Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

5 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
 
སྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པའི་སྐོར།
 
 
  
  
  
  
  
  
  
  
  
  
 
  
  
 
  
  
  
  


5 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousསྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པའི་སྐོར།next

སྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པའི་སྐོར།


GLG003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པ་ནི་གཤིན་རྗེ་


GLG003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ །བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམྦྷོ་ཊ། གངས་པ་བཀྲ་ཤིས་དང་། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། གཡུང་སྟོན་རྡོ་རྗེ་དཔལ། ཕག་སྟོན་ཤཱཀ་མགོན། དཔལ་ལྡན་མགོན་པོ། ཆོས་ཀྱི་རྒྱལ་མཚན། དཔང་སྟོན་ཆེན་པོ། སེ་སྟོན་རྗེ། མགོན་པོ་ཟླ་བ། མཉམ་མེད་ཆེན་པོ། དབང་པོའི་སྡེ། ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །བཻ་རོ་ཙ་ནས་བསམ་ཡས་ཀ་གཞུ་ལ་སྦས་པའི་རྦོད་གཏོང་ཁ་འཆིང་དགྲ་བོ་སྙིང་རྗེའི་རྩལ་གྱིས་སྒྲོལ་བའི་ཏིང་འཛིན་འཁོར་ལོ་དང་གཏོར་མ་ལིངྒ་མེད་པས་ཁྱད་པར་འཕགས་པ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ་ནས་རིམ་པར། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་དབང་སྡུད་ཟ་ཡིག་འགོར་ཨོཾ་ཀ་དང་མཇུག་ན་ག་ས་ཡོད་པའི་གླིང་བཞི་མ། ཡ་མའི་ཟ་ཡིག་འགོར་གྱ་དང་མཇུག་ན་ཆུ་ཡོད་པའི་གླིང་གཉིས་མ། ཡང་འགོ་ན་ཡ་པ་དང་མཇུག་ན་ཧ་ཡོད་པའི་གླིང་གསུམ་མ། སྲིན་གྱི་ཟ་ཡིག་འགོ་ན་གྱ་དང་མཇུག་ན་ཆུ་ཡོད་པ་གླིང་གཉིས་མ་འདྲ་མིན་ཞིག །ཡང་འགོ་ན་གྱ་དང་མཇུག་ན་ཆ་ཡོད་པའི་དེ་དང་འདྲ་མིན་གཅིག །མནའ་བསྲུང་བའི་ཟ་ཡིག་འགོ་ན་ཏ་ན་དང་མཇུག་ན་པ་ད་ཡོད་པའི་ཕྲེང་གཉིས་མ། སྲིའུ་གསོ་བའི་ཟ་ཡིག་འགོ་ན་ཡ་བྷ་དང་།


GLG003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ན་རཱ་ཡོད་པའི་གླིང་གསུམ་མ། ཚེ་སྒྲུབ་ཟ་ཡིག་མཇུག་ན་ཏྲ་ཉིས་གཤིབས་ཡོད་པ། ཚེ་བསྲིང་བའི་ཟ་ཡིག་འགོ་ན་ཨོཾ་བ་དང་མཇུག་ན་ཉ་ཡོད་པའི་གླིང་གཉིས་མ། ནོར་འཕེལ་བའི་ཟ་ཡིག་འོག་ན་ཨ་ཧ་དང་མཇུག་ན་བ་ཡོད་པའི་གླིང་གཉིས་མ། འགོ་ན་གསུམ་ཨ་མ་ཕྲེང་བྲིས་ཀྱི་འོག་ཏུ་ཐུར་བརྩེགས་ཡོད་པའི་བསྲུང་བ། འོག་ན་ཨོཾ་མཾ་ཡོད་པའི་གླིང་གཉིས་མའི་བཟློག་པ། བརྡ་ཡིག་ཕྲེང་གཅིག་མའི་འགོར་རྒྱ་ཡོད་པ་མཐར་ཡི་གེ་ཁ་ཤས་ཐུར་དུ་བརྩེགས་པའི་མཇུག་ཨས་བྱས་པའི་གསད་པ། ཡང་ཨ་ཀ་མ་གསུམ་ཕྲེད་ལ་བྱས་པའི་འོག་ཏུ་ཐུར་བརྩེགས་བྲིས་ཤིང་ཨ་ཀ་མའི་མཐར་མཁའ་འགྲོའི་ཡི་གེ་ཡོད་པ་བསྲུང་བ་རྡོ་རྗེའི་གོ་ཆ། ཡིག་འཕྲེང་གི་འགོ་ན་ཨ་ཡོད་པ་མཇུག་ཏུ་འཐུར་སེལ་གཉིས་ཡོད་པའི་སྔོན་མའི་འགོ་མཇུག་ན་ཨ་གསུམ་རྗེས་མའི་མགོ་འཇུག་ན་ཨོཾ་ལཱ་ཡོད་པ་བསྡོག་པ་བར་སྣང་གི་སྒྱོགས་ཆེན། མཁའ་འགྲོའི་ཡི་གེ་ཕྲེང་གཉིས་སུ་བྱས་པ་ལ་འོག་མའི་འགོ་བོར་ཨོཾ་འཁྲིད་ཉལ་མཇུག་ཏུ་རཱ་ཡོད་པ་གསད་པ་ཁྲག་འཐུང་ནག་པོ་སྤུ་གྲི་ངར་མ་སྟེ་ཐུགས་གཙིགས་སུ་མཛད་པ་རྣམས་ཀྱི་ལུང་ལྟེ་བ་ལུགས་ཀྱི་ཕྱག་བཞེས་སོགས་དང་བཅས་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམབྷོ་ཊ། གངས་བན་བཀྲ་ཤིས་དར། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། གཡུང་སྟོན་རྡོར་དཔལ། བླ་མ་སེང་གེ་བཟང་པོ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀ་རུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། རིགས་འཛིན་ནམ་མཁའ་རྣམ་རྒྱལ། ཟུར་གྱི་སྔགས་འཆང་ལྷུན་


GLG003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱ་ཞང་གི་གཏེར་མའི་ཕག་ཐོད་ལ་བརྟེན་པའི་ཁང་སེལ། གའུ་ལ་བརྟེན་པའི་ཞིང་སེལ། སྤྱང་ཐོད་ལ་བརྟེན་པའི་ནོར་སེལ། རབས་ཆད་ཐོད་པ་ལ་བརྟེན་པའི་དུར་སེལ། མུ་སྟེགས་ཀྱི་ངན་སྔགས་གོམས་པ་ཅམ་གྱིས་སྦྲུམ་མ་བརླག་པ། རྨ་བྱའི་སྒྲོ་ལ་བརྟེན་ནས་ངག་གནོན་པ། ཁྲག་འགྱེད་ཟབ་མོ། མི་གཟུགས་བཞི་ལ་བརྟེན་ནས་ཆུ་བཟློག་པ། ལྷམ་སྒྲོགས་ལ་བརྟེན་ནས་ཁྱིའི་ཁ་འཆིང་བ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་བལ་པོའི་རྒྱལ་པོ། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་ནས་རིམ་པར་བརྒྱུད་དེ་ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གནུབས་ཀྱི་གོང་ཁུག་སྲོ་མ་ཅན་དུ་གྲགས་པའི་ཞག་གསུམ་དག་གིས་ངེས་པར་འགྲུབ་པའི་རྒྱལ་པོ་བྱེད་ཆས་ཀ་ཏུ་བཀའ་གཏེར་གཉིས་ལྡན་གྱི་སྐོར་ལ། ནང་གསེས་ཀྱི་བཅའ་གཞི། བོད་པ། རྦད་པ། གནད་འབེབས། མིང་དང་ཁ་བསྒྱུར་གྱི་ཞལ་ཤེས། སྤྱི་གཙུག་ཏུ་གུ་རུ་བསྒོམ་པའི་ཞལ་ཤེས། རང་བླ་མར་བསྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྒོམ་ཚུལ་དང་སྲོག་ལ་གཏོད་པའི་ཞལ་ཤེས། བླ་རྡོ། རྦད་གསད་ཀྱི་ཤམ་བུ། སྒབ་འདྲེ་གནོན་པ། སྒོས་གསོལ་སྔོན་བསྐལ་མ། གསེར་སྐྱེམས་དང་འཕྱི་བས་མཆོད་ཐབས་ཤར་ཕྱོགས་མ། ཤེལ་འཕྲེང་དཀར་པོའི་རྒྱུད་ལས་བཏུས་པའི་བསྐུལ་སྟེང་ཕྱོགས་མ། རི་རབ། གཏོར་མ། གསང་ཕྱི། རཱ་ཛའི་སྐུ་འབག །བླ་རྡོའི་འཁོར་ལོ། སྒབ་འདྲེའི་ལིངྒའི་དཔེ་རིས་དང་བཅས་ཏེ་ཕྱག་


GLG003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སངས་རྒྱས་གཉིས་པ། ལྷ་རྗེ་གནུབས་སངས་རྒྱས་ཡེ་ཤེས། ལྷ་རྗེ་གནུབས་ཡོན་ཏན་རྒྱ་མཚོ། ལྷ་རྗེ་གནུབས་ཡེ་ཤེས་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་ལྷ་རྗེ་འཇམ་དཔལ། གནུབས་རྒྱ་གར་རྡོ་རྗེ། ལྷ་རྗེ་ཆོས་ཀྱི་ཡེ་ཤེས། ཆོས་སྒོ་མཁན་ཆེན་པ། སྔགས་འཆང་བཀྲ་ཤིས་རིན་ཅེན། བླ་མ་བྱང་ཆུབ་དཔལ་བ། བླ་མ་གྲགས་པ་ལྷ་འོད། སྔགས་འཆང་གྲགས་པ་བསམ་གྲུབ། རྗེ་དཔལ་འབྱོར་གྲགས་པ། བླ་ཆེན་འཇམ་དབྱངས་གྲགས་པ་འབྲི་གུང་ཟུར་པ་རིན་ཅེན་ཕུན་ཚོགས། དེ་སྲས་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། མི་ཉག་སྟོང་འཁུན་རྒྱལ་པོའི་བརྒྱུད་ལས་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སློབ་དཔོན་པདྨས་བསམ་ཡས་ཀ་པའི་ཆོལ་དུ་སྦས་པའི་ཤེལ་འཕྲེང་དཀར་པོའི་རྒྱུད་ཀྱི་ཡང་སྙིང་ཤིན་ཏུ་ཟབ་པ་རཱ་ཛའི་མན་ངག་ནོར་སྙེག་འཐན་སྲོག་སྦྲགས་མ་རིགས་འཛིན་ཆོས་ཀྱི་གྲགས་པས་ཕྱག་ལེན་དུ་བསྡེབས་པར་སྔོན་འགྲོ་བཅས་དངོས་གཞིའི་བོད་རྦད་གསད་གསུམ། མཐའ་སྡུད་མནན་གཏད་འཕང་བ། དམ་ཚིག་འཁུ་ལྡོག་བསྲུང་བ། མྱུར་རྟགས་ཐོན་པ་གནད་འབེབས་འགྱུ་དུས་དང་བཅས་པའི་བཀའ་རྒྱ་མ། གཏོར་མ། རི་རབ། གསང་ཕྱི། ཐུན་གཏོར། ཐུན། རཀྟ། ཆང་རྒོད་ཀྱི་དཔེ་རིས་དང་བཅས་པ། བསྐུལ་སྟེང་ཕྱོགས་རྣམ་དག་མ་རྣམས་ཐོབ་པའི་བརྒྱུད་པ་ནི། གནུབས་ཆེན་ཡན་གོང་ལྟར་ལ། གཏེར་སྟོན་རྡོ་རྗེ་འོད་འབར། གནུབས་ལྷ་རྗེ་འཇམ་དཔལ་ནས། རྗེ་ཆོས་རྒྱལ་ཕུན་ཚོགས་ཀྱི་བར་འདྲ་བ་ལ། དེ་ནས་བླ་མ་སྦྱིན་


GLG003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུན་ཚོགས། དབུར་སྨྱོན་ཐུགས་ཀྱི་རྡོ་རྗེ། མཁས་གྲུབ་དཀོན་ཅོག་ལྷུན་གྲུབ། ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གནུབས་ཀྱི་སྔགས་འཆང་རོ་ཟན་ནག་པོས་དགྲ་བོའི་ཕྱོགས་སུ་བརྫངས་པའི་འཕྲིན་ན་འཕུང་ས་དགྲ་ལ་སྒོས་བསྐྱལ་འགོ་ན་ཨོཾ་མི་ཨོཾ་སྭ་མི་སྟི། བཀྲ་མི་ཤིས་པར་གྱུར་ཅིག་ཟེར་བ་ཡོད་པ། ཞེས་པའི་བརྒྱུད་པ་ནི། གནུབས་ནག་པོ་རོ་ཟན་ནས་རིམ་པར་བརྒྱུད་དེ་ཡུག་ནོར་བུ་དབང་རྒྱལ། དང་མ་བ་བསྟན་འཛིན་འགྱུར་མེད། གུ་རུ་དབྱངས་དཔོན་པ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གསང་ཚིག་སྤྱིའི་གནད་རྒྱ་ཡིག་ཤོག་དྲིལ་གཅིག་ལ་བཏབ་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་སྐོར་ལ། དང་པོར་བསྙེན་པ། བར་དུ་སྒྲུབ་པ། མཐར་ལས་ལ་སྦྱོར་བ་དང་གསུམ་ལ་ལྔ་གསུམ་བཅོ་ལྔས་གཏན་ལ་ཕབ་པ་ཤྲཱི་སིངྷིས་གསུངས་པ། དྲག་པོའི་རྒྱུད་མཐའ་དག་གང་ཟག་གི་བྱེ་བྲག་གིས་ཆོས་ལྔ་དང་ལྡན་པར་དཔྱད་དགོས་པའི་མན་ངག་དེ་ཝ་ཙནྡྲས་གསུངས་པ། སློབ་དཔོན་བྷ་སུ་དྷ་རའི་ཉམས་ཀྱི་གསང་ཚིག་ལ་སྒྲུབ་པའི་རྟགས་ཕྱུང་རྟགས་མེད། འཕྲིན་ལས་དང་། བླའི་རྟགས་བསྟན་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤི་ལའི་གསང་ཚིག་ལ། འཁོར་འདས་ཀྱི་སྲོག །བོད་རྦད་གསད་གསུམ་གྱི་འཛབ་དགོངས་བཟླ་ལུགས། བླ་སྲོག་རྣམ་ཤེས་གསོད་གསད། སྤྱི་ལ་གཅེས་པའི་དྲག་སྔགས། འཁོན་སྦྱང་ནང་འགྲས་རྣམས་རྟགས་སྤྱི་དང་བྱེ་བྲག་བླ་རྟགས་བསྟན་པ་བཅས་ཐོབ་པའི་བརྒྱུད་པ་ནི། གུ་རུ་ཤྲཱི་སིངྷ། རོམ་བུ་གུ་ཧྱ་དེ་ཝ་ཙནྡྲ། སློབ་དཔོན་བལ་པོའི་རྒྱལ་པོ། ཀ་མ་ལ་ཤཱི་ལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་


GLG003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་ནས་རིམ་པར་བརྒྱུད་དེ་རིགས་འཛིན་གནམ་ལྕགས་མེ་འབར། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ཟུར་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་ཕུང་པོ་རི་བོ་ཆེ་ནས་སྤྱན་དྲངས་པའི་བཙན་རྒོད་སྲོག་བདག་ཡམ་ཤུད་དམར་པོའི་སྐོར་ལ། སྲོག་བདག་དམར་པོའི་དྲག་སྔགས་ཀྱི་ལོ་རྒྱུས་ཁས་ཉེན་སྟོབས་ཆུང་ཞིག་དང་ཕྲད་ཤོག་གི་མཐའ་ཅན། འདི་ལྷ་རྗེ་གནུབས་ཆུང་གིས་སྐྱེར་ཆུ་མགོན་པོའི་དབུ་ནས་བཏོན་ཟེར་བ་འདུག །ཡམ་ཤུད་དམར་པོའི་གསང་སྒྲུབ་མར་ཁྲག་སྐྱུག་གི་དྲག་སྔགས་འཇམ་དཔལ་དྲག་སྒྲུབ་རྫོགས་སོའི་མཐའ་ཅན། བཙན་ཡམ་ཤུད་སྲོག་བདག་དམར་པོའི་དྲག་སྔགས་སྤུ་གྲི་དམར་པོ་ལས་ཚོགས་ཚད་ལྡན་རྫོགས་སོའི་མཐའ་ཅན། འཇམ་དཔལ་དམར་པོ་ཟོར་བ་སྤུ་གྲིའི་རྒྱུད་ལས་ཕྱུང་བའི་འཇམ་དཔལ་དམར་པོ་དྲག་པོ་བཙན་དུ་སྒྲུབ་པ་རྫོགས་བྱང་གི་མཐའ་ཅན། འཇམ་དཔལ་དམར་པོ་བཙན་དུ་བསྒྲུབ་པ་གསང་བ་གྲི་རྒོད་ཀྱི་ལས། སྲོག་བདག་དམར་པོའི་བསྐང་བཤགས་བདག་ནི་རིགས་འཛིན་མ། བསྐུལ་སྲོག་གི་མངའ་བདག་མ་རྣམས་ཐོབ་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། བྷ་སུ་དྷ་ར། གནུབས་ཆེན་སྐུ་སྤྲུལ་རྒྱ་ཞང་ཁྲོམ་ནས་རིམ་པར་བརྒྱུད་དེ་རིགས་འཛིན་རྒོད་ལྡེམ་ཡབ་སྲས་ནས་སེ་ཉི་བཟང་། སེ་མགོན་བཟང་། སེ་རིན་ཅེན་རྒྱལ་མཚན། སྤྱན་ཚབ་རྗེ། ནུབ་དགོན་རྗེ། དབང་པོའི་སྡེ། ངག་གི་དབང་པོ། སྔགས་འཆང་དོན་གྲུབ་བཀྲ་ཤིས། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲ་ང་རྡོ་རྗེ་ཀུན་གྲགས་ནི། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཉུག་


GLG003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྡོ་རྗེ་སྒྲོམ་བུར་དུ་བེང་མའི་སྐོར། ཕུང་པོ་རི་བོ་ཆེར་ཏྲི་ཡ་ཛའི་སྐོར། རྫ་ལྷུད་མོར་དྲུག་གི་སྤུ་གྲིའི་སྐོར་རྣམས་གཏེར་དུ་སྦས་པའི་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་གཏེར་སྟོན་རྒྱ་ཞང་ཁྲོམ་དང་དགེ་བཤེས་དྲ་ང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་སྤྱན་དྲངས་པའི་གཏེར་ཁ་སྔ་ཕྱི་གཉིས་ཀར་གཏོགས་ཤིང་། དེའི་ནང་ནས་གཏེར་གནས་རི་བོ་ཆེ་དང་གཏེར་སྟོན་དྲ་ང་ཀུན་གྲགས་གཙོ་བོར་བྱས་པའི་སྲོག་གི་བཤན་པ་སྟག་ཞོན་ནག་པོ་ལྷ་བཅུ་གསུམ་མའི་སྐུ་གཟུགས་བཟླས་ལུང་། ཚར་ཆེན་གྱི་གསན་ཡིག་ལྟར་ན་རྗེས་གནང་ལྷ་ལྔ་གཙོ་ཆེར་སྣང་། ཐར་རྩེ་བའི་མངོན་རྟོགས་ན་ལྷ་མང་འདུག་ཀྱང་ལྷ་བཅུ་གསུམ་རང་གི་ངེས་ཏིག་ཐེ་ཚོམ་གྱི་གཞིར་སྣང་ངོ་། །ཕྱག་མཚན་གཏོད་པ་སོགས་ཡིག་རྙིང་དང་། ཐར་རྩེ་བས་མཛད་པའི་གསར་མའི་གཞོགས་དྲུད། གཏོར་མ་ཙ་ཀ་ལི་ལ་བརྟེན་པའི་རྗེས་གནང་དང་། ལུང་ལ། རྒྱའི་གཏེར་མ་གཙོ་བོར་བྱས་པའི་དཔལ་མགོན་པོ་ནག་པོ་དངོས་གྲུབ་བརྟན་པར་གཟིགས་པ་མན་ངག་རྒྱུད་ཆེན་པོ་ལེའུ་བཅུ་གཅིག་པ་གུ་རུ་བྷ་སུ་དྷ་ར་དང་། ཡང་དབང་གཏེར་གྱི་འགྱུར། དཔལ་མགོན་པོ་ནག་པོ་སྙིང་གི་དངོས་གྲུབ་བརྟེན་པར་གཟིགས་པའི་རྒྱུད་རྟོག་པ་ལྔ་པ་སྤུ་གྲི་ལྟ་བུ་སྔ་མ་ལས་སྔགས་མ་ཚང་བ་ཁ་བསྐངས་པའི་རྒྱུད་གནད་དུ་ཕྱུང་བ་པདྨ་ཐོད་འཕྲེང་གིས་བྷ་སུ་དྷ་ར་ལ་གནང་བ། ཚར་ཆེན་གྱིས་མཛད་པའི་བསྐང་གསོ་རྒྱས་པ་འཕྲིན་ལས་ལྷུན་གྲུབ། བསྡུས་པ་གཏོར་ཆོག་གྱེེར་སྒོམ་མ་རྣམས་ཐོབ་པ་ལས། དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ་གཏུམ་པོ། སློབ་དཔོན་པདྨ་འབྱུང་གནས། ཕུང་བྱེད་ཤིནྟཾ་གརྦྷ། རོམ་པུ་གུ་ཧྱ་ཙནྡྲ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་སྒེག་པའི་རྡོ་རྗེ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་


GLG003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། གཏེར་སྟོན་དྲ་ང་རྡོ་རྗེ་ཀུན་གྲགས། སོའི་བནྡེ་འབུམ་གྲགས། སྐྱོའི་བནྡེ་མཐུ་ཆེན། ལྕེ་བཙུན་མདོ་སྡེ་སེང་གེ །མཚུངས་མེད་རོང་པ་བ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ལྕེ་བཙུན་བློ་ལྡན་སེང་གེ །བླ་མ་སྲིའུ་ཆུང་པ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་། དབོན་སྟོན་ཆོས་སྐྱོང་རྒྱལ་མཚན། མདོང་གི་སྔགས་འཆང་དྲིན་ཅན་ཕ་རྒོད་བླ་མ་ཆོས་སྐྱོང་རིན་ཅེན། མདོང་སྟོན་ཚར་པ་ཆོས་ཀྱི་རྒྱལ་པོ། འ་ཞ་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །མཐུ་ཆེན་དགོན་གསར་བ་བསོད་ནམས་ཆོས་འཕེལ། འ་ཞ་ཁྱབ་བདག་དབང་ཕྱུག་རབ་བརྟན། འ་ཞ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ལུགས་གཅིག་ལ་འཇམ་དབྱངས་མཁྱེན་བརྩེ་ནས། ཞ་ལུ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ངོར་ཆེན། བྲང་ཏི་ནམ་མཁའ་དཔལ་བཟང་། བྲང་ཏི་མཁས་བཙུན་ནམ་མཁའ་སངས་རྒྱས། འཇམ་མགོན་བསོད་ནམས་མཆོག་ལྡན་མན་སྔར་བཞིན་ནོ། །གཏེར་གཞུང་སོར་གནས་ཀྱི་སྟེང་ནས་ནོས་པའི་དབང་ཆུང་བའི་བརྒྱུད་པ་ནི། རྗེ་བཀའ་འགྱུར་བ་ནས། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་ལྕེ་བློ་ལྡན་སེང་གེ་ནས། དགེ་སློང་རིན་ཅེན་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། བླ་མ་ཆོས་གྲགས་པ། རྗེ་ཆོས་རྒྱལ་དཔལ་བཟང་། རྗེ་རིན་ཅེན་སེང་གེ །པཎ་ཆེན་བསོད་ནམས་བློ་གྲོས། ཤམྦྷ་བ་གསང་བདག་ཀུན་དགའ་སངས་རྒྱས། ཚར་ཆེན་མན་འདྲ། རྒྱ་ཞང་ཁྲོམ་གྱི་གཏེར་མ་ལྟར་ན། གནུབས་ཆེན་ནས། རྒྱ་ཞང་ཁྲོམ། རོག་གྲགས་སེང་། རོག་ཤེར་དབང་། ལྕེ་མདོ་སྡེ་སེང་གེ །རོང་པ་རྒྭ་ལོ། རོང་པ་ཤེར་སེང་། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ཀུན་དགའ་འཕེལ། བླ་མ་ངག་དབང་གྲགས་པ། བླ་མ་


GLG003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལེགས་དབང་། བླ་མ་རྒྱལ་དབང་། བླ་མ་བཀྲ་ཤིས་ཡེ་ཤེས། བླ་མ་ཆོས་བཟང་རྒྱལ་པོ། བླ་མ་ཆོས་ཀྱི་འོད་ཟེར། འཇམ་དབྱངས་ངག་དབང་རྒྱལ་མཚན། རྗེ་བསོད་ནམས་བློ་གྲོས། ཤམྦྷར་ཀུན་དགའ་སངས་རྒྱས་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། སྲས་ཨ་ཀ་ར་སིདྡྷི། དགེ་སློང་རིན་ཅེན་དཔལ་མན་འདྲ། བཀའ་མ་ལྟར་ན་གནུབས་སངས་རྒྱས་ཡེ་ཤེས་ནས། གནུབས་སྟོན་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། གནུབས་མཆོག་གི་སྙིང་པོ། གནུབས་རྒྱ་གར་རྡོ་རྗེ། དཀོན་ཅོག་བརྩེགས་པ། ཁྲོ་བོ་འབར་བ། དར་མ་རྒྱལ། ཧཱུྃ་ཆེན་ལ། རྩ་བ་ལུང་གི་ཇོ་བོ་འབྱུང་གནས། ཤཱཀྱ་བཟང་པོ། སྟག་སྡེ་འཇམ་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གྲུབ་ཆེན་ཚུལ་ཁྲིམས་རྒྱལ་མཚན། བདག་ཆེན་གྲགས་པ་བློ་གྲོས། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་མན་འདྲ། ཡང་ན་དཔྱལ་ཀུན་མཁྱེན་ཡན་འཚོལ། དེ་ནས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་རྒྱལ་མཆོག །བདག་ཆེན་གྲགས་པ་བློ་གྲོས་མན་འདྲ། ཡང་ན་འཇམ་དཔལ་ཁྲོས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་པདྨ། དྷ་ན་སཾ་སྐྲྀ་ཏ། བྷ་སུ་དྷ་ར་མན་འདྲ།རྒྱུད་གཉིས་ཀྱི་བརྒྱུད་པ་ནི། གནུབས་ཆེན་ནས་སྤྲུལ་སྐུ་རྒྱ་ཞང་ཁྲོམ། གཏེར་སྟོན་དྲ་ང་ཀུན་གྲགས་ནས་བཟུང་སྟེ་འཇམ་མགོན་བསོད་ནམས་མཆོག་ལྡན་གྱི་བར་བརྒྱུད་པ་སྔོན་མ་ལྟར་ལ། དེ་ནས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །འཕྲིན་ལས་དང་གཏོར་ཆོག་གི་བརྒྱུད་པ་ནི། མཐུ་ཆེན་བསོད་ནམས་ཆོས་འཕེལ་བཞུགས་པའི་དབང་བརྒྱུད་དང་གཅིག་གོ །ཐར་རྩེ་པའི་ཡི་གེའི་ལུང་ནི། ཐར་རྩེ་ཁུ་དབོན། མཁན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་


GLG003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་པ། དེས་བདག་ལའོ། །རྒྱ་ཕུར་བུ་ནི། གནམ་ལྕགས་རྡོ་རྗེ་ཀླུ་བཏུལ་དང་གཏུམ་མོ་ཐུགས་ཀྱི་རྒྱུད་ནས་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ཀྱིས་བཅུད་ཕྱུང་སྟེ་བྲག་དམར་ཕུག་པ་ཚལ་དུ་རྗེ་མངའ་བདག་ཁྲི་སྲོང་སྡེ་བཙན་གྱི་སྐུའི་བསྲུང་བར་གནང་བ་ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་སྒྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལ་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ཆེ་བར་བསྔགས་པའི་ལྕགས་སྡོང་མ་སྟེ་རྭ་བསྲུང་བུམ་ལྕགས་གཉིས་ཟབ་ཆོས་གཏེར་སྟོན་ཆེན་པོ་རྒྱ་ཕུར་བུས་སྤྱན་དྲངས་པའི་སྐོར་ལ། དེང་སང་སྔགས་རློམ་ལ་ལ་ཁྲག་རློན་པར་བཙན་དུག་ཅིག་བཏབ་ནས་དུག་ཁྲག་ཡིན་ཞེས་སྨྲ་བ་དང་། རྫས་བསྐམ་རྭ་ཅོར་བཅུག་སྟེ་འཕྱང་དྲགས་སུ་བྱེད་པའི་རྣམ་པར་ཐར་པ་རྣམས་རིང་དུ་སྤངས་ནས་མཚན་ཉིད་དང་ལྡན་པའི་རྫས་རྒོད་སྔགས་དང་ཏིང་འཛིན་གྱིས་ལེགས་པར་བསྒྲུབ་པ་ཚད་ལྡན་གྱི་སྣོད་དུ་གཏམས་པ་ལ་བརྟེན་པའི་རྭ་བསྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་རྫས་རྒོད་དབང་བསྐུར་ཁྲི་སྟོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་བསྒྲིགས་མའི་སྟེང་ནས་བསྐྱེད་རིམ་ཕོག་ཅིང་བཟླས་ལུང་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པའི་དབང་ལེགས་པར་ནོས་ནས། ལུང་ལ། བུམ་ལྕགས་གཉིས། ཐུན་མོང་གི་སྐོར། ཆ་ལག་ཏུ་ཉེ་བར་མཁོ་བའི་སྐོར་དང་བཞི། དང་པོ་ལ་མངའ་བདག་གིས་སློབ་དཔོན་ལ་ཞུས་ཚུལ་གྱི་གླེང་གཞི་དང་ཞུས་ལན་རྒྱ་གར་རྒྱ་ནག་བལ་པོ་སིང་ངའི་ཡུལ་སོགས་གང་དུ་ཡང་འདི་ལས་ལྷག་པའི་བསྲུང་བ་མེད་ཅེས་བསྔགས་པ་བརྗོད་པ། དུག་ཁྲག་སྦྱོར་བའི་བསྲུང་བ་ནི། ཞེས་པའི་རྫས་སྦྱོར་ཐབས། སྔགས་ཀྱི་འབྲུ་ཐེམས་


GLG003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་མདོར་བསྟན་པའི་མཇུག་ཏུ་དམ་མེད་ལ་མི་སྤེལ་བའི་བཀའ་རྒྱ་བཏབ་པ་རྣམས། དེ་དག་ལ་དགོས་པའི་གནད་དྲུག་གི་རྒྱུ་མཚན་མངའ་བདག་རྒྱལ་པོས་སློབ་དཔོན་ལ་ཞུས་ཚུལ། ཞུ་ལན་ལ་ཏིང་ངེ་འཛིན་གྱི་རིམ་པ་རྫས་ཀྱི་སེལ། སྣོད་ཀྱི་ཁྱད་པར། སྔགས་ཀྱི་ངར་གསོ། འཁོར་ལོ་སྐོར་ཐབས། ལས་ཀྱི་མཐའ་བསྒྱུར་བསྟན་པ་མདོར་བསྡུས་པ། དེའི་འཕྲོས་ལས་སློབ་དཔོན་གྱིས་མངའ་བདག་ཆེན་པོ་ཞེས་བོས་ནས་དུས་ཀྱི་མཐའ་མའི་ཚེ་སེམས་ཅན་རྣམས་ཚེ་ཐུང་ཞིང་ནད་རིགས་མང་བ་བསྲུང་བའི་ཁྱད་པར་མཆོག་ཏུ་ཟབ་པ་དུག་ཁྲག་བསྲེས་དང་རྫས་དང་རིལ་བུའོ། །ཞེས་བསྲུང་བའི་གཉེན་པོ་སྐོར་གསུམ་གྱི་མན་ངག་མཐའ་བསྒྱུར་ཁྱད་པར་འཕགས་པའི་ཆོས་དྲུག་ཡིན་ཞེས་རྫོགས་ཚིག་དང་བཅས་ཏེ་བསྟན་པ་རྣམས། གཉིས་པ་ལྕགས་སྡོང་མ་ནི། དུག་བརྒྱད། ཁྲག་བརྒྱད། ཤ་བརྒྱད། དྲི་བརྒྱད་དེ་རྩ་བའི་རྫས་གནམ་ལྕགས་ཨུརྨོ་བཞི་སྦྱོར་དུ་གྲགས་པ་འདི་ལས་ཟབ་པའི་བསྲུང་བ་ནི་རྒྱལ་པོས་བཙལ་ཀྱང་མི་རྙེད་ཅེས་རྫོགས་ཚིག་དང་བཅས་ཏེ་གསུངས་པ། མཚོ་གསུམ་གྱི་གྲོགས་སྐྱོབས་ཁ་གསོག་མཆོད་རྟེན་ལ་བརྟེན་ནས་རང་གཞན་བསྲུང་བའི་ཁྱད་པར་ཕྱིར་བཟློག་རྫོགས་བྱང་དང་བཅས་པ་རྣམས་སོ། །གསུམ་པ་ཐུན་མོང་གི་སྐོར་ལ་རྫས་བསྲུང་ལ་བརྟེན་ནས་སྐྲང་ལྷོག །རོ་ཁུར། བན་བོན་དང་འགྲེལ་པ། ཀླུ་དང་ས་བདག་གི་གནོད་པ་བསྲུང་ཐབས། སེར་བ་རི་གཏིབས་པ་ཙམ་འབབས་པའི་ཁ་བསྒྱུར། ལྷ་ལྔ་དགྱེས་པར་བྱེད་པ། རྭའི་ངར་འདོན། མཚོ་གསུམ་ལ་བརྟེན་ནས་དུག་ཁྲག་སྦྱོར་ཐབས་ཀྱི་གནད། སྤྱོད་ལམ་དང་རྫས་ཀྱི་ངར་འདོགས་པ། ལས་ཅན་སྙིང་འདྲའི་སློབ་བུ་ལ་རྗེས་སུ་གནང་བའི་ཡི་གེ་དེའི་གསལ་བྱེད་ལག་


GLG003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་ཆོས་རྒྱལ་དབང་པོའི་སྡེ་མཛད་པ། དེས་མཛད་པའི་ཐོབ་ཡིག་རིན་ཅེན་གཏེར་མཛོད་བུམ་སྡོང་གི་རྒྱ་ཅན། དེས་མཛད་པའི་རྫས་བསྲུང་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཆུ་སྲིན་གྱི་རྒྱ་ཅན་ནམ་རྣམ་པར་དབྱེ་བ་རིན་ཆེན་ཀེ་ཏ་ཀའི་ཕྲེང་བ་ཞེས་པ། འཁོར་ལོ་སྣོད། ཨུ་བྷིར། རྐང་དོང་། ཐུན་རུ། ཕུར་པ་རྣམས་ཀྱི་དཔེའུ་རིས་རྣམས་དང་ཕྱག་ལེན་ཞལ་ཤེས་རྫས་ཀྱི་སྤྱིར་བཏང་དམིགས་བསལ་ངོས་འཛིན་ཁྱད་པར་མཐའ་འཁོབ་མུ་སྟེགས་པའི་སྐད་དུ་ཧ་ལ་ཛ་ཡ་ཞེས་པ་སྤྱང་དུག་གི་འཁྲུངས་དཔེ་བརྟག་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མ་དང་བཅས་པ་འཁྲུལ་མེད་ཡིད་ཆེས་གདེང་ཁེལ་དུ་ཐོབ་པ་ལས། རྫས་དབང་དང་ལས་ཚོགས་མདོར་བསྟན་ཡན་ཆད་ཀྱི་ལུང་གི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། མ་ཧཱ་གུ་རུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆེན་པོ་རྒྱ་ཕུར་བུར་རིམ་པར་གདམས་པའི་བཀའ་བབས་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུ། མཐུ་ཆེན་སེ་སྟོན་མགོན་པོ་བཟང་པོ། མཁས་གྲུབ་ཆེན་པོ་སེ་སྟོན་རིན་ཅེན་རྒྱལ་མཚན། ཆོས་རྗེ་སྤྱན་ཚབ་པ་མགོན་པོ་ཟླ་བ། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རིགས་འཛིན་རྒོད་ལྡེམ་ནས་སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིགས་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ་མན་གོང་ལྟར།


GLG003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཐུགས་སྲས་ནས་དྲན་མཆོག་དཔལ་ལྡན་བློ་གྲོས། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་བཞིན་ནོ། །ས་བཅད་གསུམ་པ་ཡན་གྱི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །བཞི་པ་ཆ་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལ། བུམ་ཐང་སྐྱེར་གནས་ནས་རྒྱ་ཕུར་བུས་གདན་དྲངས་པའི་སྔགས་ཀྱི་ཐེམས་ཡིག་རྒྱས་པ། རྩ་བའི་རྫས་སྣ་ཉི་ཤུ་རྩ་གཅིག་གི་ངོས་འཛིན། སོ་སོར་ཕྱེ་བ་གདོན་གྱི་འཇུག་སྒོ་དང་དེ་སྲེག་པའི་ལས་སྦྱོར། ངར་གསོའི་ལྷན་ཐབས། རང་བསྲུང་འཁོར་ལོའི་གསལ་བྱེད། རྫས་རྒོད་བཅོ་ལྔ་དང་འཁོར་ལོ་ལ་བརྟེན་པའི་བསྲུང་བ་རིལ་བུས་བསྲུང་བ་རྣམས། རྭ་དོང་གི་སྙན་བརྒྱུད་ཟུར་དུ་བཀོད་པའི་ཟབ་གནད་ཡིག་ཆུང་ལ། རྫས་གཏོང་མི་གཏོང་གི་དབྱེ་བ། ཕུར་བའི་བསྐྱེད་ཆོག་གསང་བའི་རྫས་ངོས་འཛིན། སྣོད་དང་སྔགས་ཀྱི་ཁྱད་པར། འཁོར་ལོའི་མན་ངག་རྣམས་བླ་ཆེན་ཆོས་དཔལ་བཟང་པོས་མཛད་པ། དེས་མཛད་པའི་རྫས་ཀྱི་ཁྱད་པར། ཏིང་འཛིན་མེད་ཐབས་མེད་པའི་རྫས་ངོས་འཛིན། རྫས་འཁོར་གྱི་རང་བསྲུང་། ཤམ་བུ་ཁ་བསྒྱུར་གྱི་འཁོར་ལོ་འདོགས་ཚུལ། ལིངྒ་ལ་བརྟེན་ནས་གདོན་གནོན་པ། ཞོ་ཆང་བསྲུང་བ། རྦོད་གཏོང་བཟློག་པ། སེར་བསྲུང་། ནད་རིམས་བསྲུང་བ། སྲིའུ་གསོ་བ། ཤྭ་བསྒྱུར་བ་རྣམས་ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པའི་གནད་འགག་མན་ངག་གི་གསེར་ལྟ་བུའི་སྙིང་པོ་ཕྱུང་བ་བུ་ལ་ཕན་ཕྱིར་བསྡེབས་པ། དེས་མཛད་པའི་སྣོད་གསུམ། རྫས་སྣ། སྐམ་སྒྲུབ་རློན་སྒྲུབ་ཀྱི་ཟབ་གནད་རྭ་དོང་སྙན་བརྒྱུད་ཡང་དེས


GLG003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྣོད་དང་རྫས་དང་དངོས་གཞི་གསུམ་གྱི་གསལ་བྱེད་རྭ་ཐུན་སྙན་བརྒྱུད་ཟིན་བྲིས་ལས་ཅན་ལ་ཕན་ཐོགས་པའི་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་ཕྱར། ཆོས་རྒྱལ་བོ་དོང་རིན་ཅེན། ཉན་ཆེན་བསོད་ནམས་བརྟན་པ། འགྲོ་མགོན་ཆོས་རྒྱལ་ཆེན་པོ། རྣམ་མཁྱེན་ཡོན་ཏན་འབྱུང་གནས། ཀུན་མཁྱེན་དཔལ་ལྡན་སེང་གེ །རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མཉམ་མེད་དཀོན་ཅོག་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་ལྟར། ཡང་ན་བླ་ཆེན་ནས། ཆོས་རྗེ་རྒྱལ་མཚན་སེང་གེ །གྲུབ་ཐོབ་གུ་རུ་ཤ་ར། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྗེ་མན་གོང་བཞིན་ནོ། །ཡང་ན་རྒྱལ་མཚན་སེང་གེ་ནས་རྩ་བརྒྱད་པ་བློ་གྲོས་བཟང་པོ། ཤྲཱི་པ་མཉམ་མེད་ཀུན་དགའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ་མན་གོང་ལྟར་རོ། །པདྨ་ཡང་གསང་ཡང་གཏེར་སྟོན་མ་བརྒྱུད་པར་གྲུབ་ཐོབ་འདར་ཕྱར་གྱིས་ཨོ་རྒྱན་ལ་དངོས་སུ་གསན་པ་ལྟར་འདི་སྐོར་ཡང་དེ་དང་འདྲའམ་སྙམ་མོ། །ལྷ་རྗེ་གནུབས་ཆུང་གིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་ཡང་བཟློག་མེའི་སྤུ་གྲི་ཡང་ཚར་གཅིག་སྤྱན་དྲངས་པ་གོང་དུ་སོང་ཟིན་པ་ལྟར་དང་། གཞན་ཡང་བུམ་ཐང་མགོན་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་ཕྲ་མེན་གྱི་ལས་འཇིག་རྟེན་ཕུང་བར་བྱེད་པའི་ཐབས་ནང་པ་སངས་རྒྱས་པ་དང་ཕྱི་པ་མུ་སྟེགས་པ་གཉིས་ཀ་དང་འགལ་བའི་ཟབ་


GLG003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ལ་བརྟེན་ནས་ཕྱི་ནང་གི་བཟློག་པས་ཀྱང་བཟློག་པར་མི་ནུས་པའི་དབང་ཕྱུག་སེལ་ནག་གི་རྫས་འཁོར་མི་ནོར་ཟས་གསུམ་འཇོམས་པའི་ཐོ་བ་ལ་ནང་གསེས་ཀྱི་རྫས་ངོས་འཛིན། སྤང་བྱ་ཕན་ཡོན། འཁོར་ལོའི་བྲི་ཐབས་དང་བཅས་པ་ཕྱག་ལེན་མན་ངག་དམར་འཁྲིད་དུ་ནོས་པའི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། རིགས་འཛིན་པདྨ་འབྱུང་གནས། གཏེར་སྟོན་ལྷ་རྗེ་གནུབས་ཆུང་། གནུབས་ལྷ་རྗེ་ ཆོས་དར། སྒྲེགས་བན་ཆེན་པོ། ལ་མོ་ཕུག་པ་བ། སྲས་བྱང་རྒྱལ next hit། སངས་རྒྱས་དར། གླན་རྫིང་བྱིང་པ། གུ་རུ་སངས་རྒྱས། གཡུང་བན་ཕུག་པ་རིན་ཅེན་བཟང་པོ། ཡོངས་སྟོན་རྡོ་རྗེ་རིན་ཅེན། སྔགས་འཆང་དཀོན་ཅོག་པ། མངའ་རིས་ལེགས་ལྡན་རྗེ། ཡུག་མི་འགྱུར་རྗེ། གུ་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེ་བདག་ཟ་ཧོར་བནྡེ་ལའོ། །རྗེ་བླ་མས་འདི་ཕྱག་ཐོག་ཏུ་བཀལ་བས་ཟླ་བ་དགུ་ཐོག་ཏུ་མཐའ་མི་དཔུང་བཅས་ཤིག་རྗེས་མེད་ཐལ་བ་རླུང་ཁྱེར་དངོས་སུ་མཐོང་བའི་ཉམས་མྱོང་མ་ལགས། །རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་ཞིང་། དེས་སྤ་གྲོ་ཅལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་སྤྱན་དྲངས་པའི་གཤིན་རྗེ་གདོང་བདག་བཤན་པ་ལག་རེངས་སམ། རྡོ་རྗེ་བྲག་བཙན་ནམ་ཇོ་བོ་ཨ་བྲག་ཅེས་ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་ཆོས་སྐོར་ལ། འབྱུང་ཁུངས་གླེང་གཞི་ལོ་རྒྱུས། ཕྱི་རབས་ཆད་ཕོ་མོའི་ཐོད་པ་ལ་བརྟེན་ནས་བོད་རྦད་གསད་གསུམ་དྲིལ་ཏེ་བསྒྲུབ་པ། ནང་ལུག་དམར་གྱི་མགོ་ལ་བརྟེན་ཏེ་བསྒྲུབ་པ། གསང་བ་ངང་པའི་སྒོ་ང་ལ་བརྟེན་ནས་བསྒྲུབ་པ། སྤྱན་འདྲེན་


GLG003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྐུལ་གྱི་འཕྲིན་ལས་ཤར་ཕྱོགས་དུར་ཁྲོད་མ། གོང་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་འཕྲིན་ལས་དང་བཅས་པ་ཐོད་པ། མེ་རྡོ་རྗེ། དུག་ཁྲག །སྦྲུལ་གྱི་རྒྱ་ལྔ་ཡོད་དོ། །སྒྲུབ་པའི་ལག་ལེན་ལ་དཀྱིལ་འཁོར་བཅའ་གཞི། ལིངྒ་ཕོ་མོའི་འཁོར་ལོ། བླ་རྡོ་རྣམས་དུས་ཀྱི་མཐའ་མ་ལ་རྣལ་འབྱོར་པ་ཆོས་བྱེད་དུ་མི་སྟེར་བའི་ཚེ་དགྲ་བོ་མྱུར་དུ་ཕུང་བའི་ཐབས་མནན་གཏད་ཀྱིས་བཙལ་བ་ཀོང་ཡུལ་མཐིལ་གཤིན་རྗེ་དོང་ཁའི་གནས་ལུགས་དཀར་ཆག་སློབ་དཔོན་པདྨས་མཛད་པ། གདོང་བདག་བཤན་པ་ལག་དམར་དབྱར་དགུན་སྟོན་དཔྱིད་རྒྱལ་སོགས་རི་མཚོ་གང་ལ་གནས་དང་། ཐེབས་བཟློག་ངོས་འཛིན། བལ་པོ་གུ་ཡ་ཙནྡྲའི་འཁོར་ལོའི་ཞལ་གདམས་སྔགས་བྱང་། རལ་པ་ཚར་དགུའི་མངོན་རྟོགས། ལས་རྡུགས་ན་བྱ་བའི་སྔགས་བྱང་རབ་ཏུ་གསང་བ་རྣམས་ཐོབ་པའི་བརྒྱུད་པ་ནི་མུ་སྟེགས་ཀྱི་སྟོན་པ་བཤེས་གཉེན་ཕུང་ལུང་གི་ཨཱ་ཙཪྻ་ནག་པོ། བལ་པོ་གུ་ཡ་ཙནྡྲ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་བརྩོན་འགྲུས་སེང་གེ་དར། སྐལ་ལྡན་རྡོ་རྗེ་རྒྱལ་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། སྔགས་འཆང་རྣམ་རྒྱལ་རྡོ་རྗེ། འབྲི་གུང་ཟུར་པ་རིན་ཅེན་ཕུན་ཚོགས། སྣང་གསལ་པ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། ཟུར་མཐུ་སྟོབས་དབང་ཕྱུག་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས་མན་གོང་ལྟར་རོ། །གཉགས་སྟོན་ལྷ་འབར་གྱི་གཏེར་ཆོས་ནི་མ་ཐོབ་བོ། །


previousསྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པའི་སྐོར།next