Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
 
གཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པའི་སྐོར།
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པའི་སྐོར།next

གཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པའི་སྐོར།


GLG003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་དུང་མཚོ་རས་པ། བླ་ཆེན་ཉི་མ་རང་གྲོལ། རིགས་འཛིན་སུཪྻ་ཙནྡྲ། མཚུངས་མེད་སངས་རྒྱས་འོད་ཟེར། དྲན་མཆོག་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་མཚུངས་མེད་རིན་ཅེན་དཔལ་འབྱོར། རྒྱལ་སྲས་སངས་རྒྱས་བདེ་ཆེན། འཁྲུལ་ཞིག་པདྨ་སངས་རྒྱས། ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིགས་འཛིན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །སྒོམ་པ་གཡུ་སྒོམ་རྡོ་རྗེའི་གཏེར་ཆོས་ནི་མ་ཐོབ། གསོལ་འདེབས་ལས། བདུད་འཇོམས་སྐྱེ་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཅན། བ་མཁལ་སྨུག་པོ་འཇམ་དབྱངས་བླ་མ་དང་། དབྱིལ་སྟོན་ཡེ་ཤེས་ཁྱུང་གྲགས་སངས་རྒྱས་འབར། གཡུ་སྟོན་མགོན་པོ་རྒྱལ་རྣམས་ལ་གསོལ་བ་འདེབས། ཞེས་པའི་རིགས་འཛིན་ཆེན་པོ་ནི། སྙན་བརྒྱུད་


GLG003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ཐོ་བྱང་ལས་ཅན་ལུང་བསྟན་ལས། ལྔ་བརྒྱ་སྙིགས་མ་རྩོད་ལྡན་དུས༔ གཡས་སུ་སྟོད་ཡུལ་ཟང་ཟང་མཐར༔ རི་རྒྱལ་རིན་ཅེན་སྤུངས་འདྲ་ཡོད༔ དེ་ཡི་ཤར་མགུལ་ནང་འདབས་སུ༔ ཕ་ནི་བརྟུལ་ཞུགས་བཟང་སྤྱོད་རིགས༔ མ་ནི་མཁའ་འགྲོ་དབང་ཕྱུག་མ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཏིང་འཛིན་ངང་དུ་སྦྱོར་བ་ལས༔ ལས་དང་ཐུགས་རྗེའི་སྨོན་ལམ་འཛོམ༔ རིགས་ལྡན་གསང་སྔགས་ཟབ་མོའི་ཆོས༔ སྐྱེ་བ་གསུམ་དུ་བསྒྲུབས་པའི་མཐར༔ རྡོ་རྗེ་ཕག་མོའི་ཐུགས་ཀྱི་སྲས༔ ཁྲོ་གཏུམ་རིག་པའི་ཡེ་ཤེས་རྒྱས༔ པདྨ་འབྱུང་གནས་གསུང་གི་སྲས༔ ང་ཡི་གསུང་ལ་ཐེ་ཚོམ་མེད༔ རྡོ་རྗེ་བདུད་འཇོམས་སྐུ་ཡི་སྲས༔ ཁྲོ་བོའི་ཆ་བྱད་གཟི་བརྗིད་ཆེ༔ གྲུབ་ཐོབ་རྒྱལ་པོ་ལུང་བསྟན་ཅན༔ གནས་དེར་སྐྱེ་བའི་ཚུལ་བསྟན་ནས༔ ལུས་ཀྱི་སྤྱོད་པ་མ་ངེས་ཏེ༔ ངག་ཏུ་མི་རྟག་ཆོས་འཆད་འགྱུར༔ ཡིད་ལ་ཡང་དག་སྙིང་པོ་བསྒྲུབ༔ ཉི་ཤུ་རྩ་ལྔ་ལོན་པའི་ཚ༔ ཡ་མཚན་རྟགས་དང་དངོས་གྲུབ་མཐོང་༔ བྱང་ཕྱོགས་གཉན་ཡུལ་ཟང་ཟང་ནས༔ གསང་སྔགས་བསྟན་པའི་སྒོ་རྙེད་འགྱུར༔ ཆོས་སྒོ་ལྔ་བརྒྱ་ཕྲག་གཅིག་འདོན༔ ཞེས་དང་། སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ལུང་བསྟན་ལས། སྐུ་སྤྲུལ་ཉི་མ་འོད་ཟེར་ཡིན༔ གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཡིན༔ ཐུགས་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཡིན༔ ཡོན་ཏན་ཨོ་རྒྱན་གླིང་པ་ཡིན༔ འཕྲིན་ལས་ཚེ་བརྟན་རྒྱལ་མཚན་ཡིན༔ འདི་ལྔ་པདྨ་འབྱུང་གནས་དངོས༔ ཞེས་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་ཞེས་པ་རི་རྒྱལ་བཀྲ་བཟང་གི་ཤར་འདབས་སུ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བྱོན་ཏེ་ཟབ་གཏེར་སྤྱན་དྲངས་པ་ནི། མཛོད་གསུམ་


GLG003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་བསྟན་ལས། བྱང་རི་བོ་བཀྲ་བཟང་ཞེས་བྱའི་རྩེ་ལ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མས་གཏད་པའི་གཏེར་གྱི་ལྡེ་མིག་ཡོད༔ དེས་བཏོན་པའི་གཏེར་ཐམས་ཅད་བོད་ལ་བསྟན་པ་ཡུན་བསྲིང་བའི་གཏེར་ཡིན་ཏེ་འགྲོ་དོན་དུ་སྤྱད་པར་བྱའོ༔ ཞེས་རི་བོ་བཀྲ་བཟང་ནས་གཏེར་གྱི་ལྡེ་མིག་དང་གཏེར་ཕྲན་འགའ་ཞིག་བཞེས་ཤིང་གཏེར་ཆེན་ནི་ལུང་བསྟན་ཀུན་གསལ་སྒྲོན་མ་ལས། ལྷ་སྲས་གདུང་བརྒྱུད་གུང་ཐང་འཛིན་པའི་དུས༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་རྒོད་ཀྱི་ལྡེམ་ཕྲུ་ཅན༔ བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་དམ་པ་ཡིས༔ ལྷ་སྲས་གདུང་བརྒྱུད་སྐྱོབ་པའི་ཆོས་སྐལ་རྣམས༔ ཟང་ཟང་ལྷ་བྲག་བྲག་ལ་སྦས་པ་ལེན༔ ཞེས་པ་ལྟར་བྱང་ཕྱོགས་གཉན་རི་ཟང་ཟང་ལྷ་བྲག་ནས་བོད་ཀྱི་བློན་པོ་ལྟ་བུའི་གཏེར་དཔལ་ཨོ་རྒྱན་ཆེན་པོས་བོད་ཁམས་སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པའི་ཕྱིར་དུ་སྐུ་གསུང་ཐུགས་ཀྱི་ཚབ་ཏུ་མཛོད་ལྔ་བཞག་པ་བྱང་གཏེར་ཞེས་ཉི་ཟླ་ལྟར་གྲགས་པ་སྤྱན་དྲངས་པ་ཡིན་ལ། དགོས་དོན་གཙོ་བོ་ཡང་བསྐུལ་བྱང་ཆེན་མོ་ལས༔ ཟང་ཟང་ལྷ་བྲག་གི་སྐེད་པ་ན་སངས་རྒྱས་ཀྱི་བསྟན་པ་ཡུན་བསྲིང་བའི་གཏེར་ཡོད་དེ། དེ་དུས་ལ་བབས་པའི་ཚེ་ཐོན་ན༔ བོད་ལ་མི་ལོ་བརྒྱ་དང་རྩ་གཅིག་བདེ་སྐྱིད་འབྱུང་༔ ཕྱིར་ནུར་ན་མི་ལོ་ལྔ་བཅུ་རྩ་ལྔ་བདེ་སྐྱིད་འབྱུང་༔ ཞེས་སྙིགས་མ་ལྔ་ཆོས་ཆེར་བདོ་བའི་དུས་ཁ་བ་ཅན་པའི་འགྲོ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་དཔུང་གཉེན་ཡིན་ཞིང་། གཏེར་ཆོས་ནི་ཞལ་ཆེམས་བདུན་པ་ལས་གཏེར་ཆོས་ཟབ་མོའི་མན་ངག་རྩ་བ་བཞི༔ ཤར་ན་དུང་མཛོད་དཀར་པོ་འབྲས་བུའི་ཆོས༔ ཚེ་འདིར་སངས་རྒྱས་ལག་བཅངས་གཏད་ཐབས་


GLG003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད༔ རྩ་བ་རྒྱུད་གཅིག་མན་ངག་རྣམ་པ་བཅུ༔ དེ་ལ་ཕྲན་བུའི་མན་ངག་བཅུ་བཅུ་ཡོད༔ སོ་སོར་ཕྱེེ་བས་མན་ངག་བརྒྱ་རྩ་གཅིག༔ ལྷོ་ན་གསེར་མཛོད་སེར་པོ་བསྙེན་སྒྲུབ་ཆོས༔ ལམ་གྱི་བར་ཆད་སེལ་བའི་སྒྲུབ་ཐབས་ཡོད༔ ཡི་དམ་ལྷ་ཡི་སྒྲུབ་ཐབས་རྩ་བ་བཅུ༔ དེ་རྣམས་རེ་རེ་ལ་ཡང་མན་ངག་བཅུ༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་ཡོད༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནད་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ཡོད༔ མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་བརྟག་དམ་མེད་སྤང་བ་དང་༔ གདོང་དམར་ལྷོ་བོད་མཚམས་ཀྱི་གདུལ་བྱའི་གནད༔ སྐྱེས་བུ་ཁྱོད་ལ་དགོས་པའི་ཆོས་དྲུག་ཡོད༔ དུག་སྦྲུལ་ལྟོ་བ་གཤགས་པ་ཐུན་མོང་གི༔ སྒྲུབ་ཐབས་ཟབ་མོ་གཉིས་དང་ཞལ་ཆེམས་གཅིག༔ དབུས་ན་རྩིས་རྒྱར་མ་བཞག་གབ་པ་ཡི༔ གང་ཟག་གཅིག་ལ་དགོས་པའི་ཆོས་ཚང་བ༔ ཟབ་ལ་གནད་འདུས་ཤིན་ཏུ་གཅེས་པ་ཡོད༔ཅེས་གསུངས་པའི་ཆོས་ཚན་ལྔ་བརྒྱ་ཕྲག་གཅིག་བཞུགས་པའི་ལ་ལ་ནི་ཤོག་སེར་ལས་མ་ཕབ་པ་དང་། ལ་ལ་ཡང་གཏེར་དུ་སྦས་པ་སོགས་ཀྱིས་ཚང་མའི་རྒྱུན་མི་འདུག་ཅིང་། གྲགས་ཆེ་བ་ཕལ་ཆེར་བཞུགས་པ་རྣམས་ཀྱང་ཡུལ་དུས་ཀྱི་དབང་གིས་དཔེ་མ་འབྱོར་བ་སོགས་ནས་རིགས་འཛིན་གོང་མ་རྣམས་ཀྱི་གསན་ཡིག་དང་བསྟུན་ན་འགའ་ཞིག་མ་རྙེད་མོད། ཕལ་ཆེར་རྡོ་རྗེ་འཆང་དང་ཞལ་གཉིས་པ་དྲིན་ཅན་བླ་མ་མཆོག་གི་བཀའ་དྲིན་ལས་ཐོབ་པའི་ཚུལ་ནི། མཛོད་ལྔ་སོ་སོའི་


GLG003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མ་འབྲངས་པར་རྫོགས་ཆེན་གྱིས་ཐོག་དྲངས་ཐེག་པའི་འཇུག་སྒོ་དང་མཐོ་དམའ་འཕྲིན་ལས་ཞི་དྲག་སོགས་ཀྱི་དབང་དུ་བྱས་ཏེ་བཀོད་པ་ལ་སློབ་དཔོན་པདྨའི་སྙན་བརྒྱུད་གཉིས་ཀྱི་དང་པོ་སྤྲོས་པའི་མཐའ་དཔྱོད་པའི་སྙན་བརྒྱུད་དམ་མཉམ་གཞག་ཏིང་འཛིན་གྱི་སྙན་བརྒྱུད་དུ་གྲགས་པ་ནི་རང་བྱུང་རང་ཤར་གྱི་རྒྱུད་ལས། དེ་དོན་འུབ་ཀྱིས་དྲིལ་བ་ན༔ ཤེས་པ་རང་བྱུང་གཉུག་མར་གནས༔ ཆོས་ཉིད་དོན་གྱི་གནས་ལུགས་ཡིན༔ ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ༔ དེ་ཉིད་འཁྲུལ་བས་མ་དག་པ༔ མ་འཁྲུལ་པ་ཡིས་རིག་པའོ༔ རྟོགས་པས་ཡང་དག་སངས་རྒྱས་བྱུང༔ མ་རྟོགས་པ་ཡིས་སེམས་ཅན་བྱུང༔ ཞེས་པའི་དོན་གྱི་སྙིང་པོ་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཤར་དུང་མཛོད་དཀར་པོ་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་ཞེས་ཀུན་བཟང་གདོད་མའི་མགོན་པོ་མངོན་སུམ་རང་ངོ་སྤྲོད་དེ་རྟོགས་གྲོལ་དུས་གཅིག་ཏུ་འབྱུང་བའི་ཟབ་ཆོས་ཐེག་པ་ཀུན་གྱི་ཡང་རྩེའི་སྐོར་ཐོབ་པ་ལ། ཐོག་མར་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་དབང་ཆོག་སྙིང་པོ་བསྡུས་པ་རིག་པའི་དབང་གི་སྟེང་ནས་འོད་ལྔའི་འཁོར་ལོ་མཐར་འཇའ་རིམ་དགུ་པས་བསྐོར་བའི་དཀྱིལ་འཁོར་སྨན་གཏོར་ར་ཏ་བུམ་པ་ལ་བརྟེན་ནས་རིགས་དྲུག །རྟག་ཆད། ཉན་རང་། དབུ་སེམས། ཀྲྀ་ཡོག་སྡེ་གསུམ། མ་ཧཱ་ཨ་ནུའི་བར་གྱི་ལྟ་སྒོམ་སྤྱོད་པ་ལས་རྣམ་པར་གྲོལ་བ་ཀུན་རིག་སེམས་ཀྱི་རྒྱལ་པོའི་དབང་གིས་སྨིན་པར་བྱས་ནས། རང་བྱུང་རང་ཤར་གྱི་སྙིང་པོའི་བཅུད་བསྡུས་པའི་གནད་ཁྲིགས་རིམ་གྱི་གཞུང་ལ་བརྟེན་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་ཉམས་པ་མེད་པས་བརྒྱན་ཏེ་ཀ་དག་བློ་འདས་ཀྱི་དགོངས་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་


GLG003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་བྱུང་རང་ཤར་གྱི་གནས་ལུགས་རིག་པ་ཅེར་མཐོང་དུ་ངོ་སྤྲོད་པའི་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། སྔོན་འགྲོ་རིན་པོ་ཆེ་གནད་ཀྱི་གཟེར་ལྔ་ལ་གོ་རིམ་མི་མཐུན་པ་འགའ་ཞིག་འདུག་ཀྱང་ལམ་དམན་ལོག་པས་ལྡོག་པ་སྐྱབས་སེམས་ཀྱི་གཟེར། ཚོགས་གསོག་པ་མཎྜལ་གྱི་གཟེར། སྒྲིབ་སྦྱོང་བཤགས་པའི་གཟེར། བསྐུལ་འདེབས་མི་རྟག་པའི་གཟེར། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་གཟེར། བླ་མའི་རྣལ་འབྱོར་གྱི་སྔོན་དུ་མཚོ་རྒྱལ་གྱིས་བསྟོད་པའི་གུ་རུ་ཀྱེ་ཀྱེ་མ། ཆོས་རྒྱལ་གྱིས་ཞུས་པའི་ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་ལེའུ་ལྔ་པ་ལྷ་སྲས་མུ་ཁྲི་བཙན་པོས་དཀར་ཆག་ཏུ་བཏབ་པ། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་རྩ་བའི་རྒྱུད་ལེའུ་བཅུ་གསུམ་རྫོགས་བྱང་གཏད་རབས་ཀྱི་མཐའ་ཅན། སངས་རྒྱས་རྡོ་རྗེ་སེམས་དཔའི་ཀུན་གྲོལ་ཡངས་པའི་རྒྱུད་ལེའུ་དགུ་པ་གཏད་རབས་སྦས་བྱང་གི་མཐར་ཚང་བ། རང་བྱུང་རང་ཤར་གྱི་འཁྲིད་ཡིག་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་འཁྲིད་ཀྱི་རིམ་པ་རྡོ་རྗེ་སེམས་དཔའ་ནས་བརྒྱུད་ཚུལ་དག་ལས་ཅན་དང་ཕྲད་ཤོག་གི་མཐར་ཚང་བ། བྲག་དམར་དཔལ་གྱི་བསམ་ཡས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པའི་བར་དོ་ལྔའི་སྙན་བརྒྱུད་སྦས་བྱང་གི་མཐར་ཚང་བ་འཇམ་དབྱངས་མཁྱེན་བརྩེ་དང་བཀྲ་བཟང་པ་སོགས་ཀྱི་གསན་ཡིག་ན་མི་སྣང་ཡང་རྒྱལ་སྲས་པདྨ་ཆོས་རྒྱལ་གྱི་གསན་ཡིག་འདུག་གོ །རྫོགས་པ་ཆེན་པོ་རིག་པ་རང་ཤར་རང་གྲོལ་དབང་གི་ཕྱག་ལེན་སྙིང་པོ་བསྡུས་པ་རིག་པའི་དབང་བསྟན་མ་བཅུ་གཉིས་ལ་གཉེར་གཏད་ཀྱི་མཐའ་ཅན། རང་བྱུང་རང་ཤར་རྒྱུད་ལས་བྱུང་བའི་མཁའ་འགྲོའི་ཉམས་མྱོང་རིན་ཅེན་གསལ་བའི་སྒྲོན་མ་ཞེས་པ་འཚོ་རྒྱལ་གྱི་ཞུས་ལན་དམར་འཁྲིད་ཉམས་ལེན་


GLG003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པར་གྲགས་པ་འདི་ལ་ཐོག་མར་གླེང་གཞི་ནས་འགོ་བརྩམས་ཏེ་ལེའུ་བདུན་པ་ཡན་གྱི་ཉམས་རྟགས་དང་པོ་དང་། ལེའུ་བརྒྱད་པར་ཉམས་རྟགས་ལྷག་མ་བདུན་པོ་ཚང་ཞིང་ཀ་དག་གི་ཉམས་ལེན་ཕུལ་དུ་ཕྱིན་པ་ཆེས་ཟབ་པ་ཡོད། འདི་དང་ཆ་འདྲ་ཞིག་གཏེར་ཁ་འོག་མའི་ཇོ་མོའི་ཉམས་ལེན་སྐོར་དགུའི་ནང་ནའང་འདུག །འདིའི་ལེའུ་གཉིས་པར་ཟབ་མོ་གནད་ཀྱི་ཐེམས་བཅུ་བསྟན་ཟེར་བ་འདུག་ཀྱང་གསན་ཡིག་རྙིང་པ་ཚོར་གནད་ཐེམས་བཅུ་ལོགས་སུ་འདུག་པ་དང་མི་གཅིག་པ་འདྲ་ཞིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་འཁྲིད་གཞུང་ལ་གནད་ཐེམས་བཅུར་གསུངས་འདུག་པས་དཔྱད་དགོས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཞལ་ཆེམས་རིན་ཅེན་གཟེར་བུ་ཞེས་པ་བལྟ་བ། རིགས་འཛིན་ཆེན་པོ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ཏུ་མ་རིག་མུན་སེལ་སྒྲོན་མེ་ཞེས་པའང་འདུག །ཆོས་སྤྱོད། མི་རྟག་པ། འཆི་དུས་ཀྱི་ཉམས་ལེན། ཡང་དག་པའི་ཆོས་བྱ་ཚུལ། དགེ་སྡིག་སེམས་བསྐྱེད། སྡོམ་པ། ཁེངས་གྲགས་འདུ་འཛི་སྤོང་ཚུལ་སོགས་བསྡུས་ཏེ་བསྟན་པ་སྨུག་ནག་ཁྲོ་བོའི་གཟུགས་ཅན་ཞིག་འབྱུང་བའི་དོན་དུ་སྦས་བྱང་གི་མཐར་ཚང་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུར་བཞུགས་པའི་ཚེ་ཇོ་མོ་ཉིན་འཇིག་རྟེན་གྱི་སྣང་བ་བག་ཙམ་དང་མཚན་རྨི་ལམ་གྱི་འཁྲུལ་བ་སེལ་བའི་དོན་དུ་གསུངས་པ་ཞུ་ལན་གནད་ཀྱི་ཡི་གེ །ངོ་སྤྲོད་རང་རིག་རང་གསལ་ཞེས་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་མན་ངག་སྐོར་གསུམ་དུ་གསུངས་པ་བསྟན་མ་བཅུ་གཉིས་གཉེར་བསྐོས་ཀྱི་མཐའ་ཅན། སློབ་དཔོན་ཆེན་པོས་ཤྲཱི་སིངྷ་ལ་ཞུས་པའི་ངོ་སྤྲོད་གནད་ཏིག་ཞལ་གདམས་ཟབ་


GLG003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལས་ཅན་དང་ཕྲད་ཤོག་གི་མཐར་ཚང་བ། ཇོ་མོ་མཁར་ཆེན་བཟས་ཞུས་པའི་མཚོ་རྒྱལ་ལམ་གྱི་གེགས་སེལ་ནོར་བུའི་བང་མཛོད་ལས་ཅན་ལ་གཏོད་པའི་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་པའི་མཐའ་ཅན། གཏེར་བདག་མཆོད་པའི་ལས་རིམ་ཨེ་ཀ་ཛ་ཊིའི་གསོལ་ཀ་བསྐལ་པ་མེ་འབར་མ་བསྟན་སྲུང་གི་ཁྲོད་དུ་བྲིས་ཀྱང་རུང་མོད་འདིར་ནི་གནད་ཡིག་མཇུག་གི་ཐེམས་ནང་འདུག་པ་ལྟར་བྲིས་སོ། །དེ་ཡང་སྔགས་འཆང་ཆོས་རྒྱལ་བསོད་ནམས། ལེགས་ལྡན་རྗེ་ཡབ་སྲས། འཇམ་དབྱངས་མཁྱེན་བརྩེ། ཆོས་རྒྱལ་དབང་པོའི་སྡེ། བཀྲ་བཟང་པ་སོགས་ཀྱི་གསན་ཡིག་ཁུངས་བཙུན་ཚོར་ཆོས་སྡེའི་བཞུགས་ཚུལ་མི་མཐུན་པ་ཤས་ཆེ་ཞིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་དང་ཞུ་ལན་གནད་ཡིག་མཇུག་གི་ཐེམས་གཉིས་མཐུན་ལ། འདིར་ནི་བཀྲ་བཟང་པའི་གསན་ཡིག་ལྟར་བྲིས་པ་ཡིན་ནོ། །ད་དུང་ཐེ་ཚོམ་གྱི་གཞི་ཅུང་ཟད་འདུག་པ་ཕྱོགས་འདིར་ཚད་མར་གྱུར་བ་རྙེད་ན་དཔྱད་པར་བྱའོ། །ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་མ་གཏོགས་པའི་དབང་འཁྲིད་ལུང་གསུམ་ཡོངས་རྫོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིགས་འཛིན་ཤྲཱི་སིངྷ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ། རིགས་འཛིན་ནམ་མཁའ་གྲགས་པ། དཔང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་མགོན་པོ་བཟང་པོ། སེའི་སྔགས་འཆང་རིན་ཅེན་རྒྱལ་མཚན། སྤྱན་ཚབ་ཆོས་རྗེ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན།


GLG003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། རྫོགས་ཆེན་རྣལ་འབྱོར་ཀུན་བཟང་རྣམ་རྒྱལ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། དེ་ནས་སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། ཆོས་རྗེ་སངས་རྒྱས་དཔལ་བཟང་། རིག་འཛིན་ནམ་མཁའ་རྒྱལ་མཚན། གཏེར་སྟོན་ཤཱཀྱ་བཟང་པོ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་འཛིན་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བྱང་ཆུབ་སེམས་སྤྱོད་དབང་གི་སྐོར་འདི་རིག་འཛིན་ཆེན་པོ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སོགས་ཀྱི་གསན་ཡིག་ཁུངས་བཙུན་མང་པོར་ལོགས་སུ་མཛད་པའང་འདུག་ཅིང་། ནུབ་དགོན་ཕྱོགས་ཀྱི་རྒྱུན་ལའང་ཟངས་ཐལ་དང་སྦྲེལ་བའི་བར་བཀབ་མི་འདུག་ནའང་། བླ་ཆེན་བཀྲ་བཟང་པའི་གསན་ཡིག་ན་ཐོག་མར་ཐེག་པ་རིམ་དགུའི་དབང་ཞེས་ངོས་བཟུང་འདུག་པ། སྤྱོད་པ་ལེགས་པའི་སྐབས་སུ་ཕྱིའི་སྤྱོད་པ་ལེགས་པའི་སྒྲོན་མ་སྤྱོད་དབང་སྐོར་དང་། ནང་གི་སྤྱོད་པ་ལེགས་པའི་སྒྲོན་མ་རྣམ་གསུམ་དུ་བཤད་པས་འབྲེལ་མཚུངས་པ་ནས་ཕལ་ཆེར་བསེ་སྒྲོམ་སྨུག་པོ་ནས་སྤྱན་དྲངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་སྐོར་ལ། རྣམ་སྣང་ལྷ་སོ་གསུམ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ་སྔོན་དུ་འགྲོ་བ་ཅན་གྱི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། ཀྲྀ་ཡ་ཨུ་པ་ཡ་ོག །མ་ཧཱ་ཨ་ནུ་ཨ་ཏི་


GLG003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐེག་པ་རིམ་དགུའི་དབང་ངམ་བྱང་ཆུབ་སེམས་དཔའི་སྤྱོད་དབང་ལེགས་པར་མནོས་ནས། ལུང་ལ། རྣམ་པར་སྣང་མཛད་རྒྱུད་ཀྱི་སྒྲུབ་ཐབས་ལེའུ་བཅུ་པ་དེ་བཞིན་གཤེགས་པའི་གཟུངས་ཀྱི་སྒྲུབ་ཐབས་རྡོ་རྗེ་གདན་གྱི་རྩེ་མོ་སྡེ་བྱང་མའི་སྲོག་ཤིང་ལ་སྦས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཏོན་ནས་ཨོ་རྒྱན་ཆེན་པོར་གནང་བ་བྲག་རི་དུག་སྦྲུལ་སྤུངས་འདྲར་སྦས་བྱང་དང་གཉེན་ཆེན་ཐང་ལྷར་བཅོལ་དམ་གྱི་མཐར་ཚང་བ། རྣམ་པར་སྣང་མཛད་སྐུའི་རང་ཆས་དགོངས་པ་རུ་བསྟན་པ་ལེའུ་བཀོད་པ་རྣམ་གསུམ་ཞེས་པའི་མཐོང་གྲོལ་གསང་སྔགས་ཐུགས་ཀྱི་མན་ངག་བདུན་པ། ལྷ་མོ་ཕྱག་རྒྱ་ཆེན་པོ་རྣམ་པར་གཟིགས་མའི་རྒྱུད་ཚེ་དང་ལྡན་པ་དགའ་བོས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་སྦས་པ་ཀླུ་སྒྲུབ་ཀྱིས་བཏོན་ནས་ཨོ་རྒྱན་ཆེན་པོར་གནང་བ་བོད་དུ་གདན་དྲངས་ནས་གཏེར་དུ་སྦས་ཏེ་རྡོ་རྗེ་ལེགས་པར་གཉེར་དུ་གཏད་པ། བདེ་གཤེགས་མཆོད་པའི་ཆོ་ག །བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་དབང་ཆོག་ཤཱཀྱའི་བསྟན་པ་མཐའ་རྒྱས་ཕྱིར་གཏེར་དུ་སྦས་ནས་ཐང་ལྷར་གཏད་ཚུལ། ཕྱོགས་བཅུ་དུས་གསུམ་མ་ཞེས་པ་སྨོན་ལམ་ཡིད་བཞིན་ནོར་བུ། དཔལ་མགོན་བདུན་ཅུ་རྩ་ལྔའི་གཏོར་བསྔོས། དུས་ངན་སྙིགས་མ་མཐར་ཐུག་གི་ཚེ་སྡིག་སྒྲིབ་སྦྱོང་ཐབས་དུས་ཆེན་དགུའི་གསོ་སྦྱོང་། དུས་ཁྲིམས་ཀྱི་ལག་ལེན་སྤྲུལ་སྐུ་ཤཱཀྱ་བཟང་པོས་མཛད་པ། དུས་ཆེན་དགུའི་ཕན་ཡོན། མངའ་བདག་གིས་སློབ་དཔོན་ཆེན་པོར་ཞུས་པའི་གཏན་ཁྲིམས་དུས་ཁྲིམས་ཀྱི་ཁྱད་པར་དང་ལེན་ཚུལ། ཕྱི་ནང་གསང་བའི་སྤྱོད་པས་བདག་གཞན་དགེ་བའི་ལམ་ལ་གཟུད་པ་གཏན་ཁྲིམས་བསྲུང་བྱ་ཕན་ཡོན་ཉེས་དམིགས་བཅས་པ་ཟངས་མཛོད་དམར་པོར་རྒྱས་བཏབ་སྟེ་


GLG003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་ཐང་ལྷར་གཉེར་དུ་གཏད་པ། དུས་ཁྲིམས་ཀྱི་ཕྱག་ལེན་བཞིན་དུས་དགུའི་གསོ་སྦྱོང་ཡང་ལེགས་པར་བླངས་པ་རྣམས་ལས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་རྣམ་པར་སྣང་མཛད། རྒྱལ་བ་ཤཱཀྱ་ཐུབ་པ། རིགས་འཛིན་ལྷ་དབང་བརྒྱ་བྱིན། ཀུན་དགའ་བོ། སློབ་དཔོན་ཀླུ་སྒྲུབ། གུ་རུ་ཤཱཀྱ་སིངྷ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། ཐུགས་སྲས་རྣམ་རྒྱལ་མགོན་པོ། མཚུངས་མེད་རྡོ་རྗེ་དཔལ། བླ་མ་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། རིགས་འཛིན་ཀུན་དགའ་དོན་གྲུབ། སྔགས་འཆང་ཀུན་དགའ་ལྷུན་གྲུབ། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། གཅེན་མངའ་རིས་པཎ་ཆེན། གཅུང་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་པའི་གཏེར་སྟོན་བསྟན་འཛིན་ནོར་བུ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། དྲན་མཆོག་སངས་རྒྱས་དབོན་ཆེན། མཚན་ལྡན་བྱམས་པ་བཤེས་གཉེན། དྲིན་ཅན་སངས་རྒྱས་དཔལ་བཟང་མན་འདྲ། ཡང་ན་སངས་རྒྱས་དཔལ་བཟང་ནས། སྔགས་འཆང་ཤཱཀྱ་བསོད་ནམས། ཀུན་དགའ་དོན་གྲུབ་མན་གོང་ལྟར་རོ། །ཡང་ན་བཅོམ་ལྡན་ཤཱཀྱ་ཐུབ་པ། འཁོར་རྣམ་བཞི་སློབ་དཔོན་ཀླུ་སྒྲུབ་མན་འདྲ། དུས་དགུའི་གསོ་སྦྱོང་དུས་གཅིག་ལ་བླངས་པའི་བརྒྱུད་པ་ནི་རྩ་བའི་བླ་མས་རིགས་འཛིན་ངག་གི་དབང་པོ་དངོས་ལ་གསན་ནོ། །རིགས་འཛིན་ཆེན་པོས་དབུས་སྙིང་མཛོད་སྨུག་པོ་ནས་སྤྱན་དྲངས་པའི་ཀུན་བཟང་དགོངས་པ་ཟངས་


GLG003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཞེས་ཐེག་པ་རིམ་དགུའི་ཡང་རྩེ་ཚེ་འདིར་ཆོས་ཉིད་ཟད་སར་འཁྱོལ་ནས་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་བྱེད་ནུས་པའི་ཟབ་ཆོས་རྒྱ་བོད་རིག་འཛིན་བརྒྱུད་པའི་ཞལ་གྱི་དྲོད་རླངས་ཉམས་པ་མེད་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་བརྟེན་ནས་རིག་པའི་དབང་ལྔ། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་། བུམ་དབང་། བརྡ་དབང་། དོན་དབང་། དམ་ཚིག་གི་དབང་སྟེ་སྤྲོས་བཅས་བུམ་པའི་དབང་། བྱང་སེམས་ལ་བརྟེན་ནས་སྤྲོས་མེད་གསང་བའི་དབང་། ཤེས་རབ་མ་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཆོས་སྐུར་ངོ་སྤྲོད་པ་རབ་ཏུ་སྤྲོས་མེད་ཀྱི་དབང་། སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པའི་རྫོགས་པ་ཆེན་པོ་དབང་གི་ཆོ་གའི་སྟེང་ནས་སྟ་གོན་དང་ཕུང་པོ་རྒྱས་གདབ་སྔོན་དུ་འགྲོ་བའི་སྒོ་ནས་ཐུན་མོང་གི་དབང་བསྐུར་བཅུ་གཅིག །ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལ་བརྟེན་ནས་སྙིང་པོ་ཐུགས་ཀྱི་དབང་ཞེས་པ་རང་བྱུང་བཏགས་པས་གྲོལ་བ་རིག་པ་ཡེ་ཤེས་ལྔར་འགྱུར་བ་རིག་པ་རང་གྲོལ་གྱི་དབང་ངམ་བཏགས་གྲོལ་གྱི་དབང་རྒྱས་པར་གྲགས་པ། རྫོགས་པ་ཆེན་པོ་ངེས་དོན་ལྟ་བའི་དབང་རྒྱལ་ཐབས་སྤྱི་བླུག་གི་དབང་ཡང་ཟེར། ཞེས་པ་དོན་བཅུ་གཉིས་ཀྱི་སྒོ་ནས་བསྐུར་བ། རིག་པ་རང་གསལ་གྱི་དབང་ཞེས་པ་ལྟ་སྒོམ་སྤྱོད་འབྲས་བསྟོད་པ་དམ་ཚིག་སྟེ་དོན་རྣམ་པ་བདུན་གྱི་སྒོ་ནས་བསྐུར་བ། ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཞེས་པ་བར་དོར་རང་སར་གྲོལ་བའི་དབང་འོད་ལྔ་ཐིག་ལེའི་དཀྱིལ་འཁོར་བུམ་པ་མན་ཤེལ་ཀ་པཱ་ལ་འདྲ་འབག་ལ་བརྟེན་པ་སློབ་དཔོན་པདྨའི་རིག་པའི་རྩལ་དབང་། དེའི་མཐའ་རྟེན་མངོན་སུམ་ཡེ་ཤེས་ཀྱི་རང་མདངས་ཞལ་ཕྱེ་ན་


GLG003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཡོན་ཏན་ཡེ་ཤེས་ཀྱི་རྩལ་དབང་། སྐལ་དམན་ཐུགས་རྗེས་བཟུང་བ་བསྟན་པ་བུ་གཅིག་ནས་གསུངས་པའི་བཏགས་གྲོལ་གྱི་དབང་རྣམས་ཐོབ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཐར་ཀུན་གཞི་གཏན་ལ་ཕབ་པ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་སྒྲ་འོད་ཟེར་གསུམ། བརྐྱང་འགྱེལ། སྐུ་གསུམ་གྱི་བཞུགས་སྟངས། འགྲེང་ཚུགས་རྣམས་ལ་བརྟེན་ནས་རིམ་བཞིན་སྐུ་གསུམ། དབྱིངས་རིག །སྣང་བཞིའི་ངོ་སྤྲོད། ཁྱད་པར་བཀའ་གཏེར་གྱི་རྫོགས་ཆེན་གཞན་ལ་གྲགས་པ་རྣམས་ལས་ཁྱད་དུ་ཐོན་པའི་ཆོས་ཉིད་ཟད་པའི་མྱུར་ལམ་རྡོས་བཅས་ཕུང་པོ་ཚེ་འདིར་མི་སྣང་བར་འཇའ་ལུས་སྒྲུབ་བྱེད་ཐོད་རྒལ་གྱི་རང་རྩལ་རྗེན་པར་སྟོན་པ་ལྷུན་གྲུབ་དགོངས་པ་ཟངས་ཐལ་གྱི་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། དེ་ཡང་སྙན་བརྒྱུད་དྲུག་གི་ཐོ་བྱང་ལས། དབུས་ཀྱི་ཤོག་དྲིལ་རྣམ་གསུམ་དང༔ ཟབ་མོ་སུམ་ཅུ་རྩ་དྲུག་ཆོས༔ རང་མིན་གཞན་ལ་བསྟན་མི་བྱ༔ ཞེས་དང་། འགྲོ་བ་གཞན་དོན་དགོངས་པའི་ཕྱིར༔ སྙན་བརྒྱུད་རྩ་བའི་ཆོས་རྣམས་བསྟན༔ སུམ་ཅུ་རྩ་དྲུག་འདི་ལྟ་སྟེ༔ རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག༔ པདྨ་འབྱུང་གནས་སྙན་བརྒྱུད་དྲུག༔ རྡོ་རྗེ་སེམས་དཔའི་གློང་ཆེན་དྲུག༔ རྩ་བའི་ཆོས་སྡེ་བཅོ་བརྒྱད་ཡིན༔ ཡན་ལག་ཐུན་མོང་བཅོ་བརྒྱད་ནི༔ སྤྱོད་པ་ལེགས་པའི་སྒྲོན་མ་དྲུག༔ སྙིགས་མ་དངས་པའི་མན་ངག་དྲུག༔ དུས་ལ་དགོས་པའི་སྒྲུབ་ཐབས་དྲུག༔ ཅེས་གསུངས་པས་ཟབ་རྒྱ། སྙན་བརྒྱུད། གློང་གསུམ་པོར་དྲུག་ཚན་དུ་ཕྱེ་བར་རྩ་བའི་མན་ངག་བཅོ་བརྒྱད་དང་། སྤྱོད་པ། སྙིགས་མ་སྒྲུབ་ཐབས་གསུམ་ལ་དྲུག་ཚན་དུ་བྱས་པར་ཡན་ལག་ཐུན་མོང་བཅོ་བརྒྱད། དེ་གཉིས་བསྡོམས་


GLG003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པས་སུམ་ཅུ་རྩ་དྲུག་གི་སྟེང་དུ་ཚར་གཅོད་དྲག་པོ་གནམ་ལྕགས་ཀྱི་ཁང་བུ་ལྔ་བསྣན་པས་སྙན་བརྒྱུད་མན་ངག་བཞི་བཅུ་རྩ་གཅིག་ཏུ་གྲགས་ཤིང་གོ་རིམ་གྱི་དབང་དུ་བྱས་ན་ཐོག་མར་ཐུན་མོང་བ་བཅོ་བརྒྱད་དང་དེ་ནས་རྩ་བའི་ཆོས་བཅོ་བརྒྱད་དགོས་ལ་གོང་འོག་འཁྲུགས་ཤིང་རྩ་བའི་ཆོས་སྡེ་ལ་ཡང་གདུལ་བྱ་བློ་རབ་འབྲིང་མཐའ་མ་གསུམ་གྱི་དབང་དུ་བྱས་ནས་ཟབ་རྒྱ་ཐོག་མར་བྱུང་ནའང་འདིར་བསྒྲིགས་རིམ་རིགས་འཛིན་བརྒྱུད་པ་རྣམས་ཀྱི་ཟབ་ཆོས་སྤེལ་བའི་གོ་རིམ་དང་གོང་མ་རྣམས་ཀྱི་གསན་ཡིག་སོགས་དང་བསྟུན་ནས་སྙན་བརྒྱུད་ཐོ་བྱང་གི་གོ་རིམ་འདི་ཤས་ཆེར་ལུགས་ལྡོག་ཏུ་འགོད་པས། དེ་ཡང་འགྲོ་བའི་དོན་བྱེད་པ་ལ་སྙིགས་མའི་དུས་ན་སེམས་ཅན་རྟོག་པ་ཧྲག་ཅིང་ཤིན་ཏུ་མགུ་དཀའ་བས་སྒོ་གསུམ་ཐ་མལ་དུ་ཤོར་ན་རང་གཞན་ལ་བར་གཅོད་འབྱུང་བས་དེའི་གཉེན་པོར་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག །ཆོས་བྱེད་པར་གྲིབ་དྲུག་བསྲུང་དགོས་པས་དེའི་གཉེན་པོར་སྙིགས་མ་དངས་པའི་མན་ངག་དྲུག །ཉམས་སུ་ལེན་པའི་གང་ཟག་ལ་བར་གཅོད་དྲུག་འོང་བས་དེའི་གཉེན་པོར་སྒྲུབ་ཐབས་དྲུག་དགོས་པར་གསུངས་པ་རྣམས་སྔོན་འགྲོའི་རྒྱབ་ཆོས་དང་། དབང་པོ་རབ་ལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གློང་དྲུག་དེའི་ཆར་གཏོགས་དང་བཅས་པ། ཡང་ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་གསུམ་མགོན་པོ་རྣམས་ཀྱི་གློང་སོ་སོར་བྱས་པར་གློང་ཆེན་དྲུག །དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག་ཅེས་པ་འགྲེལ་ཏིག་ཆེན་མོའི་དོན་ལྟར་སློབ་དཔོན་པདྨ་ལ་སྙན་བརྒྱུད་གཉིས། མཁས་པ་བི་མཱ་ལར་གཉིས། ལོ་ཆེན་བཻ་རོ་ཙ་ནར་གཉིས་ཏེ་སྙན་བརྒྱུད་དྲུག་ཏུ་བཤད་པ་དང་། ཡང་སྙན་བརྒྱུད་དྲུག་གི་ཐོ་བྱང་ནས་སློབ་དཔོན་པདྨ་རང་ལ་སྙན་


GLG003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དྲུག་བྱུང་བར་གསུངས། དབང་པོ་མཐའ་མ་ལ་རྩ་རླུང་གི་གདམས་པ་རྡོ་རྗེ་ཕག་མོའི་ཟབ་རྒྱའི་སྐོར་བརྒྱ་དྲུག་ཏུ་བསྟན་ཞིང་། ཆོས་ཚན་ཞེ་གཅིག་འདྲེན་པའི་སྐབས་དྲག་པོ་ཚར་གཅོད་གནམ་ལྕགས་ཀྱི་ཁང་བུ་ལྔ་ལོགས་སུ་བྱུང་ཡང་བརྒྱ་ལྔ་པའི་ནང་དུ་འདུ་བས་དོན་གྱི་ཆོས་ཚན་སུམ་ཅུ་རྩ་དྲུག་གིས་ཚང་ངོ་། །དེ་ཡང་ཡིག་སྣ་རྣམས་ཀྱི་གོ་རིམ་རྟོགས་སླ་ཕྱིར་འཁྲུགས་བསྡེབས་སུ་བརྗོད་ན། སྔོན་འགྲོའི་རྒྱབ་ཆོས་དང་དངོས་གཞིའི་རྒྱབ་ཆོས་གཉིས། དང་པོ་ལ། གཏེར་སྟོན་རང་གིས་མཛད་པའི་གཏེར་ཆེན་བཏོན་པའི་ལོ་རྒྱུས་སྣ་མོ་ལུང་༼སུ༽གི་སྒྲུབ་ཁང་དུ་སྦྱར་བ། ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་བཀྲ་བཟང་གཏེར་བྱུང་༼ཤྲཱི༽དངོས་གྲུབ་སྒོ་འབྱེད་དགོས་པ་ཀུན་འབྱུང་གི་རྒྱ་ཅན། སེའི་སྔགས་འཆང་བཀྲ་བཟང་པ་པདྨ་དབང་ཆེན་གྱིས་མཛད་པའི་བྱང་གཏེར་ཆོས་སྐོར་༼སེ༽རྣམས་ཀྱི་སྤྱི་ཆིངས། སྤྲུལ་པའི་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུས་མཛད་པའི་གསོལ་འདེབས་བརྡ་༼དབང༽ཆེན་བཅོ་བརྒྱད་མ། རྫོགས་ཆེན་ དགོངསཟངཐལ next hit་ལྷུན་གྲུབ་ཀྱི་གསོལ་འདེབས་རྒྱལ་བ་དགོངས་བརྒྱུད་མ་རྣམས། དེ་རྗེས་གོང་དུ་བཤད་པའི་སྔོན་འགྲོ་ཡན་ལག་གི་ཆོས་སྡེ་བཅོ་བརྒྱད་ལས་ཕྱི་ལུས་ཀྱི་སྤྱོད་པ་ལེགས་པའི་སྒྲོན་མ་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་སྐོར་སོང་ཟིན། ནང་ལུས་ཀྱི་སྤྱོད་པ་སྟོན་པའི་སྒྲོན་མ་སྟོན་པ་དུང་མཛོད་ཀྱི་ཆོས་སྡེ་ནས་བྱོན་པའི་གཏེར་སྟོན་རྒོད་ལྡེམ་ལ་གདམས་པ་སྒྲོན་མ་རྣམ་གསུམ་དུ་གྲགས་པའི་ནང་ཚན་བྲག་རི་དམར་ནག་སྲིན་པོ་ལས་ལ་ཆས་པ་ལྟ་བུའི་རྩ་བར་གདུག་པའི་སེམས་ཅན་དུ་འཁྲུངས་པ་གནས་སྦར་བ་སོགས་སྐྱེ་བརྒྱུད་ཕྱི་ལུས་ཀྱི་སྒྲོན་མ། སྐུའི་


GLG003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྟགས་སྐྱོན་ཡོན་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། དེ་ལ་དམ་ལོག་འབྱུང་ཚུལ་ཞག་གཅིག་ལ་བཅུ་དྲུག་དབྱེ་བའི་ཉམས་ལེན་སོགས་སྟོན་པ་ནང་སྤྱོད་པའི་སྒྲོན་མ། ཕྱི་ནང་གསང་གསུམ་གྱི་རྟགས་རྒྱ་འཆང་ལུགས། བདུད་འདུལ་བ་སོགས་སྟོན་པ་གསང་བ་རིག་པའི་སྒྲོན་མ་རྣམས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག །དངས་སྙིགས་འབྱེད་པའི་མན་ངག་དྲུག །དུས་ལ་དགོས་པའི་སྒྲུབ་ཐབས་དྲུག་སྟེ་ཡན་ལག་གི་ཆོས་ཚན་བཅོ་བརྒྱད་ཆ་མཉམ་དུ་སྟོན་པ་སྙན་བརྒྱུད་ཟབ་མོ་སྡེ་དྲུག་གི་སྔོན་འགྲོ། འདི་ལ་ནང་གསེས་ཀྱི་བདུད་རྩི་ཆུའི་བཅུད་ལེན། ས་རྡོ་ཤིང་སོགས་ཀྱི་དངས་མ་ལ་བརྟེན་པའི་སྨན་གྱི་བཅུད་ལེན། རླུང་དང་རིག་པ་ལ་བརྟེན་ནས་ཚེ་བསྒྲུབ་པའི་བཅུད་ལེན། སྡིག་སྒྲིབ། གནས་གྲིབ། གོས་གྲིབ། གྲོགས་གྲིབ། སྤོང་ཐབས་རྣམས་ཀྱི་དངས་སྙིགས་འབྱེད་པའི་མན་ངག་དྲུག་བསྟན། ན་བཟའ་སྐུ་རགས། སྟོད་གཡོགས། རྟགས་རྒྱ། བེར་ཆེན། མཉེན་ཞུ། ཕྱག་མཚན་སོགས་ཕྱི་ལྟར་མཛེས་པའི་ལུས་ཀྱི་སྤྱོད་ལམ་གྱི་རྒྱན་བདུན་དང་། ཉིན་འགྲོ་འཆག་སོགས་ཀྱི་རྒྱ་ལས་མི་གཡོ་བས་ནང་ལྟར་མཛད་པའི་རྒྱན་བདུན་བསྟན། གཞན་གྱི་སྟོད་སྨད་སོགས་ལ་ལན་བརྗོད་ཚུལ་ལྔས་ལེགས་པའི་ཚིག་དང་། ནང་སྒྲ་མཉེན་པོར་སྦྱོར་བའི་ངག་གི་སྐྱོན་བཅོས་ཏེ་སྤྱོད་པ་ལེགས་པ། འགྲོ་བ་རྣམས་ཀྱི་ལས་སྣང་ཚིག་ལ་བརྟེན་པའི་ཆོས་བརྒྱད་ཀྱི་རྟོག་པ་མཐའ་དག་རྦད་ཀྱིས་གཅོད་པའི་མཉམ་གཞག་གིས་ཡིད་ཀྱི་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག་མདོ་ཙམ་དང་། ཇག་འཆིང་། བདུད་གཞོམ། ཚེ་སྒྲུབ་སོགས་ཀྱི་དོན་བསྡུས་དུས་ལ་དགོས་པའི་སྒྲུབ་ཐབས་དྲུག་རྣམས་བསྟན། རྩ་བའི་ཆོས་བཅོ་བརྒྱད་དང་


GLG003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གི་ཆོས་བཅོ་བརྒྱད་པོ་ཐམས་ཅད་ཀྱི་ཐེམས་སྟོན་པ་སྙན་བརྒྱུད་དྲུག་གི་ཁོག་འབུབས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ཆེམས། སྔོན་འགྲོ་དང་ཁོག་འབུབས་གཉིས་པདྨའི་སྙན་བརྒྱུད་གཉིས་པར་གཏོགས་ཀྱང་ཆོས་ཀྱི་བཞུགས་ཚུལ་གྱིས་འདིར་བཀོད་པ་ཡིན། དངས་སྙིགས་འབྱེད་པའི་ཆོས་དྲུག་གི་ནང་ཚན་ཟས་ཀྱི་སྙིགས་མ་སྦྱང་བ་ཟུར་བཀོལ་བཅུད་ལེན་སྐོར་ལ་ལྟོ་གོས་ལྷུན་གྲུབ་གཏུམ་མོའི་བཅུད་ལེན། ཞི་བྱེད་དཀར་མོའི་སྦྱོར་བ་ཅུང་ཞིའི་བཅུད་ལེན། རྒྱས་བྱེད་སེར་མོའི་སྦྱོར་བ་སའི་བཅུད་ལེན། དབང་སྡུད་དམར་མོའི་སྦྱོར་བ་མཚན་གྱི་བཅུད་ལེན། བདུད་འཇོམས་ལྗང་མོའི་སྦྱོར་བ་བྱེ་མའི་བཅུད་ལེན། སྟོབས་ལྡན་མའི་སྦྱོར་བ་དབང་ལག་གི་བཅུད་ལེན་དཔལ་འཕྲེང་སེར་མོའི་སྦྱོར་བ་འོམ་བུའི་བཅུད་ལེན། རྔམ་པ་མོའི་སྦྱོར་བ་བདུད་རྩི་ཆེན་པོའི་བཅུད་ལེན། ཉི་མ་སྤྱན་གཅིག་སྦྱོར་བ་ལུག་མིག་མའི་བཅུད་ལེན། སེང་གདོང་དཀར་མོའི་སྦྱོར་བ་ཆུའི་བཅུད་ལེན། སྟག་གདོང་སེར་མོའི་སྦྱོར་བ་རྡོའི་བཅུད་ལེན། ཁྱུང་གདོང་དམར་མོའི་སྦྱོར་བ་གླང་སྣའི་བཅུད་ལེན། ཕག་གདོང་སྔོན་མོའི་སྦྱོར་བ་སྤང་རྒྱན་བཅུད་ལེན། ཕྱི་ནས་འཚོལ་མི་དགོས་པ་ལྕེ་ཆུང་བཅུད་ལེན་རྣམས་སྟོན་པ་བཅུད་ལེན་རིན་ཅེན་འཕྲེང་བ། དེ་ཡང་གོང་དུ་བསྟན་པ་ཐུན་མོང་གི་ཆོས་བཅོ་བརྒྱད་ནི། སྙན་བརྒྱུད་དྲུག་གི་ཁོག་འབུགས་ལས། སྙིགས་མའི་དུས་སུ་འགྲོ་བའི་དོན་ལ་དགོངས་པ་བརྡའི་སྐྱེས་བུ་དེ་ལ་གྲིབ་དྲུག་ཕོག་པས་སྤྱོད་པ་མ་དག་པ་དྲུག་གི་སྐྱོན་འབྱུང༔ དེ་སྤྱོད་པ་ལ་སྙིགས་མ་དངས་པའི་མན་ངག་དྲུག་དགོས༔ དུས་མཐའ་མའི་སྐྱོན་གྱིས་ཕྱི་ནང་གི་བར་གཅོད་དྲུག་འབྱུང་༔ དེ་བཟློག་པའི་མན་ངག་དྲུག་དགོས་སོ༔ བདག་གཞན་ཐུན་མོང་ལ་དགོས་པའི་ཕྱིར་


GLG003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལེགས་པའི་སྒྲོན་མ་དྲུག་དགོས་སོ༔ ཞེས་གསུངས་པའི་ཐུན་མོང་གི་མན་ངག་བཅོ་བརྒྱད་པོ་འདི་གཙོ་བོར་སྤྲུལ་པའི་གཏེར་སྟོན་ཉིད་ཀྱི་ཐུགས་ཉམས་སུ་བླང་བྱར་བསྟན་ཞིང་། དེ་ཡང་ཞིབ་ཏུ་བཤད་ན་དཀོར་སྐྱོན་བསྲུང་བ་བདུད་རྩིའི་ཆུ་འཐུང་། གྲིབ་སྐྱོན་བསྲུང་བ་སྨན་གྱི་བཅུད་ལེན། ཉམས་སྐྱོན་བསྲུང་བ་རྡོ་རྗེའི་གོ་ཁྲབ། གྲིབ་གནས་སྤང་བ་ཕྱག་རྒྱའི་རྒྱན་གསུམ། གྲིབ་གོས་སྤང་བ་བསྲུང་བའི་རྟགས་གཉིས། དམ་ཉམས་སྤང་བ་གཙང་མའི་གྲོགས་བཙལ་བ་དང་དྲུག །ཇག་ཆོམ། བདུད་ལྡང་འབྱུང་འཁྲུགས། དབུལ་ཕོངས། ཚེ་ཚད་ཐུང་བ། གྲོགས་ཀྱིས་བསླུ་བ་དྲུག་གི་གཉེན་པོར། ཇག་འཆིང་། དུ་བ་རླུང་ཞོན། ནད་བདག་སྟོབས་འཇོམས་དང་སྨན་དཔྱད་སྐོར། ཛམ་ལ། མངའ་དབང་། ཚེ་དཔག་ལོངས་སྐུའི་སྐོར། གླང་ཆེན་བཅས་ཆོག་རྣམས་ལ་ཁ་འཕངས་པ་དང་ལུས་ངག་ཡིད་གསུམ་ལ་སྤྱོད་པ་མཛེས་པ་གཉིས་གཉིས་བཤད་པ་རྣམས་སྒྲོན་མ་རྣམ་གསུམ། ཞལ་གདམས་བདུན་པ། སེམས་རིག་དབྱེ་བའི་རྒྱུད་རྣམས་ལ་བལྟ་བར་གསུངས་པའི་ཆོས་ཚན་རྣམས་ནི་མཛོད་ལྔ་གང་ལ་གང་བབས་ཀྱི་སྐབས་སུ་འབྱུང་བ་ཡིན་པ་ནི་ངོ་མཚར་བའི་གནས་དམ་པའོ། །གཞན་ཡང་གསང་སྔགས་ནང་གི་སྤྱོད་པ་སྟོན་པ་དམ་ཚིག་དབྱེ་བའི་ཆོ་ག་ཞེས་པ་རྡོ་རྗེ་སློབ་དཔོན་དང་སློབ་མའི་མཚན་ཉིད། བླ་མ་མཆེད་ལྕམ་ལ་དམ་ཚིག་ཉམས་ཚུལ་དང་གསོ་ཐབས། དུས་ཀྱི་མཐའ་མ་འདོད་ཆགས་ཞེ་སྡང་དབང་གིས་ལོག་པར་སྤྱོད་ཚུལ་དམ་ལྡན་གྱི་སློབ་མས་དམ་ཚིག་ཁས་བླངས་པ་དང་མནའ་ཆུ་བླུད་པ་སོགས་བསྟན་པ་གསེར་མཛོད་སེར་པོ་སྦས་བྱང་གི་མཐའ་ཚང་བ། རྫོགས་པ་ཆེན་པོའི་སྟོང་ཐུན་སྤྱི་ཆིངས་ཞེས་པ་ཨོ་རྒྱན་ཆེན་པོས་མངའ་བདག་དང་ཇོ་མོར་


GLG003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་རྫོགས་བྱང་གི་མཐའ་ཅན། སྟོན་པ་གསང་སྔགས་བསྟན་པ་རྣམ་གསུམ་གྱི་ཆོས་འབྱུང་ཞེས་པ་ཞུས་པའི་ལན་དུ་གསུངས་པ་སྙན་བརྒྱུད་རཏྣའི་འཕྱོང་། རྩོད་མེད་ཀྱི་ཐེག་པ་སྟོན་པ་ཟབ་མོ་ཆོས་ཀྱི་ལུང་བྱང་ཞུ་ལན་དཀར་ཆག་ཡི་གེར་བཏབ་པ། ལས་ཅན་གྱི་སློབ་མ་དང་དམ་ཉམས་མཁའ་འགྲོ་དང་བདུད་མོ་སོགས་འདྲ་མིན་ལུང་སྟོན་པ་སྙན་བརྒྱུད་དྲུག་གི་ཐོབ་བྱང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ཆེམས་ལས་ཅན་ལུང་བསྟན་དུ་གྲགས་པ། འདི་གསུམ་པདྨའི་སྙན་བརྒྱུད་གཉིས་པར་གཏོགས་ཀྱང་སྔོན་འགྲོའི་ཆོས་སུ་མཛད་པས་འདིར་བཀོད་པ་ཡིན་ནོ། །རྩ་བའི་གཉིས་པ་དངོས་གཞིའི་རྒྱབ་ཆོས་ལ། གཞན་ལ་མི་སྟོན་པ་རྩ་བའི་ཤོག་དྲིལ། དབང་པོ་རབ་ལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གློང་དྲུག །དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག །དབང་པོ་མཐའ་མ་ལ་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག །མཐའ་རྟེན་གཏད་རྒྱའི་སྐོར་དང་ལྔ། དང་པོ་ནི། དབུས་ཀྱི་ཤོག་དྲིལ་རྣམ་གསུམ་ལ་རྒྱུད་མན་ངག་ཐམས་ཅད་ཀྱི་རྩ་བ་སྟོན་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་རང་རྩལ་རིག་པ་འོད་དུ་འབར་བར་བསྟན་པའི་རྒྱུད་དམ་དགོངས་པ་ཟངས་ཐལ་གྱི་རྒྱུད་ཆེན་ལེའུ་ཉི་ཤུ་རྒྱ་བཞིའི་ཐེམས་དང་བཅས་པ་རྫོགས་བྱང་གི་མཐར་ཚང་བ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་རྒྱུད་ཆུང་ལེའུ་བརྒྱད་པ་རིགས་འཛིན་རིམ་པར་བརྒྱུད་ཚུལ་རྒྱ་གསུམ་གྱི་མཐའ་ཅན། རྒྱུད་འདི་གཉིས་དཀའ་བ་བཅུ་གསུམ་དང་དུ་བླང་ནུས་པའི་སྐལ་ལྡན་མ་གཏོགས་རང་མིན་གཞན་ལ་མི་སྟོན་པར་གསུངས་པ། གཉིས་པ་དབང་པོ་རབ་ལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་གློང་དྲུག །རྩ་བའི་རྒྱུད། ཆར་གཏོགས་


GLG003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད། ཁྱད་པར་བཏགས་གྲོལ་གྱི་སྐོར་དང་གསུམ། དང་པོ་ནི། སེམས་དང་རིག་པ་དབྱེ་བའི་རྒྱུད་ཁྱད་པར་ཅན་ལེའུ་དྲུག །འཁྲུལ་པ་ཤན་འབྱེད་སྐོར་གྱི་ནང་ཚན། འདི་ཕྱག་ན་རྡོ་རྗེས་གསུངས་པའི་གློང་དུ་གཏོགས། རིག་པ་རང་གསལ་མ་རིག་པའི་ཡེ་ཤེས་རང་ལ་གསལ་བའི་རྒྱུད་ལེའུ་གསུམ་པ་རིགས་འཛིན་རྣམས་ཀྱི་ཐུགས་དགོངས་རིམ་པར་བརྒྱུད་ལས་འཕྲོ་ཅན་ལ་ཕྲད་ཤོག་གི་མཐར་ཚང་བ། དབྱིངས་སྣང་སྦུབས་ཞུགས་ཀྱི་ནང་ཚན། འདི་རྡོར་སེམས་ཀྱིས་གསུངས་པའི་གློང་དུ་གཏོགས། རྫོགས་པ་ཆེན་པོ་ཡེ་ཤེས་རང་ལ་གནས་པའི་རྒྱུད་ལེའུ་བདུན་རྟེན་མེད་ཀྱི་རིག་པ་གཞག་ཐབས་ངོ་སྤྲོད་ཀྱི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། ཡེ་ཤེས་ཆེན་པོ་བསྟན་པའི་རྒྱུད་ལེའུ་བརྒྱད་པ་རྡོ་རྗེ་སེམས་དཔའི་ཐུགས་ནས་བརྒྱུད་ཚུལ་རྒྱ་གསུམ་གྱི་མཐའ་ཅན། རྟེན་མེད་ཀྱི་རིག་པ་གཞག་ཐབས་ངོ་སྤྲོད་ཀྱི་ནང་ཚན། འདི་སྤྱན་རས་གཟིགས་ཀྱིས་གསུངས་པའི་གློང་དུ་གཏོགས། སངས་རྒྱས་རྡོ་རྗེ་སེམས་དཔའ་དགོངས་པ་རང་ཤར་གྱི་རྒྱུད་ལེའུ་དྲུག་པ་རིགས་འཛིན་རིམ་པར་གཏད་ཚུལ་ཨེ་ཀ་ཛ་ཊི་བཀའ་བསྒོས་པའི་མཐའ་ཅན། དབྱིངས་སྣང་སྦུབས་བཞུགས་ཀྱི་ནང་ཚན། འདི་ཀུན་བཟང་གིས་གསུངས་པའི་གློང་དུ་གཏོགས། བར་དོ་རང་གི་སྣང་བ་ཐམས་ཅད་ངེས་པ་བསྟན་པའི་རྒྱུད་ལེའུ་བདུན་པ། བར་དོ་རང་སྣང་སྟོན་པའི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། གཉིས་པ་ཆར་གཏོགས་ཀྱི་རྒྱུད་ལ། འཁྲུལ་པ་སེམས་རྒྱུད་དམ་མ་རིག་པའི་སེམས་ཕྱིན་ཅི་ལོག་ཏུ་ཁ་འཁྲུལ་པའི་རྒྱུད་དམ་འཁྲུལ་པ་རྩད་གཅོད་དུ་གྲགས་པ་ལེའུ་བདུན་འཁྲུལ་པ་ཤན་འབྱེད་ཀྱི་ནང་ཚན། འདི་ཕྱག་རྡོར་གྱིས་གསུངས་པའི་གློང་དུ་གཏོགས། འཁྲུལ་པ་སེམས་དང་རིག་པ་དབྱེ་བའི་རྒྱུད་དམ་ཕྱི་མར་གྲགས་པ་ལེའུ་ལྔ་རིགས་འཛིན་བརྒྱུད་པའི་གཏད་རབས་ཨེ་ཀ་ཛ་ཊི་སྤུན་དྲུག་ལ་


GLG003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་རྒྱའི་མཐའ་ཅན། འཁྲུལ་པ་ཤན་འབྱེད་ཀྱི་ནང་ཚན། འདི་འཇམ་དཔལ་གྱིས་གསུངས་པའི་གློང་དུ་གཏོགས། རྫོགས་པ་ཆེན་པོ་རིན་པོ་ཆེ་འཕྲེང་བའི་རྒྱུད་ལེའུ་དྲུག །ཆོས་ཉིད་མངོན་སུམ་སྟོན་པའི་ནང་ཚན། འདི་ཀུན་བཟང་གིས་གསུངས་པའི་གློང་དུ་གཏོགས། ཡེ་ཤེས་རང་ལ་ཤར་པའི་རྒྱུད་དམ་རིག་པ་མ་གཡེང་པར་རང་ལ་ཤར་པ་ཡེ་ཤེས་ལྔ་རུ་བསྟན་པའི་རྒྱུད་ལེའུ་གསུམ་དང་ཤོག་གི་མཐའ་ཅན། དབྱིངས་སྣང་སྦུབས་ཞུགས་ཀྱི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། གསུམ་པ་བཏགས་གྲོལ་སྐོར་ལ། བཏགས་གྲོལ་གྱི་ནང་གསེས་སངས་རྒྱས་ཀྱིས་དགའ་ལྡན་གྱི་གནས་སུ་གསུངས་པའི་ཞལ་ཆེམས་དང་པོ་ཞེས་པ་རིགས་འཛིན་ཁྱད་པར་ཅན་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པ། སངས་རྒྱས་ཀྱིས་དགའ་ལྡན་དུ་གསུངས་པའི་ཞལ་ཆེམས་གཉིས་པ་ཞེས་པ་སངས་རྒྱས་ཀྱི་བསྟན་པ་རང་ལས་བྱུང་བའི་ཡི་གེ་གསང་བ། སངས་རྒྱས་ཀྱིས་དགའ་ལྡན་དུ་གསུངས་པའི་ཞལ་ཆེམས་གསུམ་པ་ཞེས་པ་སངས་རྒྱས་ཀྱི་བསྟན་པ་རང་ལས་བྱུང་བའི་ཡི་གེར་བྱོན་པ་ཀུན་ཏུ་བཟང་པོ་ནས་རིགས་འཛིན་རྣམས་ལ་བརྒྱུད་ཚུལ་མཐར་ཕྲད་ཤོག་སྨོན་ལམ་རྫོགས་བྱང་གི་མཐར་ཚང་བ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པའི་རྒྱུད་དམ་གསང་བའི་སྒྲིབ་པ་གཅོད་པ་ས་བོན་གྱི་རྒྱུད། ཡང་གསང་བླ་ན་མེད་པའི་རྫོགས་པ་ཆེན་པོ་བཏགས་གྲོལ་ཆེན་མོའམ་མ་བཅོས་པའི་ཤེས་པ་སྐད་ཅིག་མ་ཞེས་པ་རྒྱ་བཞིས་བཅད་པ་གཅེས་པར་བཟུང་བའི་མན་ངག །འདི་དང་འབྲེལ་བར་བཏགས་གྲོལ་གྱི་རང་གནས་དང་དབང་ཆོག །བཏགས་གྲོལ་ཡིད་བཞིན་ནོར་བུའམ་བཏགས་གྲོལ་རྒྱུད་དྲུག་ཏུ་གྲགས་པར་ནང་གསེས་ཀྱི་བཏགས་གྲོལ་སྙིང་པོའི་རྒྱུད། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་


GLG003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིག་སེར་གྱི་འབྲུ་གཅིག་པའི་རྒྱུད། སངས་རྒྱས་སྲས་གཅིག་པའི་གཅོད་པ་ས་བོན་གྱི་རྒྱུད། རང་བྱུང་རིག་པའི་རྒྱུད། འབྲས་བུ་ཡེ་རྫོགས་ཆེན་པོའི་རྒྱུད་ཡང་གསང་ལེའུ་དང་པོ་རྫོགས་བྱང་གི་མཐར་ཚང་བ། མཇུག་ཏུ་དུས་དམིགས་ཕན་ཡོན། འབྱུང་བ་གཞན་ལ་བརྟེན་ནས་འགྲོ་དོན་བྱ་བ། བཅད་ཐབས་རྣམས། བཏགས་གྲོལ་རྒྱབ་ཡིག་མཁྱེན་པར་མཛོད་ཀྱི་མཐའ་ཅན། གནད་ཀྱི་ཡི་གེ་དཀར་དམར་གཉིས། མན་ངག་གསང་བའི་གནད་འགྲོལ། བསྟན་པ་བུ་གཅིག་གི་ཐེམས་ཡིག །རྡོ་རྗེ་འཆང་གི་གནད་ཀྱི་ཡི་གེ་གནད་འགྲོལ་བཏགས་གྲོལ་བྱོན་ཚུལ་རྒྱལ་པོ་རྟོག་པ་ཅན་བློན་པོ་ཞེ་བརྣག་ཉན་ཐོས་ཐེག་པ་དམན་པར་གསང་བའི་བཀའ་རྒྱ་ཅན། ཐོས་གྲོལ་ཡིག་དྲུག་པའི་དོན་དང་དཔེའུ་རིས་གྷིརྟི་ས་མཱ་ཡ་མཐའ་ཅན། འདི་རྣམས་སྣང་བཞི་མཐར་མ་ཕྱིན་པར་ཉིང་མཚམས་སྦྱོར་དགོས་བྱུང་བ་རྣམས་ལ་དགོངས་ཤིང་དཀའ་བ་བདུན་སྤྱོད་ནུས་པ་དང་འཆི་ཁའི་སེམས་ཅན་མ་གཏོགས་གཞན་ལ་ཅུང་ཟད་སྟོན་པར་མ་གསུངས་སོ། །གསུམ་པ་དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག་ལ། སློབ་དཔོན་ཆེན་པོ་པདྨའི་སྙན་བརྒྱུད། པཎ་ཆེན་བི་མཱ་ལ་མི་ཏྲའི་སྙན་བརྒྱུད། ལོ་ཆེན་བཻ་རོ་ཙ་ནའི་སྙན་བརྒྱུད་དང་གསུམ། དང་པོ་ལ། སྤྲོས་པའི་མཐའ་གཅོད་པའི་སྙན་བརྒྱུད། ཆོས་ཉིད་ངོ་སྤྲོད་ཀྱི་སྙན་བརྒྱུད་གཉིས། དང་པོ་ནི། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྐོར་གོང་དུ་བསྟན་ཟིན། གཉིས་པ་ཆོས་ཉིད་ངོ་སྤྲོད་ཀྱི་སྙན་བརྒྱུད་ལ། རྒྱལ་བ་རིགས་ལྔའི་མཆོད་འབུམ་མ་རྫོགས་པ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་མཆོད་པའི་འཕྲིན་ལས། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་ཞི་ཁྲོའི་འཕྲིན་ལས་རྒྱུད་དང་མཐུན་པར་མཆོད་ཐབས་དགའ་རབ་རྡོ་


GLG003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཛད་པ། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྣལ་འབྱོར་པ་རྣམས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་གསོག་པ་ཚོགས་འཁོར་རྒྱས་པ། རང་བཞིན་རྫོགས་པ་ཆེན་པོ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་དུར་ཁྲོད་དུ་རྒྱུ་བའི་ཚེ་ལེན་པའི་རྡོ་རྗེའི་གླུ། དགའ་རབ་རྡོ་རྗེས་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ནས་བཏུས་པའི་འཕྲིན་ལས་ནར་མར་གཏོང་བའི་ལྷག་མའི་གཏོར་མ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཁྲོས་ནག་རྒྱུད་ལས་བཏུས་པའི་བཀའ་སྲུང་གི་གསོལ་མཆོད་སངས་རྒྱས་རྡོར་འཆང་མ། འཇིག་རྟེན་མཆོད་པའི་རྒྱུད་ནས་སློབ་དཔོན་པདྨས་བཏུས་པའི་གཏེར་བསྲུང་མཆོད་པ་གཏེར་མཛོད་བསེ་སྒྲོམ་མ། སློབ་དཔོན་ཆེན་པོས་རི་བོ་མགྲིན་བཟང་རྒྱུད་ནས་བཏུས་པའི་ཞིང་སྐྱོང་གཞི་བདག་མཆོད་པ་ཡུལ་གྱི་མིང་ནི་མ། སྤྲོས་བཅས་བུམ་པའི་དབང་ཆོག །སྤྲོས་མེད་གསང་བའི་དབང་ཆོག །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཆོག །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་དབང་ཆོག །སློབ་དཔོན་ཆེན་པོ་པདྨའི་རིག་པ་རྩལ་གྱི་དབང་བཏགས་གྲོལ་སྙིང་པོའི་རྒྱུད་ནས་བླངས་པ་རིག་པ་དབང་གི་སྒྲོན་མེ། རིག་པ་རྩལ་དབང་གི་འགྲེལ་པ། རྫོགས་པ་ཆེན་པོ་གླེང་གཞི་སྟོན་པ་སྐྱེ་མེད་མ་བཅོས་རང་བྱུང་རང་ཤར་རིན་པོ་ཆེ་འཕྲིན་ལས་ཀྱི་རྒྱུད་ལེའུ་དྲུག །རྫོགས་པ་ཆེན་པོ་ཡེ་ཤེས་རང་སྣང་གི་ལུགས་སྐལ་ལྡན་གྱི་སློབ་བུ་འཁྲིད་ཐབས་previous hit དགོངསཟངཐལ next hit་དུ་བསྟན་པའི་འཁྲིད་ཡིག །ཀ་དག་ལྷུན་གྲུབ་ཀྱི་ཉམས་འཁྲིད་ཐར་གླིང་ཆོས་སྐུའི་ཞིང་ཁམས་སུ་བགྲོད་པའི་ཉེ་ལམ་ཆེན་མོ་ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ། རྫོགས་པ་ཆེན་པོ་བླ་ན་མེད་པ་མན་ངག་ཐམས་ཅད་ཀྱི་


GLG003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དྲིལ་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་ཏུ་གསུངས་པ། འདིར་ངོ་སྤྲོད་འཁྲིད་དུ་བཏབ་པའི་ནང་ཚན། དེའི་རྒྱབ་ཆོས་སུ་previous hit དགོངསཟངཐལ next hit་གྱི་ངོ་བོ་དང་དབྱིབས་བསྟན་པ་གནད་གྱི་ཡི་གེ་ཆེན་མོ་ལེའུ་ལྔ་པ། འདི་གཉིས་པདྨའི་སྙན་བརྒྱུད་གཉིས་པར་དངོས་སུ་མ་བཤད་ཀྱང་ངོ་སྤྲོད་ཉེར་གཅིག་པའི་རྒྱབ་ཆོས་ཀྱི་དབང་དུ་བྱས་ཏེ་འདིར་བྲིས་པ་ཡིན། བར་དོ་ངོ་སྤྲོད་ཀྱི་མན་ངག་སྙིང་གི་དགོངས་པའི་རྒྱུད་ལེའུ་བརྒྱད་པ། ཉམས་ལེན་མཐར་འདོན་པའི་གནད་ཀྱི་ཡི་གེ་གསང་བའི་སྒྲོན་མེ། རྟགས་ཀྱི་ཡི་གེ་གསང་བ་ཞེས་པ་ལེའུ་གསུམ། གསང་བ་ཆེན་པོ་ཚད་ཀྱི་ཡི་གེ་དགའ་རབ་རྡོ་རྗེས་མཛད་པ། འདི་གསུམ་གསན་ཡིག་ལ་ལར་སློབ་དཔོན་གསུམ་གའི་ཐུན་མོང་གི་མན་ངག་ཏུ་ཡང་བཤད། ཡི་གེ་མེད་པའི་སྙན་བརྒྱུད་ཀྱི་ནང་གསེས་ལ་ཀུན་ཏུ་བཟང་པོ་previous hit དགོངསཟངཐལ ་དུ་བསྟན་པའི་རྒྱུད་ཀྱི་སྒྲོན་མ། འདི་དབུས་ཀྱི་ཤོག་དྲིལ་རྣམ་གསུམ་དུ་གཏོགས། རིགས་འཛིན་ཤྲཱི་སིངྷས་ཨོ་རྒྱན་པདྨ་འབྱུང་གནས་ལ་མན་ངག་སྙན་བརྒྱུད་དུ་བཤད་པ་མན་ངག་ཁྱད་པར་འཕགས་པའི་སྙན་བརྒྱུད་གང་ཟག་རབ་འབྲིང་མཐའ་གསུམ་གྱི་གྲོལ་ཚུལ་བསྟན་པ་ཟབ་རྒྱ་ཅན། པདྨ་བཀའ་ཡིག་དང་པོ་སྙིང་གི་དགོངས་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་མཛད་པའི་མན་ངག་དང་བཅས་པ་གཏེར་སྤྱན་དྲངས་ནས་ལོ་བཅོ་ལྔ་སོང་བ་དང་ཉང་སྟོད་རྐྱང་པོ་རྟ་དཀར་ཞེས་པར་ཤོག་སེར་ལས་ཕབ་པ། ཡང་དག་དོན་གྱི་སྙན་བརྒྱུད་རིན་པོ་ཆེ་ལས་གསང་བ་ལས་ཀྱང་ཆེས་གསང་བ་ཐུགས་ཀྱི་དགོངས་པ་ཡི་གེ་མེད་པའི་སྙན་བརྒྱུད་མཐོང་བ་ཙམ་གྱིས་འཚང་རྒྱ་བའི་ཆོས། སློབ་དཔོན་ཆེན་པོ་རང་ལ་སྙན་རྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། དུར་ཁྲོད་སོ་ས་གླིང་དུ་ཤྲཱི་སིངྷས་ཨོ་རྒྱན་ལ་གདམས་པའི་སྙན་བརྒྱུད་གནད་དུ་དྲིལ་བའི་མན་ངག་ལེའུ་གསུམ་པ་ཉམས་ལེན་གྱི་མཐའ་ཅན། འདི་ལ་


GLG003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུ་གསུམ་ལས་ལེ་གྲངས་མི་འདུག །ཡེ་ཤེས་མངོན་སུམ་དུ་བསྟན་པའི་སྙན་བརྒྱུད་ཟབ་མོ་ཡི་གེ་མེད་པའི་སྐོར་སློབ་དཔོན་རང་ལ་སྙན་བརྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། རྡོ་རྗེ་སེམས་དཔའི་གསང་ལམ་ཡང་དག་དོན་གྱི་སྙན་བརྒྱུད་རིན་པོ་ཆེ་ནམ་ཤི་འཚང་རྒྱ་སྒྱུ་ལུས་བོར་ཆོག་གི་གདམས་ངག་ལན་གཅིག་མཐོང་བས་གྲོལ་བའི་མན་ངག །ཡི་གེ་མེད་པའི་སྙན་བརྒྱུད་མ་བཅོས་པའི་ཤེས་པ་སྐད་ཅིག་མ་ཞེས་པ་ཤོག་སེར་ལས་འབྲི་མཚམས་སུ་གོ་ཚང་དུ་བསྒྱུར་བས་གོ་ཚང་མར་གྲགས་པ། སྙན་བརྒྱུད་རིན་པོ་ཆེ་ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེ་མིག་ཅེས་པ་ཆོས་རྣམས་སྟོན་པའི་སྣོད་དུ་རུང་མི་རུང་མཎྜལ་གྱི་ཁྱད་པར་དང་གྲངས་སོགས་གསུངས་པ། སློབ་དཔོན་རང་ལ་སྙན་བརྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། གཉིས་པ་པཎ་ཆེན་བི་མཱ་ལའི་སྙན་བརྒྱུད་ལ་བཤད་ཐབས་ཀྱི་སྒོ་ནས་གོ་བར་བྱ་བ་དང་ཉམས་ལེན་གྱི་སྒོ་ནས་གྲོལ་བར་བྱ་བ་སྟེ་གཉིས། དང་པོ་ནི། མཁས་པ་ཆེན་པོ་བི་མཱ་ལ་མི་ཏྲས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་སྙན་བརྒྱུད་དུ་གནང་བ་ད་ལྟ་ཉིད་དུ་འཚང་རྒྱ་བར་བྱེད་པའི་འགྲེལ་ཏིག་ཆེན་མོར་གྲགས་པ། གཉིས་པ་ལ། སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པའི་རྫོགས་པ་ཆེན་པོའི་དབང་ཐོག་མའི་དབང་ཆོག་གམ་ཐུན་མོང་དུ་དབང་བསྐུར་བའི་ཆོ་ག །དེས་མཛད་པའི་སྙིང་པོ་ཐུགས་དབང་ཞེས་པ་བཏགས་གྲོལ་རྒྱས་པའི་དབང་ཆོག །དེས་མཛད་པའི་རྫོགས་པ་ཆེན་པོ་ངེས་དོན་ལྟ་བའི་དབང་ཞེས་པ་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་ཆོག །དེས་མཛད་པའི་རིག་པ་རང་གསལ་གྱི་དབང་ཆོག །དེས་མཛད་པའི་ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཆོག །ཕྱི་མཚན་མ་ལ་བརྟེན་པ། ནང་ཡེ་ཤེས་ལ་བརྟེན་པ། ཉམས་ལེན་སྣང་གསུམ་ལ་བརྟེན་པ་སྟེ་འཁྲིད་ཡིག་


GLG003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱི་གཟེར་བུ་གསུམ་ཞེས་པ་མངའ་བདག་གིས་ལྷ་སྲས་ལ་བཀའ་གདམས་པར་མཛད་པ། ཁུག་པ་ལྔའི་མན་ངག་ནི་རྫོགས་ཆེན་འོད་གསལ་སྙིང་ཏིག་ནས་འཆི་ཁའི་ངོ་སྤྲོད་ལ་དགོངས་ནས་འདིར་གཏེར་སྟོན་གྱིས་བཞེས་པ་མ་གཏོགས་ལྷ་བྲག་གི་གཏེར་མ་མིན། འདིའི་ཆ་ལག་ཏུ་བི་མཱའི་སྙིང་ཏིག་ནས་ཆོས་ཚན་ཁ་ཤས་ལེན་པའི་ཕྱག་སྲོལ་བྱུང་འདུག་ནའང་ཁོ་བོས་ནི་དེ་འདྲ་བསྣན་པའི་རྒྱུན་མ་ཐོབ། བར་དོ་འོད་གསལ་སྒྲོན་མ་ཞེས་པ་ཕྱི་རབས་ཀྱི་དོན་དུ་བི་མཱ་ལས་བཀོད་པ་གསུམ་པ་ལོ་ཆེན་བཻ་རོ་ཙ་ནའི་སྙན་བརྒྱུད་ལ་སེམས་དང་རིག་པ་དབྱེ་བ་དང་གཞག་ཐབས་རྣམ་པ་ལྔའི་སྙན་བརྒྱུད་གཉིས། དང་པོ་ནི། དུས་གསུམ་གཟིགས་པའི་པདྨ་འབྱུང་གནས། རྒྱ་གར་མཁས་པ་བི་མཱ་མི་ཏྲ། རྒྱ་བོད་སྒྲ་བསྒྱུར་གྱི་མཆོག་ལོ་ཙཱ་བ་བཻ་རོ་གསུམ་ལ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པའི་སྙན་བརྒྱུད་དང་པོར་གྲགས་པ། པཎ་ཆེན་གྲུབ་ཐོབ་ལྔ་བརྒྱའི་སྙན་བརྒྱུད་དུ་བརྒྱུད་བའི་མན་ངག་གྲུབ་ཐོབ་ཕྱི་མ་གསུམ་གྱི་དགོངས་པ་གཅིག་དྲིལ་བཻ་རོ་ཙ་ནས་དགུང་ལོ་བཅོ་ལྔ་ནས་ལྔ་བཅུ་རྩ་ལྔའི་བར་ཤྲཱི་སིངྷའི་སྤྱན་སྔར་བཞུགས་ནས་ཞུས་པ་སྙན་བརྒྱུད་བར་པར་གྲགས་པ། ཆོས་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོ་འདི་ལ་གེགས་སེལ་གྱི་མན་ངག་མཐར་ཐུག་གི་ཉམས་ལེན་བཻ་རོ་ཙ་ནས་ཤྲཱི་སིངྷ་ལ་ཞུས་པ་སྙན་བརྒྱུད་ཕྱི་མར་གྲགས་པ། གཉིས་པ་ནི་རྒྱ་གར་གྱི་ཡུལ་བུདྡྷའི་ཕོ་བྲང་དགུ་རིམ་ན་ཤྲཱི་སིངྷ་བཞུགས་པའི་སྤྱན་སྔར་བཻ་རོས་ཞུས་པའི་སྙན་བརྒྱུད་ལས་ཆེས་ལྷག་པ་ཐུགས་རྒྱུད་དུ་དྲིལ་བ་བཻ་རོའི་གོང་ཁུག་མར་གྲགས་པ་རྣམས། བཞི་པ་དབང་པོ་མཐའ་མ་ལ་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག་ནི། དགྱེས་པ་འཕྲིན་ལས་ཀྱི་རྒྱུད་ལས། རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ༔ རྒྱ་མཚོ་ལྟ་བུ་རླུང་གི་རྒྱ༔ ནམ་


GLG003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུ་ལྟ་བའི་རྒྱ༔ ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ༔ གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ༔ ནོར་བུ་ལྟ་བུ་མན་ངག་རྒྱ༔ ཞེས་གསུངས་པའི་ཟབ་རྒྱ་རྙིང་པའི་སྐོར་ལ། རྡོ་རྗེ་ཕག་མོ་དགྱེས་པ་འཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་སྨོན་ལམ་ཕྲད་ཤོག་གི་མཐའ་ཅན། དེ་ཡང་ལེའུ་བཞི་པས་རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ། ལེའུ་ལྔ་པས་རྒྱ་མཚོ་ལྟ་བུ་རླུང་གི་རྒྱ། ལེའུ་དྲུག་པས་ནམ་མཁའ་ལྟ་བུ་ལྟ་བའི་རྒྱ། ལེའུ་བདུན་པས་ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ། ལེའུ་བརྒྱད་པས་གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ། ལེའུ་དགུ་པས་ནོར་བུ་ལྟ་བུ་མན་ངག་གི་རྒྱ་རྣམས་མདོར་བསྟན་དུ་བསྟན་ཞིང་། རྒྱས་པར་ཡི་གེ་སོ་སོ་ལས་སྟོན་ཞིང་དབང་དང་རྩ་རླུང་གི་སྐོར་མི་གསལ་བ་ཟབ་རྒྱ་གསར་མ་དང་གུང་སྒྲིག་རྒྱུར་དགོངས། རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ་སྟོན་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྩ་གནད་ལུས་ཀྱི་འཁོར་ལོ་ལ་ནང་གསེས་ཀྱི་རྩ་རླུང་སྤྱིའི་གནད་ཤེས་པའི་མན་ངག །ལུས་ཀྱི་གནད་ཐམས་ཅདའདུས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ། དྲན་པ་འདུས་པའི་འཁོར་ལོ། རོ་རྣམས་འདུས་པའི་འཁོར་ལོ། རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ། སྤྱིར་ལུས་ཀྱི་གནད་བསྟན་པ་རྣམས། རྒྱ་མཚོ་ལྟ་བུ་རླུང་གི་རྒྱ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྩ་རླུང་གནད་ཀྱི་སྒྲོན་མེ་ལ་ནང་གསེས་ཀྱི་རླུང་བྱུང་ཚུལ། གནས་ཚུལ། ཉམས་སུ་ལེན་ཚུལ། འཆི་བ་བརྟག་བླུ། གེགས་སེལ་རྣམས། ནམ་མཁའ་ལྟ་བུ་ལྟ་བའི་རྒྱ་ནི་ཟབ་རྒྱ་རྙིང་པ་འདིར་ཡི་གེ་ལོགས་སུ་མེད་པར་ཆོས་ཚན་ཀུན་གྱི་གནས་ལུགས་སུ་གོ་བར་བྱེད། ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ་ནི་མཁའ་འགྲོ་ལྔའི་མཆོད་པའི་འཕྲིན་ལས་ཀྱི་རིམ་པ་ཚོགས་མཆོད་


GLG003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལྷག་གཏོར་དང་བཅས་པ། མཁའ་འགྲོའི་ལས་རིམ་ལ་ནང་གསེས་ཀྱི་གླེང་གཞི། བསྟན་པའི་དུས་སློབ་དཔོན་པདྨ་དང་མངའ་བདག་གཉིས་ཞུ་བ་ཞུས་ལན་གྱི་ཡི་གེ་ཌཱ་ཀི་གསང་བའི་མན་ངག་དངོས་གྲུབ་ཐོབ་པའི་མཐའ་ཅན། མཁའ་འགྲོའི་ཟབ་རྒྱ་དང་པོ། གཉིས་པ། གསུམ་པ། ཨོ་རྒྱན་པདྨས་མཛད་པའི་ཟབ་རྒྱ་གསུམ་གྱི་གསང་འགྲེལ་དང་བཅས་པ། འདིའི་ནང་དུ། གཙང་མའི་རྒྱུ་ནི་སྡིག་སྒྲིབ་དག་བྱེད་རྟགས༔ རིན་ཅེན་དབྱིབས་གྱི་འདི་ཕྱིའི་དོན་གྲུབ་རྟགས༔ བཙོ་མའི་མདོག་ནི་སྟོན་པའི་འཁོར་གྱི་རྟགས༔ དཀྱུས་སུ་ཁྲུ་བཞི་རྩ་བཞི་སྲུང་བྱེད་རྟགས༔ ཞེང་དུ་སོར་བཅུ་དགེ་བཅུ་སྤྱོད་པའི་རྟགས༔ རྡོ་རྗེ་བཞིས་མཚན་ཚད་མེད་བཞི་སྤྱོད་རྟགས༔ ཐུགས་ཀར་རྒྱ་གྲམ་ཐུན་བཞིའི་རྣལ་འབྱོར་རྟགས༔ གཡོན་ནས་བརྒྱན་པ་ཚུལ་ཁྲིམས་གོས་ཀྱི་རྟགས༔ རྟགས་འདི་དྲན་མཐོང་བཅང་དུས་ལོག་སྤྱོད་དོར༔ ཞེས་བྱང་ཆུབ་སེམས་དཔའི་ཆོས་གོས་ཕྱིའི་རྟགས་རྒྱ། ནང་གི་རྟགས་སུ་རྡོ་རྗེ་རྩེ་ལྔས་བརྒྱན༔ མི་འབྲལ་རང་གི་སྙིང་གར་སྦས་ཤིང་གབ༔ རྡོ་རྗེ་ཐེག་པ་ཆེན་པོའི་དོན་ལྡན་རྟགས༔ རྩེ་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་རྟགས༔ ཐུགས་ཀར་བརྒྱན་པས་འགྲོ་བ་བརྩེ་བའི་རྟགས༔ སྦས་པའི་གསང་སྔགས་གབ་ཅིང་སྤྱོད་པའི་རྟགས༔ རྟགས་འདི་དྲན་རེག་མཐོང་ཚེ་གསང་སྔགས་གབ༔ ཅེས་ནང་གི་རྟགས་རྒྱ་དང་། གསང་བའི་རྟགས་རྒྱ་རང་གི་སྤྱི་གཙུག་ཏུ༔ རལ་པའི་ཐོར་ཅོག་རྡོ་རྗེ་རྩེ་ལྔའི་དབྱིབས༔ བླ་མའི་བྱིན་རླབས་སྒྲུབ་ཆེན་སྨན་དང་རྫས༔ རྒྱུན་དུ་བཅངས་པས་ཡོན་ཏན་བསམ་མི་ཁྱབ༔ སྤྱི་གཙུག་བདེ་བ་ཆེན་པོའི་དོན་མཚོན་རྟགས༔ རལ་པ་རྡོ་རྗེའི་དབྱིབས་སུ་བསྒྲེངས་པ་ཡིས༔ གསང་སྔགས་རྡོ་རྗེ་


GLG003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་རྒྱལ་མཚན་བསྒྲེང་༔ ཆོས་ཀྱི་དབྱིངས་སུ་སྐལ་ལྡན་བགྲོད་པའི་རྟགས༔ རང་རིག་བླ་མའི་བྱིན་རླབས་རྫས་བཅངས་པས༔ དངོས་གྲུབ་ཀུན་འབྱུང་རྡོ་རྗེ་སློབ་དཔོན་དང་༔ མོས་གུས་དད་པ་མི་འབྲལ་རྩེ་གཅིག་འགྲོགས༔ གཉིས་མེད་དོན་རྟོགས་རོལ་པ་ཆེན་པོའི་རྟགས༔ རྟགས་འདི་དྲན་རེག་མོས་གུས་གདུང་ཤུགས་བསྐྱེད༔ རྒྱ་འདི་ཆོངས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཞེས་ཕྱི་ནང་གསང་བའི་རྟགས་རྒྱ་སྟོན་པའི་མན་ངག་ཁྱད་པར་ཅན་གཏེར་ཁ་གཞན་རྣམས་ལ་མིང་ཙམ་ཡང་མ་གྲགས་པའི་བྱང་གཏེར་བའི་ཁྱད་ཆོས་ཡ་མཚན་དུ་འདུག་པས་ལུང་དང་བཅས་ཏེ་ཅུང་ཟད་སྤྲོས་པའོ། །ཟབ་རྒྱ་དྲུག་གི་དང་པོ་ལ་རྣལ་འབྱོར་སྒྲུབ་པའི་ལས་རིམ་དམ་བཅའ་དུས་བཞིའི་རྣལ་འབྱོར་ལ་ནང་གསེས་ཀྱི་རྩ་བའི་དམ་བཅའ་རིན་ཅེན་ཁང་བུ། རྣལ་འབྱོར་སྒྲུབ་པའི་ལམ་རིམ་གྱི་འགྲེལ་པ་དང་བཅས་པ། མཁའ་འགྲོ་མའི་ཕྱི་ནང་གསང་གསུམ་གྱི་དུས་རྩིས་རྒྱ་དྲུག་གི་མན་ངག་ལ་ནང་གསེས། རྒྱ་གར་གྱི་ཡུལ་ལྟར་འཇིག་རྟེན་བསྟན་པའི་རྩིས་ཨོ་རྒྱན་གྱི་ཡུལ་ལྟར་ལུས་ཀྱི་རྩ་གནས་བརྩི་བ་མཁའ་འགྲོའི་གནས་ལྟར་གསང་བ་རླུང་གི་རྟགས་བརྩི་བ། ཕྱི་ནང་གསང་གསུམ་དྲིལ་ནས་རྣལ་འབྱོར་ཉམས་སུ་ལེན་པའི་ཆོས་སྤྱོད་བཅུ་བསྟན་པ། གསང་དབང་དང་ཤེར་དབང་ཐོབ་ནས་དགོས་པ་དམ་བཅའ་གསུམ་པ། དབང་བཞི་རྫོགས་ནས་དགོས་པ་དམ་བཅའ་བཞི་པ། དམ་བཅའ་དང་པོ་རྣམས་ཡོད། ཟབ་རྒྱའི་སེམས་རླུང་རིག་པ་གསུམ་སོ་སོར་དབྱེ་བའི་གནད་ཟབ་མོའི་མན་ངག་ལེའུ་བཞི་པ་ཕྲད་ཤོག་གི་མཐར་ཚང་བ། གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ་གསང་བ་རྨད་བྱུང་ནི་ལོགས་སུ་འདྲི། ལྔ་པ་


GLG003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྟེན་གཏད་རྒྱ་ལ། གཏད་རྒྱ་དང་པོ་དཀའ་སྤྱད་མཐར་སྐྱེལ་ཞིང་བླ་མ་མཉེས་པ་གསུམ་སྒྲུབ་ནུས་པ་ལ་ཆིག་བརྒྱུད་དུ་བྱ་བའི་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་དང་དེའི་ལུང་། གཏད་རྒྱ་ཕྱི་མ་ལས་ཅན་གྱི་ཐེམས་བྱང་ཞེས་པ་རིགས་འཛིན་ཉི་ཟླ་འོད་འབར་གྱི་སྒྲུབ་ཐབས་བསྟོད་༼སུ༽པ་དང་བཅས་པ། ལུང་བྱང་བཀའི་ཐེམས་ཡིག་རྣམས་ཐོབ་པ་ལས། རྟགས་ཡོད་པ་རྣམས་མ་གཏོགས་དབང་འཁྲིད་ལུང་གསུམ་ལོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིགས་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མཱ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། སྤྲུལ་པའི་གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་མཆོག་རྣམ་རྒྱལ་མགོན་པོ། རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་ཆོས་ཀྱི་རིན་ཅེན། བླ་མ་ཀུན་དགའ་རྒྱལ་མཚན། བྱ་བཏང་ཤཱཀྱ་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། ཀོང་སྨྱོན་ཧེ་རུ་ཀ་པ་ཀུན་བཟང་རྣམ་རྒྱལ། ཟུར་ཆེན་ཆོས་ཀྱི་རྒྱལ་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ལུགས་གཅིག་ལ། སྲས་མཆོག་རྣམ་རྒྱལ་མགོན་པོ་ཡན་གོང་ལྟར་ནས། གསང་བདག་བདེ་ཆེན་ལྷུན་གྲུབ། རྟོགས་ལྡན་གྲགས་པའི་མཚན་ཅན། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། སྤྲུལ་སྐུ་བདེ་བ་


GLG003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། དྲན་མཆོག་རིགས་འཛིན་ཆོས་རྡོར། སྤྲུལ་སྐུ་ཚེ་རིང་རྡོ་རྗེ། མཚུངས་མེད་ཀུན་གྲོལ་རྡོ་རྗེ། བླ་མ་ཆོས་དབང་གྲགས་པ། རང་གྲོལ་ཆོས་དབང་ལྷུན་གྲུབ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་གོང་ལྟར་རོ། །ཡང་ན་ཐང་སྟོང་རྒྱལ་པོ་ནས་བྱང་སེམས་ཀུན་དགའ་ཉི་མ། དྲན་མཆོག་སངས་རྒྱས་བརྩོན་འགྲུས། རྒྱལ་སྲས་པདྨ་སངས་རྒྱས། རིགས་འཛིན་ཉི་ཟླ་སངས་རྒྱས། རང་གྲོལ་རཏྣའི་མཚན་ཅན། མཁས་གྲུབ་རྒྱལ་དབང་བསྟན་འཛིན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་གོང་བཞིན་ནོ། །ཤིན་ཏུ་ཉེ་བརྒྱུད་ནི་ཨོ་རྒྱན་ཆེན་པོ་ལ་ཐང་སྟོང་རྒྱལ་པོས་དངོས་སུ་གསན་པ་ཡིན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཅ་སྡེ་གཏེར་སྟོན་ལ་ཐོག་མཐའ་བར་གསུམ་གྱི་ལུང་པོད་དབང་དང་བཅས་གནང་བའི་བྱིན་རླབས་དོན་གྱི་བརྒྱུད་པ་ནི་ཆོས་བཀའ་ཚང་མ་སྔར་ཐོབ་ཟིན་པ་ཞིག་ལ་བྱིན་རླབས་འཇུག་བྱེད་དུ་གནད་དུ་གནང་བ་ལས་ཅི་ཡང་མ་ཐོབ་པའི་རིགས་ལ་འདི་འདྲས་གོ་ཆོད་བྱས་ནས་གནང་བ་མིན་པས་རྗེས་འཇུག་རྣམས་ཀྱིས་གོ་དགོས་སོ། །གཏེར་སྟོན་ཡབ་སྲས་ནས། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས་དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིགས་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ཅ་སྡེ་གཏེར་སྟོན། བང་རི་གཏེར་སྟོན་འཇའ་ཚོན་སྙིང་པོ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་སྔར་ལྟར་ཡང་ན་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་སྔར་བཞིན་ནོ། །བཏགས་གྲོལ་གྱི་བརྒྱུད་ལུགས་གཅིག་ནི། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན་ནས། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ། ཁྱབ་བདག་ཆོས་


GLG003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་གྲོལ། དེས་བདག་ལའོ། །དེ་ཡང་ཞིབ་ཏུ་བྱས་ན་པདྨ་འབྱུང་གནས་ཀྱི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་རིགས་འཛིན་ཆེན་པོ་མན་གཅིག །བི་མཱ་ལའི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཤྲཱི་སིངྷ་ཡན་སྤྱི་ལྟར་ལ་པཎ་ཆེན་བི་མཱ་ལ་མི་ཏྲ། རྗེ་ཁྲི་སྲོང་ལྡེ་བཙན། རིགས་འཛིན་ཆེན་པོ་མན་འདྲ། བཻ་རོ་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཤྲཱི་སིངྷ་ནས་ལོ་ཆེན་བཻ་རོ་ཙ་ན། ལྷ་སྲས་ཁྲི་སྲོང་ལྡེ་བཙན། རིག་འཛིན་ཆེན་པོ་མན་གོང་ལྟར་རོ། །ཟབ་རྒྱའི་ཉེ་བརྒྱུད་ནི། ཀུན་བཟང་ཡབ་ཡུམ། ཡུམ་སྲིད་པ་བདེ་འགྲོ་མ། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། རྒྱལ་ཡུམ་འཚོ་རྒྱལ། གཏེར་སྟོན་མན་གཅིག །ཤྲཱིའི་རྟགས་ཡོད་པའི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སུའི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །དབང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ནས། སྔགས་འཆང་རྡོ་རྗེ་མགོན་པོ། རིགས་འཛིན་ནམ་མཁའ་གྲགས་པ། སྤྲུལ་སྐུ་འཇམ་དཔལ་འོད་ཟེར། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། འཁྲུལ་


GLG003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དཀོན་ཅོག་བཟང་པོ། བྱམས་པ་རིན་ཅེན་རྡོ་རྗེ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཆབ་པ་མགོན་པོ་ཟླ་བ། སྙག་ཕུག་པ་སངས་རྒྱས་བསྟན་པ། འཁྲུལ་ཞིག་དཀའ་བཞི་མན་གཅིག །ཡང་ན་གཏེར་སྟོན་ནས། རྡོ་རྗེ་མགོན་པོ་ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། རྗེ་གཞོན་ནུ་སྟོབས་ལྡན། ཚེ་རིང་དབང་པོ་མན་འདྲ། ཡང་ན་སངས་རྒྱས་དཔལ་བཟང་ནས། ཐུགས་སྲས་མེ་སྟོན། གནུབས་ངག་དབང་རྒྱ་མཚོ། སྐྱེ་སྟོན་ཚེ་རིང་པ་མན་གཅིག་གོ །སེའི་རྟགས་བཀོད་པའི་བརྒྱུད་པ་ནི། སེ་སྟོན་པདྨ་དབང་རྒྱལ། སྐྱི་སྟོན་སྔགས་འཆང་མན་འདྲ། རྒྱ་དྲུག་གི་ནང་གི་གནམ་ལྕགས་ལྟ་བུ་སྤྱད་པའི་རྒྱ༔ ཞེས་པ་དང་། སྙན་བརྒྱུད་མན་ངག་བཞི་བཅུ་རྩ་གཅིག་ཏུ་བྱེད་པའི་སྐབས་ཀྱི་ཚར་གཅོད་དྲག་པོ་གནམ་ལྕགས་ཀྱི་ཁང་བུ་ལྔར་གྲགས་པ་སྙིང་མཛོད་ནས་བྱོན་པའི་ཕག་མོ་གསང་བ་རྨད་བྱུང་གི་སྐོར་ལ། སྤྲོས་མེད་དོན་གྱི་དབང་ཆོག་གི་སྟེང་ནས་ཐོད་པ་བདུད་རྩིས་གང་བའི་རྫས་ལ་བརྟེན་ནས་སྤྲོས་མེད་དོན་གྱི་དབང་དང་དམིགས་རིམ་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། ལུང་ལ། གསང་བ་རྨད་བྱུང་གི་བརྒྱུད་འདེབས་ཀུན་བཟང་མ་རིགས་འཛིན་ཡོལ་མོ་པ་གསུམ་པས་མཛད་པ། དེའི་ཕྲོས་ལས་གཉན་ས་དུར་ཁྲོད་དུ་བླང་བའི་གླུ་ང་ནི་རྡོ་རྗེ་ཕག་མོ་མ། སྙན་བརྒྱུད་ཁ་བྱང་པདྨ་འབྱུང་གནས་ཀྱིས་མདོ་


GLG003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆོས་ཀྱི་བཅུད་ཕྱུང་ལས་ཅན་ལ་ཕྲད་ཤོག་གི་སྨོན་ལམ་ཅན། ཆོས་འདིའི་བརྒྱུད་སྟོན་པར་བྱེད་པའི་ལོ་རྒྱུས་བཀའ་སྲུང་ལ་གཏད་རྒྱའི་མཐའ་ཅན། གླེང་གཞི་ནང་གསེས་ཀྱི་ཆོས་འདིའི་མཚན་གྱི་གླེང་གཞི། སྟོང་ཐུན་སྤྱི་མཐུན་གྱི་གླེང་གཞི། རྩ་བ་བོགས་འདོན་འབྲས་བུ་གསུམ་གྱི་གླེང་གཞི། སློབ་དཔོན་ཆེན་པོར་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པའི་གསང་བ་རྨད་བྱུང་གི་ལྡེ་མིག་ཅེས་པ་སྦས་ཡུལ་འབྲས་མོ་ལྗོངས་ནས་འཕྲོས་ཏེ་གནས་ཆེན་འཚོལ་བའི་གང་ཟག་ལ་བདུད་ཀྱི་བར་གཅོད་འབྱུང་བས་དེ་དུས་ཐབས་ཀྱི་ཉམས་ལེན་དམིགས་པ་ཏིང་འཛིན་གྱི་མཐའ་ཅན། སྤྲོས་མེད་དོན་གྱི་དབང་ཆོག །ས་དམིགས་འཚོལ་བ་བདག་ཉིད་རིག་པ་དར་དང་བཅས་ཏེ་དུར་ཁྲོད་དུ་འགྲོ་ཚུལ། དང་པོ་སྤྲོས་བཅས་ཀྱི་སྤྱོད་པ། གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ། གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ། དེའི་དུས་དགོས་པའི་ལོག་གནོན་མཇུག་ཏུ་ལས་ཅན་གྱི་སྦས་ཡུལ་བདུན་གྱི་སྒོ་འབྱེད་ཚུལ་དོན་གྱི་མཛོད་དུ་སྦས་པའི་མཐའ་ཅན། ཕྱི་རབས་ལས་ཅན་གྱི་དོན་དུ་ལོག་གནོན་གནད་ཀྱི་མན་ངག་ལེའུ་ལྔ། གསང་བ་རྨད་བྱུང་གི་གདམས་པ་ཉམས་སུ་བླང་བའི་རྒྱུན་ཁྱེར་ཡོལ་མོ་སྤྲུལ་པའི་སྐུས་ཕག་གྲུའི་རྒྱལ་ཁབ་ཏུ་མཛད་པ་དཔའ་བོའི་འགྱིང་གླུ་རོལ་པ་ཆེན་པོའི་ཟློས་གར། དེས་མཛད་པའི་རྒྱུན་གྱི་རྣལ་འབྱོར་དང་བརྒྱུད་འདེབས་འོག་མིན་གདལ་ཁྱབ་མ། རྒྱུན་གྱི་ཉམས་ལེན་ཁྲིགས་ཆགས་བླ་མའི་རྣལ་འབྱོར་གསོལ་འདེབས་ཉམས་ལེན་དངོས་དང་བཅས་པ་སྤྲུལ་སྐུ་ཕྱག་རྡོར་ནོར་བུས་མཛད་པ། རང་སྙིང་ཕག་མོར་བསྒོམས་པའི་གདམས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཡུམ་ཆེན་སྲིད་པ་བདེ་


GLG003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། རྡོ་རྗེ་ཕག་མོ། གནོད་འདུལ་ལྷའི་རྒྱལ་པོ། ལྷ་མོ་མཛེས་ལྡན་མ། ལྷ་མོ་གྲུབ་ལྡན་མ། ལྷ་གྲགས་ལྡན་ཕྱོགས་སྐྱོང་། ལྷ་མོ་ཡོངས་རྒྱུད་བདེ་མ། སློབ་དཔོན་ཤིནྟཾ་རྒྱལ་པོ། གུ་ཡ་དྷེ་བ་ཙནྡྲ། རྒྱ་གར་རྒྱལ་པོ་ཆོས་སྐྱོང་། མཁའ་འགྲོ་པདྨ་ཅན། ཆོས་རྒྱལ་དེ་ཝ་རཱ་ཛཱ། མཁན་པོ་བསམ་འཕེལ་མ་ཏི། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་བརྒྱ་རྩ་གཅིག །དེའི་ནང་ནས་བརྟུལ་ཞུགས་མཐར་ཕྱིན་པའི་སློབ་དཔོན་དྲུག་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན། འཇམ་དཔལ་བཟང་པོ། གྲུབ་ཆེན་བིཪྺ་པ། སློབ་དཔོན་ནག་པོ་སྤྱོད་པ་སློབ་དཔོན་ཌོཾ་བྷི་ཧེ་རུ་ཀ །སློབ་དཔོན་པདྨ་འབྱུང་གནས། དེ་ལ་ལས་ཅན་དག་པའི་འཁོར་ལྔས་ཞུས། དེ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། ཆོས་རྗེ་སངས་རྒྱས་དཔལ་བཟང་། མེ་སྟོན་ནམ་མཁའ་རྒྱལ་མཚན། སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ། སྤྲུལ་སྐུ་ཕྱག་རྡོར་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་ཆེན་དོན་གྲུབ་དཔལ་བཟང་། སེ་སྟོན་ཉི་བཟང་། སེ་སྟོན་མགོན་བཟང་། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་རྗེ། མཉམ་མེད་རྗེ། བྱང་བདག་མན་གོང་བཞིན་ནོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས། རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་ཆོས་ཀྱི་རིན་ཅེན། བླ་མ་ཀུན་དགའ་རྒྱལ་མཚན། བྱ་བཏང་ཤཱཀྱ་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་
སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་ཤཱཀྱ་རྒྱལ་མཚན། ཡོལ་མོ་སྤྲུལ་པའི་སྐུ་མན་གོང་བཞིན་ནོ། །རྫོགས་ཆེན་གྱི་ཆ་ལག་ཏུ་མཛད་པའི་མཁའ་འགྲོའི་བསུ་བཟློག་གི་གཞུང་། ཞུ་བ་ཞུས་ལན། མཁའ་འགྲོ་མའི་གདན་འདིང་། བརྟན་བཞུགས་དོན་བརྒྱད་མ། སྨོན་ལམ་སྣང་སྲིད་འཁོར་འདས་མ་རྣམས་ཀྱི་ལུང་བརྒྱུད་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་ཕག་མོ། པདྨ་འབྱུང་གནས། དག་པའི་འཁོར་ལྔ། གཏེར་སྟོན་རྒོད་ལྡེམ། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། གློ་བོ་ཆོས་རྒྱལ་བསོད་ནམས། སངས་རྒྱས་བསྟན་པ། སྔགས་འཆང་ཤཱཀ་བཟང་། ལེགས་ལྡན་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། སྔགས་འཆང་ཚེ་རིང་པ། མཁན་ཆེན་ཀླུ་སྒྲུབ་པ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །


previousགཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པའི་སྐོར།next