྲགས་པ། གཏོར་བཟློག་ཁ་བསྒྱུར་མདེ་ཁ་བཅུ་གཉིས་ཞེས་པ་བྱད་ཁ་སོགས་མི་མཐུན་ཕྱོགས་ཀུན་བསྲུང་བ། སྡེ་བརྒྱད་དང་ཆོས་སྐྱོང་གི་འཁུ་ལྡོག་གནད་དབབ། དགྲ་བགེགས་གདུལ་ཞིང་གསང་བའི་ལས་མཐའ། གདོན་བགེགས་འདུལ། ཀླུ་གདུལ་བ། སྨྱོ་འདྲེ་གདུལ་བ། རྦོད་


GLG003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བཟློག་པ། རྒྱལ་བསེན་གཏུམ་པོ་མ་རུངས་པ་གདུལ་བ། ཞོ་ཆང་བསྲུང་བ། དྲག་པོ་རྫས་ཀྱི་ལས་སྦྱོར། སྔགས་ནག་གི་སྦྱོར་ངན་བཟློག་པ། གནས་ཁང་བསྲུང་བ་རྣམས། དྲུག་པ་ལས་སྣ་ཚོགས་པའི་སྐོར་ནི། བཀྲ་ཤིས་རྟེན་འབྲེལ་སྒྲུབ་དང་ལས་ཚོགས་བརྒྱད༔ ཕན་གནོད་ལས་ཀྱི་མཐའ་རྒྱས་ཀུན་ལ་གཅེས༔ གསང་ཐུབ་དམ་ཚིག་ལྡན་པའི་བུ་ལ་བྱིན༔ ཞེས་པའི་ལས་ཆོགས་ཟབ་མོ་ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་ལ་ནང་གསེས་ཀྱི་སྤྱི་ལ་གཅེས་པའི་གནས་ཀྱི་མཚན་ཉིད། བཀྲ་ཤིས་རྟེན་འབྲེལ་གྱི་ཆེ་བ་བུམ་གཏེར། དགྲ་ཇག་ཆོམ་རྐུན་གྱི་གནོད་པ་མེད་པར་བཀྲ་ཤིས་འདོད་དགུ་འགྲུབ་ཐབས། རྟ་དྲེལ་གནག་ཕྱུགས་ཀྱི་གོད་ཁ་གཅོད་ཅིང་སྒབ་འཕེལ་ཐབས། མི་ཤིས་པ་བཟློག་སྟེ་སྟོབས་ཆེན་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིག་པ། གནས་ཁང་གི་མི་མཐུན་པའི་ས་དགྲ་བཟློག་ཅིང་བསྲུང་བའི་རྟེན་འབྲེལ་རྣམས་བསྟན་པ། ལས་ཚོགས་བརྒྱད་ཅེས་པ་གག་ལྷོག་གི་ཟེར་གསུམ་བསྲུང་བ། འབྲུམ་ནད་བསྲུང་བ། མོན་དུག་བསྲུང་བ། གསོ་བ། གག་ལྷོག་གཟེར་གསུམ། རིམས། འབྲུམ་ནད་བསྲུང་བ། སྒོ་ལྕགས་དང་གཡག་ཤིང་འབྱེད་པ། ཀུན་རྫོབ་རྟེན་འབྲེལ་གྱི་པྲ། ལྕགས་འབྱེད་ཞལ་གདམས་རྣམས། བདུན་པ་བསྟན་པ་བསྲུང་བ་བཀའ་སྲུང་སྐོར་ནི། ལྡང་ལྷའི་སྒྲུབ་པ་ཅོག་བརྡུང་སྤུ་གྲི་དང་༔ བྲམ་ཟེའི་ངན་སྔགས་ཚལ་པ་ནག་པོ་གཉིས༔ དགྲ་ལྷའི་ཆོ་འཕྲུལ་དམ་ཅན་ལྔ་འདུལ་སོགས༔ གཏེར་ཁ་འདི་ཡི་བཀའ་སྲུང་མཐར་ཐུག་ཡིན༔ ཞེས་པའི་གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས་དུག་གི་སྤུ་གྲིའམ་སྲོག་


GLG003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དམར་འབྱིན་དུ་གྲགས་པ། བྲམ་ཟེ་སྤུན་དགུའི་ངན་སྔགས་རལ་གྲི་ཕྱུང་རྡེག་མུ་སྟེགས་ཚལ་པ་ནག་པོ། དགྲ་ལྷ་རྡོ་རྗེ་ལེགས་པའི་ལྟས་ངན་ཆོ་འཕྲུལ་དམ་ཅན་ལྔ་འདུས་རྣམས་དང་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་འཆང་། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་འོད་ཟེར་གླང་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། གུ་རུ་ཀུན་དགའ་གྲགས་པ། གུ་རུ་ཀུན་དགའ་བསྟན་འཛིན། ཀ་ཐོག་དབང་དྲག་རྡོ་རྗེ། རྗེ་ཀུན་དགའ་ཚེ་མཆོག །སྔགས་འཆང་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལྷུན་གྲུབ་རྡོ་རྗེས་དབང་དྲག་རྡོ་རྗེ་ལ་ཡང་གསན་ནོ། །སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་རཏྣ་གླིང་པའི་ཟབ་གཏེར་ཁ་འཐོར་སྐོར་ལ། མཁར་ཆུ་གསང་ཕུག་བཞུགས་ཁྲིའི་སྟེང་ལོགས་ཀྱི་བྲག་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་ཡང་གསང་སྙིང་གི་ནོར་བུ་བླ་མའི་གསང་སྒྲུབ་ཐུགས་བཅུད་དུ་གྲགས་པ་སྐུ་མཚལ་དང་སིནྡྷུ་རས་རིན་ཅེན་དངུལ་ཤོག་ལ་བཏབ་པ། དེའི་ལྷན་ཐབས་ནེ་རིང་སེང་རྫོང་གི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་སྨོན་ལམ་བཙན་པའི་བུ་གཅིག་གི་སྙིང་ལ་གཏད་པའི་མཐའ་ཅན། བསམ་ཡས་དབུ་རྩེའི་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་སྤྱན་དྲངས་


GLG003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། གཏེར་སྟོན་གྱི་སྐྱེས་རབས་ལུང་གི་ལྡེ་མིག་བཀའ་རྒྱ་མ། ཞུ་ལན་ལུང་གི་གཏེར་བྱང་འཚོ་རྒྱལ་གྱིས་དཀར་ཆག་དབུ་རྩེ་བར་མར་བཏབ་ནས་པེ་ཧར་ལ་གཉེར་དུ་གཏད་པ་ཤེས་རབ་བློ་ལྡན་གཅིག་ལ་སྤྲོད་པའི་མཐའ་ཅན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་གསང་སྒྲུབ་དྲི་མེད་རྨ་བྱའི་རྒྱ་ཅན། ཤེས་བྱ་ཀུན་ལ་མི་རྨོངས་ཤིང་ནད་རིམས་རྒྱུ་གཟེར་དུག་གིས་མི་ཚུགས་པའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མདུན་བསྐྱེད་འཇམ་དཔལ་རྣོན་པོར་བརྟེན་པའི་ཤེས་རབ་བློ་འཕེལ་རིག་པའི་གནས་ལྔ་མཁས་པར་ཤོག་གི་མཐའ་ཅན་དང་ལྔ། བསམ་ཡས་ཨཱཪྱ་པཱ་ལོའི་རྟ་མགྲིན་སྐུ་རྒྱབ་ནས་སྤྱན་དྲངས་པའི་འབྲུ་གསུམ་ལ་རྟེན་ནས་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཐུགས་སྲོག་སྙིང་པོ་གཅིག་ཏུ་དྲིལ་བ་ཡང་སྙིང་ཐུགས་ཀྱི་གསང་སྒྲུབ་བམ་སྙིང་པོའི་ཡང་ཞུན་དུ་གྲགས་པ་འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག་གི་མཐའ་ཅན། ལྷོ་བྲག་མཁོ་མཐིང་ལྷ་ཁང་དབུ་རྩེའི་སེང་གེའི་ལྕམ་སྣ་ནས་སྤྱན་དྲངས་པའི་གུ་རུའི་བར་དམར་ཡིད་འོང་རི་དྭགས་ཅན། མནྟྲིའི་ཆོས་གོས་དང་འཚོ་རྒྱལ་གྱི་ན་བཟའི་ལོ་རྒྱུས་གསལ་བའི་སྒྲོན་མེ། སྐྱེ་བ་བདུན་པ་བྲམ་ཟེ་དྲི་མེད་སྙིང་པོའི་ཐུགས་ཀྱི་རིལ་བུའི་ལོ་རྒྱུས་གསང་བའི་སྒྲོན་མེ་གཉིས། གུང་ཐང་མཁར་གྱི་མེ་ལོང་འདྲ་བའི་བྲག་སྒོ་ནས་སྤྱན་དྲངས་པའི་ཇོ་མོ་ཡེ་ཤེས་འཚོ་རྒྱལ་གྱི་སྐུ་ཚབ་འགྲོ་བ་ཀུན་འདུལ་གྱི་རྣམ་


GLG003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐར། བསམ་གྲུབ་བདེ་བ་ཆེན་པོའི་རྟེན་གཙོའི་པད་འདབ་ནས་སྤྱན་དྲངས་པའི་ཆོས་དབང་རིན་པོ་ཆེ་ལོ་གཅིག་ཙམ་ནས་མྱ་ངན་ལས་འདའ་གོང་དུ་སྲས་པདྨ་དབང་ཆེན་སོགས་འཁོར་བདུན་གྱི་ཞུས་པའི་མ་འོངས་ལུང་བསྟན་སྲས་ཀྱིས་ཟིན་བྲིས་སུ་བཏབ་པ་ཉེ་མཁོར་ཞུ་ལན། དེ་རྣམས་ཀྱིས་ཞུས་པའི་མཉམ་སྦྱོར་བསྡུས་དོན་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨྱོན་པདྨ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིགས་འཛིན་རཏྣ་གླིང་པ། ཐུགས་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཉེ་འཁོར་ཞུ་ལེན་བསྡུས་དོན་དང་བཅས་པ་ནི། འཚོ་རྒྱལ་ནས། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། གཏེར་སྟོན་རནྟ་གླིང་བ་མན་གོང་བཞིན་ནོ། །ཆོས་རྒྱལ་རཏྣ་གླིང་པས་ཀོང་པོ་གསང་བ་ཡང་མཛོད་ནས་སྤྱན་དྲངས་པའི་སྨན་སྒྲུབ་ཆེན་མོ་གསང་བ་བདུད་རྩི་མཆོག་གི་དམ་རྫས་དངོས་གྲུབ་ཐམས་ཅད་འབྱུང་བ་བླ་མེད་མཆོག་གི་སྒྲུབ་པའམ་སྨན་སྒྲུབ་གསང་བ་ཡོངས་རྫོགས་སུ་གྲགས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། རིགས་འཛིན་བརྒྱད། ཨྱོན་ཆེན་པོ་དང་པན་ཆེན་བི་མཱ་ལ་གཉིས་ཀྱིས་གཉགས་ཛྙཱ་ན་ཀུ་མཱ་ར་དང་ཏྲག་ར་ལྷ་མཚོ་གཉིས་ལ་གནང་། གཉགས་ཀྱིས་ཕྱག་དཔེ་


GLG003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་མཆོག་ཏུ་ཆེ་བ་གུ་རུ་རྣམ་གཉིས་ཀྱིས་སྨོན་ལམ་བཀྲ་ཤིས་མཛད་ནས་ཤར་གཏེར་གསང་མཛོད་དུ་སྦས་པ་ལང་འགྲོ་ལོ་ཙཱ་བར་བཀའ་བབས། རིམ་བཞིན་ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། དྲིན་ཅན་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། ལྷུན་གྲུབ་ཕོ་བྲང་གདན་ས་པ་འཕྲིན་ལས་རྒྱ་མཚོ། ཨེ་ཆོས་ལྡན་པ་རིགས་འཛིན་རཏྣ་འཕྲིན་ལས། ཁྱབ་བདག་ཁྲ་ཚང་བ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མ་བྱ་ཁྱུང་གི་གཟུགས་ལ་བརྟེན་ནས་ལུག་ནད་གཅོད་པའི་གདམས་པ་ནི། ཨྱོན་ཆེན་པོ། མཁར་ཆེན་བཟའ། ལང་འགྲོ་ལོ་ཙཱ་བ། སྤྲུལ་སྐུ་རཏྣ་གླིང་པ་ནས་རིམ་པར། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །རཏྣའི་གཏེར་མའི་རྒྱལ་བསེན་ཁ་སྦྱར་གྱི་བསྲུང་བ་དང་། ལྡང་ལྷ་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་ཡང་བཟློག་སྲོག་གི་སྤུ་གྲི་འབྲུ་བཞི་མའི་བརྒྱུད་པ་ནི། པདྨ་ཧེ་རུ་ཀ །ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། རྗེ་འབངས་གྲོགས་ལྔ། གཏེར་སྟོན་རིན་ཆེན་དཔལ་བཟང་། སྲས་སྐུ་མཆེད་གཉིས། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཡུག་མ་ནི་ཨིནྡྲ་རཱ་ཛ། ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། མཐུ་ཆེན་དཔལ་ལྡན་གྲགས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །རཏྣའི་གཏེར་མའི་ཐོག་བསྲུང་ཟབ་མོ་ཐོག་རིས་འཁོར་ལོ་མ་དང་། ཇག་འཆིང་ལྕགས་སྤྱང་མ་གཉིས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་དྲིན་ལས་ཐོས། གཏེར་གནས་དང་བརྒྱུད་པ་གསན་ཡིག་ཁུངས་བཙུན་འདྲ་ལས་སླར་ཞིབ་


GLG003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་དགོས་ཡོད། རཏྣའི་གཏེར་མའི་ཚེ་སྒྲུབ་ཅིང་བར་གཅོད་སེལ་བའི་ཟ་ཡིག་ཕྱོགས་བཅུ་ཀུན་གསལ་འགོར་ཨ་དང་མཇུག་ཏུ་ཛ་ཡོད་པའི་ཡིག་འབྲུ་བརྩེགས་མ་བཅུ་གཅིག་ལ་ཕན་ཡོན་རྫས་དམིགས་དང་བཅས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ཡབ་སྲས་གསུམ། ངག་དབང་ནོར་བུ། ཚེ་དབང་ཡོངས་གྲགས། ཡུག་པ་ཡབ་སྲས་གཉིས། དབྱངས་དཔོན་པ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པའི་ཁྱུང་ནག་རྫོང་ནས་སྤྱན་དྲངས་པའི་ཡང་གསང་ཁྲོས་མ་ནག་མོ་ལས་ཡང་ཟབ་གསང་བའི་ཟ་ཡིག་ཅེས་པ་མཁའ་འགྲོ་གསང་བ་སྐུ་གསུང་ཐུགས་ཀྱི་ཟ་ཡིག་འགོར་ཨོཾ་མཇུག་ཏུ་ཐ་ཡོད་པའི་གླིང་བདུན་མ། འགོར་ཨཱ་མཇུག་ཏུ་གཅིག་ཡོད་གླིང་དྲུག་མ། འགོར་ཧཱུྃ་མཇུག་ཏུ་རཱ་ཡོད་གླིང་དྲུག་མ། རྫས་སྒོམ་བཟླས་ཕན་ཡོན་བཅས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ། རྗེ་འབངས་གྲོགས་ལྔ། གཏེར་སྟོན་ཡབ་སྲས་གསུམ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན། དབང་གྲགས་རྡོ་རྗེ། དུ་མ་རང་གྲོལ་ཁུ་དབོན་གཉིས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པས་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པའི་བར་གཅོད་སེལ་ཞིང་བཟློག་པའི་ཟ་ཡིག་ཟ་དུས་ཀྱི་དམིགས་པ་བཅས་པའི་གདམས་པ་ཁྱད་པར་ཅན་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་རཏྣ་གླིང་པ། སྲས་མཐའ་ཡས་གྲགས་པ། མངའ་རིས་རིགས་འཛིན་ཆེན་པོ། མཁས་གྲུབ་རབ་འབྱམས་ཆོས་རྗེ། མ་ནི་ཨིནྡྲ་


GLG003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ། གསང་བདག་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་བ། ཟུར་ཀུན་མཁྱེན། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་རཏྣ་གླིང་པས་རྣམ་ཐང་དགེ་གནས་ནས་སྤྱན་དྲངས་པའི་མཉམ་གཉིས་རྩལ་འགྲན་གྱི་གདམས་པའི་ལུང་བརྒྱུད་ནི། གཏེར་སྟོན་ནས་རིམ་པར། བྱའི་སྔགས་འཆང་བཀྲ་ཤིས་རྣམ་རྒྱལ། རྗེ་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པའི་མནལ་ལམ་དག་སྣང་སྙན་བརྒྱུད་མཛོད་ཁང་བཅུ་གསུམ་མའི་སྐོར་ལ། མཛོད་ཁང་དང་པོ་དག་སྣང་ཡིད་བཞིན་ནོར་བུ་ཞེས་བྱ་བ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་རིགས་འཛིན་འདུས་པའི་ཚོགས་དང་བཅས་མཇལ་ཞིང་སྒྲུབ་དབང་སྙན་བརྒྱུད་ཀྱི་ཆུ་བོ་མཐའ་དག་རྫོགས་ཚུལ་ལྷོ་བྲག་གངས་རིའི་ངོགས་དཔལ་ཆོས་རྫོང་གི་གནས་སུ་མཛད་པ་ཞར་བྱུང་ཁོ་བོ་བདག་འདྲ་སྤྲང་བན་རཏྣ་གླིང་ཞེས་སོགས་ཀྱི་ཚིགས་བཅད་ཡོད་པ། མཛོད་ཁང་གཉིས་པ་སྙན་བརྒྱུད་རིན་པོ་ཆེའི་འཕྲེང་བ་ཞེས་དག་སྣང་གོང་མའི་སྐབས་སུ་ཕུང་པོ་རི་བོ་ཆེར་སློབ་དཔོན་ཆེན་པོ་མཁའ་འགྲོ་ལྔ་དང་བཅས་པ་མཇལ་ནས་ངོ་སྤྲོད་གནང་བ་སྙིང་གི་བུ་བག་ཙམ་མ་གཏོགས་གསང་ཞིང་བསྡམ་པར་གསུངས་པ། མཛོད་ཁང་གསུམ་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་གུ་རུ་ཉིད་ལ་ཞུས་པའི་སྙན་བརྒྱུད་འགའ་རེ་ལོགས་སུ་ཤེས་ཞེས་པ་ཟུར་དུ་བཀོལ་བ་སྤྲང་བན་རཏྣས་བཀོད་པར་མཁའ་འགྲོ་ཀོ་ལོང་མི་སྡོམ་ཞིང་བཀྲ་ཤིས་བདེ་ལེགས་མཐའ་ཡས་པ། མཛོད་ཁང་བཞི་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་མ་གཅིག་འཚོ་རྒྱལ་ལ་ཞུས་པ་སྙན་བརྒྱུད་ཟབ་མོ་འགའ་ཞིག་


GLG003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་གསལ་ཞེས་པ་ཕོ་བྲང་སྣེའུ་གདོང་རྩེར་དབུ་བཙུགས་ནས་མཛད་པ། མཛོད་ཁང་ལྔ་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་གནུབས་ནམ་མཁའི་སྙིང་པོ། གནུམས་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་མཆོག །དཔལ་གྱི་ཡེ་ཤེས། རླངས་དཔལ་སེང་། སློབ་དཔོན་དཔལ་དབྱངས། ཨ་ཙ་ར་ས་ལེ། ལོ་ཆེན་བཻ་རོ་ཙ་ན། གཉགས་ཛྙཱ་ན་ཀུ་མཱ་ར། ཨ་ཙ་ར་ཡེ་ཤེས། འདན་མ་རྩེ་མང་། སྔགས་པ་རྡོ་རྗེ་བདུད་འདུལ་རྣམས་ལ་ཞུས་པའི་སྙན་བརྒྱུད་ཟུར་དུ་བཀོལ་བ། མཛོད་ཁང་དྲུག་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་ཀྱི་སྒྲུབ་ཆེན་ཕྲ་ཏིག་ཕྱག་ལེན་འཕྱུག་མེད་དབེན་གནས་གླིང་ཆུང་གི་དགོན་པ་རཏྣ་གླིང་པས་བཀོད་པ། མཛོད་ཁང་བདུན་པ་མནལ་ལམ་མཁརཆུ་མ་ཞེས་སློབ་དཔོན་པདྨ་དང་མཇལ་ཞིང་དབང་བསྐུར་ངོ་སྤྲོད་ཐོབ་ཚུལ་གསལ་བ་མཁོ་མཐིང་ལྷ་ཁང་དུ་བླ་མ་ཆོས་དཔལ་བའི་མཁར་གྱི་ཡང་རྩེར་གཏེར་སྟོན་གྱིས་བཀོད་པ། མཛོད་ཁང་བརྒྱད་པ་དག་སྣང་དངོས་གྲུབ་ཀུན་འབྱུང་ཞེས་བསམ་གྲུབ་བདེ་ཆེན་དུ་རྒྱུད་འབུམ་གསན་པའི་དུས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་མཇལ་ཞིང་བསླབ་བྱ་ངོ་སྤྲོད་གསུང་ཚུལ་གཙུག་ལག་ཁང་དེ་ཉིད་དུ་བཀོད་པ། མཛོད་ཁང་དགུ་པ་ཞུ་ལན་སྙིང་གི་མེ་ལོང་ཞེས་འཕན་ཡུལ་རྒྱ་མ་སོགས་སུ་ཕེབས་སྐབས་བལ་ཡུལ་ཡང་ལེ་ཤོད་དུ་གུ་རུ་པདྨ་རིགས་འཛིན་གྱི་ཚོགས་བཅད་དང་མཇལ་ཚུལ་འཕན་ཡུལ་སྨན་རྩེའི་རི་ཁྲོད་དུ་བཀོད་པ། མཛོད་ཁང་བཅུ་པ་རྨི་ལམ་རང་སྣང་འཁྲུལ་གྲོལ་བར་དོ་གནདཀྱི་འཕྲེང་བ་ད་དུང་རྫུན་ལ་ནན་གྱི་དུས་དེར་ཡི་གེར་བཀོད་པ། མཛོད་ཁང་བཅུ་གཅིག་པ་འཁྲུལ་པའི་སྙན་བརྒྱུད་དོན་གསལ་མེ་ལོང་ཞེས་བྱ་བ་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་བཞུགས་པའི་ཚེས་བརྒྱད་ཀྱི་ནུབ་
རང་གཤེད་ཀྱི་ཁྱིའུ་དང་མཁའ་འགྲོ་མཇལ་ཚུལ་དང་ཚེས་བཅོ་ལྔ་ལ་ཁྲ་འབྲུག་ཏུ་མཇལ་ཚུལ་གནས་ཆེན་དེ་ཉིད་དུ་བཀོད་པ། མཛོད་ཁང་བཅུ་གཉིས་པ་དག་སྣང་ལུང་གི་མེ་ཏོག་ཅེས་བྱ་བ་ཀོང་བཙུན་དེ་མོའི་སྤྱན་འདྲེན་བྱུང་ཚུལ་གཡུ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་མི་བརྗེད་པའི་གཟུངས་ཀྱི་བྲིས་པ། མཛོད་ཁང་བཅུ་གསུམ་པ་དགུང་ལོ་ང་བཞི་པ་ལ་ཆིབས་རྡབས་ཀྱིས་ཟླ་བ་དགུའི་རིང་བསྙུན་པའི་ཚེ་གསུང་སྒྲོས་སྐྱོ་བ་བསང་བ་རྒྱན་གྱི་འཕྲེང་བ་ཞེས་རྩ་གསུམ་དང་མཇལ་ཞིང་གསོལ་བ་བཏབ་པས་སྐུ་ཁམས་གཞི་མེད་དུ་གདངས་ཚུལ་དང་འདུན་རྣམས་ཀྱི་ངོར་བདེ་ཆེན་གླིང་དུ་བཀོད་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་དྲན་མཆོག་ཨོ་རྒྱན། བདེ་ཆེན་བི་མཱ་ལ་མི་ཏྲ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། སྤྲུལ་པའི་རིགས་འཛིན་བཅུ་གཉིས་སྤྲུལ་སྐུ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། དེ་སྲས་ངག་དབང་ནོར་བུ། ཆོས་རྫོགས་དཔོན་པོ་ཆོས་དབང་བཟང་པོ། རྗེ་གྲགས་པ་མཆོག་ལེགས། བླ་མ་དམ་ཆོས་བཟང་པོ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། གདུང་སྲས་གྲགས་པ་མཆོག་ལེགས་མན་གོང་ལྟར་རོ། །


previousགཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་སྐོར།next