Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
གཏེར་སྟོན་དྲི་མེད་འོད་ཟེར་རམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   


 
previousགཏེར་སྟོན་དྲི་མེད་འོད་ཟེར་རམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་དྲི་མེད་འོད་ཟེར་རམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། དྲི་མེད་འོད་ཟེར་ཀུན་མཁྱེན་ཐུགས་གཏེར་མཛོད། །སྒོ་འཕར་འབྱེད་ལ་གཞན་གྱིས་འགྲན་ཟླ་བྲལ། །དྲི་མེད་


GLG004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའི་མཚན་དང་ལྷུན་པོ་ཞེས། །རྣམ་དག་ཚད་ལྡན་རྣམ་གསུལ་ལ་གསོལ་བ་འདེབས། །ཞེས་པའི་གཏེར་སྟོན་དྲི་མེད་འོད་ཟེར་ནི། ཐང་ཡིག་ལས། ཟ་ཧོར་དུར་ས་དབུས་གཙང་ཀུན་ལ་འདེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང་༔ བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་༔ ཞེས་ལུང་གིས་ཟིན་པའི་གཏེར་སྟོན་དྲི་མེད་འོད་ཟེར་རམ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པར་གྲགས་པས་བསམ་ཡས་མཆིམས་ཕུ་ནས་ཟབ་གཏེར་གྱི་ཤོག་དྲིལ་འགའ་ཞིག་སྤྱན་འདྲེན་པར་མཛད་ནའང་། གཙོ་བོར་བི་མཱ་ལའི་སྙིང་ཏིག་ཅེས་ཟབ་པ་པོད་བཞི། མན་ངག་བརྒྱ་བཅུ་དགུ་སོགས་བསྟན་བཅོས་རྒྱ་ཤིན་ཏུ་ཆེ་བའི་གདུལ་བྱ་རྣམས་ཀྱི་བློར་ཤོང་དཀའ་བ་དག་ཚིག་ཉུང་ངུར་བསྡུ་བ་དང་མཁའ་འགྲོ་སྙིང་ཏིག་ཚིག་ཉུང་ཞིང་བརླིང་བས་རྟོགས་དཀའ་བ་དག་རྒྱས་པར་སྤྲོས་ཏེ་གདུལ་བྱའི་བློ་དང་འཚམ་པར་མཛད་པ་སོགས་ཟབ་མོ་ཡང་ཏིག །མཛོད་བདུན་ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་གྱིས་མཚོན་ཏེ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་དུ་ཟབ་མོའི་ཕྱག་རྒྱས་བཏབ་པའི་གཏེར་ཁ་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བས་སྤྱན་དྲངས་པ་ལས། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་དབང་ཆོག་ཚངས་པའི་དྲ་བའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བསྐྱེད་རྫོགས་གནས་ལུགས་ཀྱི་དོན། རྩ་རླུང་ཡེ་ཤེས་ཀྱི་བདེ་བ་སྒོམ་པ། འབད་མེད་དུ་སྐྱེ་བ་གསུམ་ནས་གྲོལ་བར་ནུས་པའི་བུམ་པ་ལ་བརྟེན་ནས་རིགས་ལྔ་དང་རྡོ་རྗེ་སློབ་དཔོན་གྱི་དབང་། བདུད་རྩིས་གསང་བའི་དབང་། དངོས་སམ་སྤྲུལ་པའི་ཕྱག་རྒྱས་


GLG004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་ཀྱི་དབང་། བརྡའི་དོན་བརྗོད་པར་བརྟེན་ནས་ཚིག་དོན་ངོ་སྤྲོད་པའི་བུམ་དབང་གཙོར་སྟོན་པ། སྤྲོས་མེད་ཀྱི་དབང་ཆོག་རིན་ཅེན་དྲ་བའི་སྟེང་ནས་འཁོར་བའི་ཁ་མི་བརྒྱུད། ངན་སོང་གི་སྒོ་ཁེགས། མ་འབད་ནི་སྐྱེ་བ་ཕྱི་མ་དང་འབད་ན་ཚེ་འདིར་གྲོལ་བ་ཡི་གེ་འཁོར་ལོ་དང་ཆོས་ཉིད་དོན་གྱི་གསང་དབང་། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲ་བའི་སྟེང་ནས་མ་འབད་ཀྱང་བར་དོ་དང་འབད་ན་ཚེ་འདིར་གྲོལ་བ་སྔོན་འགྲོ་སྤྱོད་པ་བརྩམས་པ་དང་དངོས་གཞི་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བའི་སྟེང་ནས་ཉམས་སུ་ལེན་ལོང་མ་བྱུང་ཡང་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་ཞིང་ཕལ་པ་རྣམས་བར་དོ་དང་མཆོག་རྣམས་ཚེ་འདིར་གྲོལ་བ་བཞུགས་སྟངས་བཞི་ལ་བརྟེན་ནས་ཞིང་ཁམས་བཞི་དང་སྐུ་གསུམ་དུ་བཞུགས་པའི་ཚིག་དབང་རྣམས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། ཁ་བྱང་ཉི་མའི་སྙིང་པོ། སྦས་པ་མངོན་དུ་ཕྱུང་བའི་ཁ་བྱང་འོད་གསལ་ཉི་མའི་སྙིང་པོ་གཉིས་ཀྱི་སྔོན་མ་གཙོ་ཆེ་བའི་དབང་དུ་བྱས་ནས་ས་བཅད་བཀྲམ། དེར་སྦས་པ་རྣམས་ཕྱི་མར་གསལ་བ་འདིར་ཐེམས་མེད་དུ་བྱས་པ་ལ། སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས། །ངེས་པའི་སྙིང་པོ་མངོན་སུམ་འོད་གསལ་ལམ། །གསང་བ་སྙིང་ཏིག་ཡི་གེར་གྲངས་མང་དོན། །ཡང་ཟབ་ཡིད་བཞིན་ནོར་བུ་གསལ་བར་བྱ། །གསང་བ་ཡང་གསང་ཡང་ཟབ་རྨད་བྱུང་གང་། །གཅིག་དང་བཞི་དང་སུམ་ཚན་བཅུ་དང་གཅིག །སྐལ་ལྡན་རྣམས་ཀྱི་མ་རིག་མུན་པ་སེལ། །རྣམ་པར་ཕྱེ་ན་སྡེ་ཚན་འདི་དག་གོ །ལོ་རྒྱུས་དང་ནི་དབང་ཆོག་རྣམ་པ་བཞི། །རྒྱ་མཚོ་སྐོར་གསུམ་དོན་འཁྲིད་སྐོར་གསུམ་དང་། །


GLG004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཡིག་སྐོར་གསུམ་སྤྲིན་ཕུང་སྐོར་གསུམ་དང་། །སྒྲོན་མེ་སྐོར་གསུམ་འཁོར་ལོ་སྐོར་གསུམ་དང་། །གེགས་སེལ་སྐོར་གསུམ་ནོར་བུ་སྐོར་གསུམ་དང་། མེ་ལོང་སྐོར་གསུམ་སྙན་བརྒྱུད་སྐོར་གསུམ་དང་། །སྒྲུབ་ཐབས་སྙིང་གི་དུམ་བུ་སྐོར་གསུམ་དང་། །ཞེས་པ་ལྟར། ལོ་རྒྱུས། དབང་ཆོག །རྒྱ་མཚོ། དོན་འཁྲིད། རྒྱབ་ཡིག །སྤྲིན་ཕུང་། སྒྲོན་མེ། འཁོར་ལོ། གེགས་སེལ། ནོར་བུ། མེ་ལོང་། སྙན་བརྒྱུད། སྤུ་གྲི་དང་བཅུ་གསུམ། དང་པོ་ལ། ལོ་རྒྱུས་རིན་ཅེན་འཕྲེང་བ་ཉིད་ཀྱིས་ནི། །ངེས་པའི་བཀའ་ལ་ངོ་མཚར་ཡིད་ཆེས་སྟོན། །ཞེས་ངེས་པའི་བཀའ་ལ་ཡིད་ཆེས་སྟོན་པ་ལོ་རྒྱུས་རིན་ཅེན་འཕྲེང་བ། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྷུན་གྲུབ་པ་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་དཔེ་དག་པ་འགའ་ན་སྤྲིན་ཕུང་ཟེར་བའང་འདུག །ཚོགས། ཐེམས་མེད། བྱིན་རླབས་ཚད་མེད་རྟོག་པ་རྒྱུད་ལ་སྐྱེ་བ་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས། ཐེམས་མེད། ཚོགས་རྫོགས་སྒྲིབ་སྦྱོང་སྐུ་གསུམ་ས་ལ་རེག་པ་མཎྜལ་འབུལ་ཆོག་ཚོགས་གཉིས་སྤྲིན་ཚོགས་རྣམས། ཐེམས་མེད།གཉིས་པ་དབང་ཆོག་ནི། དབང་ཆོག་སྐོར་བཞིས་སྐལ་ལྡན་སྨིན་པ་སྟེ། །ཞེས་རྡོ་རྗེའི་སྐུ་ཐོབ་ཅིང་བསྐྱེད་རྫོགས་ཟུང་འབྲེལ་དོན་ལ་དབང་བར་བྱེད་པ་སྤྲོས་བཅས་བུམ་དབང་གསལ་བྱེད་ཚངས་པའི་དྲ་བ། ཡེ་ཤེས་རིགས་ལྔའི་མིང་རྣམ་པར་གསལ་བར་བྱེད་པ་གནད་ཡིག་མིང་གི་རིམ་པ་གསལ་བྱེད། ཐེམས་མེད། རྡོ་རྗེའི་གསུང་ཐོབ་ཅིང་ཡེ་ཤེས་དྲོད་འབེབས་ཡི་གེ་འཁོར་ལོ་དབང་བ་སྤྲོས་མེད་གསང་བའི་དབང་རིམ་གསལ་བར་བྱེད་པ་རིན་ཅེན་དྲ་བ། བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཐོབ་པ་གནད་ཡིག་ཡེ་ཤེས་དབབ་པ། ཐེམས་མེད། རྡོ་རྗེའི་ཐུགས་ཐོབ་ཅིང་བདེ་ཆེན་དོན་ལ་སྦྱོར་བ་ཤིན་


GLG004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་བྱེད་པདྨའི་དྲ་བ། སྐུ་དང་ཡེ་ཤེས་ཉི་ཤུ་རྩ་ལྔར་སྤྱོད་པ་གནད་ཡིག་གླིང་བཞི་རྒྱན་གྱུར། ཐེམས་མེད། ཡེ་ཤེས་དོན་ཐོབ་གདོད་མའི་ཟད་སར་ཕྱིན་པར་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་གསལ་བྱེད་འོད་ཀྱི་དྲ་བ། ཚོགས་གཉིས་ལྷུན་རྫོགས་སྐུ་གསུམ་ཞིང་ལ་སྤྱོད་པ་གནད་ཡིག་ཡིད་བཞིན་དྲ་བ་རྣམས། ཐེམས་མེད། གསུམ་པ་རྒྱ་མཚོ་ནི། རྒྱ་མཚོ་སྐོར་གསུམ་དངོས་གྲུབ་མྱུར་དུ་འགྲུབ། ཅེས་སྤང་བླང་འཚམས་ཕྱེད་རང་རྒྱུད་དག་བྱེད་དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ་ཚོགས་གཉིས་རྫོགས་ཤིང་དངོས་གྲུབ་རྣམ་གཉིས་ཐོབ་པ་ཚོགས་མཆོད་རིམ་པ་ཡིད་བཞིན་རྒྱ་མཚོ། བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་འཆར་བ་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་རྣམས། །བཞི་པ་དོན་འཁྲིད་ནི། དོན་འཁྲིད་སྐོར་གསུམ་སྨིན་རྗེས་གྲོལ་བར་བྱེད། །ཅེས་གོང་གི་དོན་ལ་འཇུག་པའི་རྐང་སྟེགས་སྔོན་འགྲོ་སེམས་སྦྱངས་བདུན་གྱི་དོན་འཁྲིད། བདེ་གཤེགས་སྙིང་པོ་དོན་ལ་དངོས་སུ་སྦྱོར་བ་དངོས་གཞི་འོད་གསལ་སྙིང་པོའི་དོན་འཁྲིད། གཤིས་ཀྱི་དང་དེར་མཐར་འཛིན་སྒྲོ་འདོགས་གཅོད་པ་ཁྲེགས་ཆོད་ཡེ་བབས་སོར་བཞག་དོན་འཁྲིད་རྣམས། ལྔ་པ་རྒྱབ་ཡིག་ནི། རྒྱབ་ཡིག་སྐོར་གསུམ་ཉམས་ལེན་ཡིད་ཆེས་སྐྱེད། །ཅེས་རྩ་བྲལ་གཉིས་མེད་རེ་དོགས་བྲལ་བར་བྱེད་པ་ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་དྲི་མེད། འོད་གསལ་རང་སྣང་གོང་འཕེལ་བཙན་འཛིན་པ་ཐོད་རྒལ་རྒྱབ་ཡིག་ཉི་ཟླ་གཟའ་སྐར། མངོན་སུམ་གོང་འཕེལ་བར་དོར་གྲོལ་བའི་གྲོགས་བཏགས་གྲོལ་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ། མ་བྱས་ཡེ་ཟིན་རྩོལ་བྲལ་ཉག་གཅིག་བསྟན་པ་ཁྲེགས་ཆོད་ཡང་ཡིག་ནམ་མཁའ་གློང་ཡངས། ཐེམས་མེད། མངོན་སུམ་ཉམས་ལེན་


GLG004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དོན་རྣམས་སྟོན་པ་ཐོད་རྒལ་ཡང་ཡིག་ནམ་མཁའི་གློང་གསལ། ཐེམས་མེད། མངོན་སུམ་ཡིད་ཆེས་ལུང་དོན་མཐུན་པར་བཤད་པ་གཉིས་ཀའི་ཡང་ཡིག་ནམ་མཁའ་གློང་ཆེན་རྣམས། དྲུག་པ་སྤྲིན་ཕུང་ནི། སྤྲིན་ཕུང་སྐོར་གསུམ་སེམས་སྦྱངས་རྒྱབ་ཡིག་སྟེ། །དབང་པོ་དམན་རྣམས་གོང་མར་དྲངས་པའི་ཐབས། །ཞེས་བདེ་ཆེན་དང་དངས་འོད་གསལ་ཆེན་པོར་སྦྱོར་བ་རང་བྱུང་བདེ་སྟོང་བདུད་རྩི་སྤྲིན་ཕུང་། གསལ་སྟོང་གཉིས་མེད་འོད་གསལ་ངང་ལ་སྦྱོར་བ་རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་། ཆོས་ཉིད་འོད་གསལ་བློ་འདས་ཆེན་པོར་སྦྱོར་བ་རྣམ་པར་མི་རྟོག་ནམ་མཁའ་སྤྲིན་ཕུང་རྣམས། བདུན་པ་སྒྲོན་མེ་ནི། སྒྲོན་མེ་སྐོར་གསུམ་ཡང་ཟབ་གསལ་བར་བྱེད། །ཅེས་ཐོག་མའི་གནས་ལུགས་གསལ་བར་སྟོན་པ་གཞི་སྣང་གསལ་བྱེད་ཡེ་ཤེས་སྒྲོན་མེ། གཞི་ལམ་འབྲས་བུའི་ཉམས་ལེན་སྙིང་པོ་སྟོན་པ་དཔེ་དོན་གསལ་བྱེད་འོད་གསལ་སྒྲོན་མེ། སྙིང་པོ་ཡེ་ཤེས་གནད་དུ་བསྣུན་ཐབས་ཉམས་ལེན་གསལ་བྱེད་གནད་ཀྱི་སྒྲོན་མེ། འདི་ཕྱིའི་དོན་གྲུབ་དངོས་གྲུབ་སྤྲིན་ཚོགས་སྡུད་པ་བླ་མའི་སྒྲུབ་ཐབས་འོད་གསལ་བྱིན་རླབས་ཀྱི་གནད་ཡིག་བདུད་རྩིའི་ལྗོན་ཤིང་། ཐེམས་མེད། དུས་བཞིའི་རིམ་པ་གནད་དུ་བསྣུན་ཐབས་ཁྲེགས་ཆོད་ཐོད་རྒལ་འོད་གསལ་བསྒོམ་པའི་གནད་ཡིག་བདུད་རྩི་དྲི་མེད། ཐེམས་མེད། བརྟུལ་ཞུགས་ལམ་སློང་འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ་རྣམས། ཐེམས་མེད། བརྒྱད་པ་འཁོར་ལོ་ནི། འཁོར་ལོ་སྐོར་གསུམ་རྟག་ཏུ་འོད་གསལ་སྦྱོར། །ཞེས་ལྟ་སྟངས་གཟིགས་སྟངས་གནད་ཀྱི་སྙིང་པོ་སྟོན་པ་གནད་གསུམ་ཆོས་ཉིད་འཁོར་ལོ་དངོས་དང་རྨི་ལམ་བག་ཆགས་འབྲེལ་རྒྱུན་གཅོད་པའི་ཉིན་མཚན་གཉིད་མེད་འོད་གསལ་འཁོར་ལོ། ཉིན་མཚན་ཏིང་འཛིན་གོ་རིམ་གསལ་བར་སྟོན་


GLG004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཟབ་གནད་བསྡུས་ཡེ་ཤེས་འཁོར་ལོ་རྣམས། དགུ་པ་གེགས་སེལ་ནི། གེགས་སེལ་སྐོར་གསུམ་ཉམས་ལེན་མཐར་ཕྱིན་བྱེད། །ཅེས་པ་འབྱུང་བའི་ནད་སེལ་རྩ་ཁམས་མཉམ་སྦྱོར་བྱེད་པ་རྟེན་གཞི་ལུས་ཀྱི་གེགས་སེལ། འོད་གསལ་འཆར་སྒོའི་མིག་གི་གསལ་ཐབས་བསྟན་པ་བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད། ཏིང་འཛིན་རྐྱེན་སེལ་རིག་པའི་ཡེ་ཤེས་སྟོན་པ་རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད་རྣམས། བཅུ་པ་ནོར་བུ་ནི། ནོར་བུ་སྐོར་གསུམ་མཆོག་དང་ཐུན་མོང་སྒྲུབ། །ཅེས་ལྟ་སྒོམ་རྟོགས་པ་བྱིན་རླབས་དངོས་གྲུབ་སྟེར་བ་བི་མཱ་ལའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱེད་པ་ཡི་དམ་འོད་དཔག་མེད་ཀྱི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ལས་བཞིའི་འཕྲིན་ལས་དོན་གཉིས་འགྲུབ་བྱེད་མཁའ་འགྲོ་ཕག་ནག་གི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡུད་ཙམ་ཉིད་ལ་ཏིང་འཛིན་འོད་གསལ་འཆར་བ་ངེས་དོན་མཆོག་གྱུར་བྱང་ཆུབ་སྙིང་པོ། ཐེམས་མེད། རྐྱེན་ངན་ལམ་བསྒྱུར་ཡང་ཟབ་མཐར་ཐུག་ཡིན་བཞིན་སྙིང་པོ། བར་དོའི་འཇིགས་བྲལ་གདོད་མའི་གནས་སུ་སྦྱོར་བྱེད་འཕོ་བ་འོད་གསལ་སྙིང་པོ་རྣམས། ཐེམས་མེད། བཅུ་གཅིག་པ་མེ་ལོང་ནི། མེ་ལོང་སྐོར་གསུམ་འདི་ཕྱིའི་དོན་གཉིས་འགྲུབ། །ཅེས་ཚེ་འདིར་ཡིད་ཆེས་བར་དོར་གྲོལ་བར་བྱེད་པ་ངོ་སྤྲོད་གནད་ཀྱི་གདམས་པ་དྲན་པའི་མེ་ལོང་། རྣལ་འབྱོར་ཕུང་པོ་འདོར་བའི་དུས་ཚིགས་འཛིན་པ་འཆི་ལྟས་གསལ་བྱེད་དྲན་པའི་མེ་ལོང་། དལ་འབྱོར་རིང་གནས་ཚེ་འདིའི་སྣང་བ་སྟོན་པ་འཆི་བླུ་ཡང་ཟབ་དྲན་པའི་མེ་ལོང་རྣམས། བཅུ་གཉིས་པ་སྙན་བརྒྱུད་ནི། སྙན་བརྒྱུད་སྐོར་གསུམ་བར་དོའི་གདམས་པ་སྟོན། །ཞེས་ཚེ་འདིའི་ཉམས་ལེན་གཙོ་བོར་གསལ་བར་བྱེད་པ་


GLG004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཆུང་ངུ་ད་ལྟ་ཡེ་ཤེས་རང་སྣང་། བར་དོའི་ངོ་སྤྲོད་གདམས་པ་གསལ་བར་བྱེད་པ་སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང་། དེ་དག་ཀུན་གྱི་རྒྱབ་ཆོས་གསལ་བར་བྱེད་པ་སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་རྣམས། བཅུ་གསུམ་པ་སྤུ་གྲི་ནི། དེ་དག་རྣམས་ཀྱི་ཆོས་མཛོད་བསྲུང་པ་ལ། །རྒྱལ་བ་རིག་འཛིན་བརྒྱུད་པས་བཀའ་བསྒོས་པ། །དམ་ཅན་རྒྱ་མཚོ་དཔག་གི་མི་ལང་ཡང་། །གཙོ་བོའི་བཀའ་སྲུང་སྒྲུབ་ཐབས་སྐོར་གསུམ་ལ། །ཞེས་པ་ལྟར་རང་དང་དམ་ཆོས་ལེགས་པར་བསྲུང་ཞིང་འགལ་བྱེད་དགྲ་དཔུང་ཆམ་ལ་འབེབས་པ་དཔལ་སྔགས་ཀྱི་བདག་མོའི་གསང་སྒྲུབ་སྙིང་གི་དུམ་བུ་འམ་སྙིང་གི་སྤུ་གྲི། ཕ་རོལ་དགྲ་དཔུང་ཐལ་བར་རློག་པ་གཟའི་རྒྱལ་པོ་རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ་འམ་དུག་གི་སྤུ་གྲི་དགྲ་དཔུང་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྤ་བཀོང་བ་དམ་ཅན་སྐྱེས་བུ་ཆེན་པོའི་གསང་སྒྲུབ་སྙིང་གི་དུམ་བུའམ་སྲོག་གི་སྤུ་གྲི་རྣམས། དེ་ཡང་། གོང་མའི་སྐོར་རྣམས་དཔེ་བརྒྱུད་གདམས་པ་སྟེ། །གཙོ་བོར་ཚེ་འདིར་གྲོལ་བའི་མན་ངག་བསྟེན། །མེ་ལོང་སྐོར་གསུམ་ཡན་སྙན་བརྒྱུད་ཡི་གེ་ཅན་ཚེ་འདིར་གྲོལ་བར་བྱེད་པའི་མན་ངག་ཡིན་ལ། སྙན་བརྒྱུད་འདི་གསུམ་དོན་བརྒྱུད་གདམས་པ་སྟེ། །གཙོ་བོར་བར་དོའི་གྲོལ་བའི་གདམས་ངག་བསྟན། །ཞེས་སྙན་བརྒྱུད་སྐོར་གསུམ་པོ་གསང་སྐོར་སྒྲོན་མ་དྲུག་པའི་མན་ངག་བར་དོ་གཙོ་བོར་སྟོན་པ་ཡིན་ཞིང་། ཡི་གེ་མེད་པའི་སྙན་བརྒྱུད་འདི་ཉིད་འབྲེལ། །ཞེས་ཟུར་དུ་བསྟན་ནའང་དུང་ཡིག་ཅན་ན་སྙིང་ཏིག་དང་འབྲེལ་བར་གསུངས་ཤིང་། འདི་གཉིས་གཅིག་གི་གྲོགས་སུ་གཅིག་དགོས་ལ། །ཞེས་པས་དོན་དུ་འདིར་གྲོལ་བ་དང་བར་དོའི་གྲོལ་


GLG004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདམས་པ་ཕན་ཚུན་གཅིག་གི་གྲོགས་སུ་གཅིག་འགྲོ་བའི་འཕྲུལ་ཤེས་པ་གནད་ཆེའོ། །དེ་ལྟར་ཆོས་སྡེ་སུམ་ཅུ་རྩ་ལྔ་ཡིས། །ཐིག་ལེ་མཆོག་ནས་རྫོགས་པ་ཆེན་པོའི་སྐོར། །ཤིན་ཏུ་ཡང་ཟབ་གནད་ཀུན་ཚང་པར་བསྟན། །རྒྱུད་ལུང་མན་ངག་ཤིན་ཏུ་གྲགས་མང་ཡང་། །དོན་རྣམས་བསྡུས་ན་འདི་ལས་ལྷག་པ་མེད། །དེང་སང་དུས་ན་ཚེ་ཐུང་འབྱོར་པ་ཆུང་། །སྐལ་བ་དམན་པས་གདམས་པ་ཐོབ་པར་དཀའ། །ཡི་གེ་གྲངས་མང་ཁ་ཚང་མཐོང་བར་དཀོན། །མཐོང་ཡང་རང་ལ་མི་འཛོམ་ཉིད་དོའི་ཕྱིར། །ཉུང་ངུས་དོན་འགྲུབ་རིན་ཅེན་སྙིང་པོའི་ཆོས། །ཡང་ཟབ་ཡིད་བཞིན་ནོར་བུའི་སྙིང་པོ་འདི། །བདག་ནི་རྗེས་འཇུག་སྐལ་ལྡན་དོན་ཆེད་དུ། །ཀློང་ཆེན་རབ་འབྱམས་བཟང་པོའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུར་དུ་བཀོད་པ་ཡིན། །ཞེས་ཐེམས་བྱང་དུ་ཆོས་སྡེ་སུམ་ཅུ་རྩ་ལྔར་གསུངས་པ་ནི་དབང་ཆོག་བཞི་པོ་གཅིག་ཏུ་བསྡོམས་པ་ཡིན་ཞིང་། སྤྲིན་ཚོགས་གསུམ། གནད་ཡིག་བཞི། ཡང་ཡིག་གསུམ། བདུད་རྩི་གསུམ། སྙིང་པོ་སྐོར་གསུམ་སྟེ་ཉེ་སྙིང་གི་ཐེམས་མེད་རྣམས་དང་ཁ་བྱང་གཉིས་ཐེ་བའི་ཡོངས་བསྡོམས་ཆོས་སྡེ་ལྔ་བཅུ་རྩ་དྲུག་གི་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་མཆོག་ཤྲཱི་སིངྷ། རྒྱལ་བ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱན། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་


GLG004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་འབེར། འཁྲུལ་ཞིག་སེང་གེ་བརྒྱ་པ། གྲུབ་ཆེན་ཟླ་བ་མུན་སེལ། མེ་ལོང་རྡོ་རྗེའི་མཚན་གྱི་རྣམ་གྲངས། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། མཁས་གྲུབ་སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ་བ། གུ་རུ་སངས་རྒྱས་ཡེ་ཤེས། རྟག་མགོ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་། འབྲི་གུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཀུན་དགའ་ཚེ་མཆོག །རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྟག་མགོ་སངས་རྒྱས་རྒྱལ་མཚན་ནས། སྨན་རྩེ་བ་མ་ཏི་དྷྭ་ཛ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། འཁྲུལ་ཞིག་བསྟན་འཛིན་གྲགས་པ། ཐུགས་སྲས་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་དྲི་མེད་འོད་ཟེར་ནས། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ་མཚུངས་མེད་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་། མཁས་གྲུབ་སྣ་ཚོགས་རང་གྲོལ་མན་གོང་ལྟར་རོ། །ཡང་ན་ཀུན་མཁྱེན་ཀློང་ཆེན་པ་ནས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། དྲིན་ཅན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་རྡོ་རྗེ་སེང་གེ །མཚུངས་མེད་ཀུན་བཟང་རྡོ་རྗེ་མན་གོང་དང་འདྲ། ཡང་ན་འཇམ་དབྱངས་གྲགས་པ་འོད་ཟེར་ནས། གུ་རུ་ཉི་མ་འོད་ཟེར། མཚུངས་མེད་ཆོས་རྗེ། རྗེ་ཆོས་དབྱིངས་གྲགས་པ། རིག་འཛིན་དཀོན་ཅོག་དཔལ་བཟང་། དཀར་ཆེན་ཀུན་དགའ་གྲགས་པ། རབ་འབྱམས་དགེ་བའི་


GLG004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས། རྗེ་བསྟན་འཛིན་ནོར་བུ། རྒྱལ་སྲས་བསྟན་པའི་འབྱུང་གནས། པདྨ་འཕྲིན་ལས་མན་སྔར་བཞིན་ནོ། །བྱེ་བྲག་ཡི་གེ་མེད་པའི་ཉམས་ལེན་སྙན་བརྒྱུད་སྐོར་གསུམ་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མཱ་ལ། ཉང་ཏིང་འཛིན་བཟང་པོ། སྦས་དོན་བློ་གྲོས་དབང་ཕྱུག །འབྲོམ་རིན་ཅེན་འབར། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །གུ་རུ་ཤངས་པ་རས་པ། བླ་མ་བཟང་དོན་ཆོས་འབར། དམ་པ་ཙ་རི་གྱེར་ཞིག །གཉན་སྟོན་ཤེས་རབ་རྩེ་མོ། མཉམ་མེད་ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། བླ་མ་ནམ་མཁའ་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་བྱར་མེད་ཀློང་ཡངས་སམ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་མན་གོང་བཞིན་ནོ། །མཁའ་འགྲོ་ཡང་ཏིག་ནི། ཐེམས་བྱང་དཔག་བསམ་ལྗོན་ཤིང་ལས། འདི་ནི་མཐར་ཐུག་འབྲས་བུའི་གཏེར་ཁ་སྟེ། །དགོངས་གཏེར་སྙིང་པོ་སྙིང་ཏིག་མངོན་སུམ་སམ། །ཚེ་གཅིག་འབྲས་བུ་འོད་ལུས་འགྲུབ་པར་བྱེད། །དེ་ཕྱིར་འདི་འདྲའི་ཟབ་གཏེར་གཞན་ན་མེད། །དེང་སང་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །སྔ་མའི་ཚེ་ལ་དགས་ལུང་བྲག་ངོས་ནས། ཆུ་མོ་གླང་ལ་ཤོག་སེར་སྒོ་ཕྱེ་སྟེ། །རྫོད་བྱེད་ཚིག་གི་ཆ་ཙམ་དབང་བར་བྱས། །དེང་སང་ཐོད་རྒྱལ་ལོངས་སྐུའི་ཞིང་མྱུར་དུས། །ཤིང་མོ་ཡོས་ལ་མཆིམས་ཕུར་དགོངས་གཏེར་བབས། བརྗོད་བྱའི་དོན་རྣམས་མ་ལུས་ཤིང་ལ་ཤར། །བླ་མ་མཁའ་འགྲོས་དངོས་སུ་བྱིན་བརླབས་པས། །ཚིག་སོན་འཁྲུལ་མེད་གསང་བའི་ཡི་གེ་རྣམས། །རྒྱལ་སྲས་བླ་མ་ཉིད་དང་མཚུངས་པས་ན། །ཡི་གེ་འདི་ག་གཅེས་པས་སྙིང་ལ་ཕུར། །ཞེས་པ་སྟར། མཐོང་སྣང་


GLG004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་དྲ་བར། དབང་གི་ཡེ་ཤེས་ཕབ་པའི་ཚེ་རྣལ་འབྱོར་མ་ཞིག་ལ་སྔགས་སྲུང་དངོས་སུ་བབས་པའི་དུས། རྣལ་འབྱོར་པ་འོད་ཟེར་གོ་ཆས་སྤྲུལ་སྐུ་རིན་ཅེན་ཚུལ་རྡོར་གྱི་སྐོར་དྲིས་པའི་ལན་དུ་སློབ་དཔོན་རིན་རྡོར་གྱིས་གཏེར་ཐོན་ནས་རེ་ཞིག་གསངས་ཏེ་སྒྲུབ་པ་མཛད་ན་འོད་གསལ་མངོན་དུ་འགྱུར་ཞིང་སྐུ་ཚེ་མཐར་ཕྱིན་རྒྱུ་ལ་མ་གསངས་པས་སྐུ་ཚེ་མཐར་མ་འཁྱོལ། སྐྱེ་བ་དེའི་འོག་ཏུ་ལོངས་སྐུའི་ཞིང་དང་གཅིག་མྱུར་ན་བུམ་ཐང་དུ་སྐྱེ་བར་བཤད་པ་ཀུན་མཁྱེན་ཀློང་ཆེན་པ་ད་ལྟར་གྱི་དུས་སུ་འོད་གསལ་འཇའ་ཚོན་གྱི་སྣང་བ་བསྒོམ་ཞིང་ཉམས་སུ་ལེན་པ་ལ་ལོངས་སྐུའི་ཞིང་དར་གཅིག་མྱུལ་བར་བཏགས་པ་ཡིན་ཚུལ་སོགས་གསལ་བར་ལུང་བསྟན་འདུག་པ་བཞིན། སྐྱེ་བ་སྔོན་མ་སྤྲུལ་སྐུ་རིན་ཅེན་ཚུལ་རྡོར་གྱིས་དགས་ལུང་ཕྲ་མོའི་བྲག་ནས་ཆུ་མོ་གླང་ལ་མཁའ་འགྲོ་སྙིང་ཏིག་གི་ཤོག་སེར་རྣམས་སྤྱན་དྲངས་པས་རྗོད་བྱེད་ཚིག་ཙམ་ལ་དབང་། དེའི་བག་ཆགས་ཀྱི་མཐུས་གཡོ་རུ་གྲར་འཁྲུངས་པའི་ཀུན་མཁྱེན་དྲི་མེད་འོད་ཟེར་ནི་འོད་གསལ་ཁོར་ཡུག་ལོངས་སྐུའི་ཞིང་དང་མི་འབྲལ་བའི་སྐབས་བསམ་ཡས་མཆིམས་ཕུར་དགོངས་གཏེར་གྱི་བཀའ་བབས་ཏེ་བརྗོད་བྱའི་དོན་མ་ལུས་པ་ཐུགས་སུ་ཆུད་པར་མ་ཟད། ཁ་བྱང་ལས། སྔོན་མའི་ཚེ་ལ་རྐྱེན་དབང་བར་ཆད་པས། །ད་རེས་འོད་གསལ་ལོངས་སྐུའི་ཞིང་མྱུལ་དུས། །གསང་ནས་གཅིག་པུར་བསྒྲུབ་པར་ཆས་ན་ཡང་། བླ་མ་མཁའ་འགྲོའི་བྱིན་རླབས་གློ་བུར་བས། །ཡང་ཟད་གདམས་པའི་གནད་རྣམས་དུས་གཅིག་ཤར། །ཕྱི་རབས་ཡི་གེར་བཀོད་པའི་ལུང་བསྟན་བྱུང་། །ཞེས་རྩོམས་ཤིག་པའི་གནང་བ་བྱུང་བར་བརྟེན་ནས་གཏེར་གཞུང་བརླིང་ཞིང་གོ་དཀའ་བའི་དོན་རྣམས་གསལ་ཞིང་རྒྱས་པར་


GLG004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་མཁའ་འགྲོ་ཡང་ཏིག་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་རིན་པོ་ཆེ་དབང་གི་འཕྲེང་བའི་སྟེང་ནས་སྡིག་སྒྲིབ་དག་བྱེད་སྐོང་གི་སྤྱི་ཁྲུས་སྔོན་དུ་འགྲོ་བའི་དངོས་གྲུབ་ཀུན་འབྱུང་མཁའ་འགྲོའི་བརྡ་དབང་། ལུས་སྒྲིབ་སྦྱོང་ཞིང་སྤྲུལ་སྐུར་གྲོལ་བྱེད་བུམ་དབང་། ངག་སྒྲིབ་སྦྱོང་ཞིང་ལོངས་སྐུར་གྲོལ་བྱེད་གསང་དབང་། ཡིད་སྒྲིབ་སྦྱོང་ཞིང་བདེ་བ་ཆེན་པོར་གྲོལ་བ་ཤེར་དབང་། སྒྲིབ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོ་མངོན་དུ་གྱུར་པ་ཚིག་དབང་། སྲིད་ཞིའི་དོན་ཀུན་འགྲུབ་བྱེད་བླ་མའི་དབང་། ཅིར་སྣང་ཆོས་སྐུར་འཆར་བ་རིག་པའི་རྩལ་དབང་། བྱིན་རླབས་མཐར་ཕྱིན་པ་མཁའ་འགྲོའི་དབང་། རྗེས་ཀྱི་བྱ་བ་གཞན་དོན་གནང་བ་སྦྱིན་པ། བསྟན་པ་གཏད་པ། བར་གཅོད་བསྲུང་བ་བཀའ་སྲུང་བཀའ་སྒོའི་དབང་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། མཁའ་འགྲོ་ཡང་ཏིག་གི་ཁ་བྱང་རིན་ཅེན་ལྗོན་ཤིང་། ཐེམས་བྱང་དཔག་བསམ་ལྗོན་ཤིང་། དེ་གཉིས་ལས་བྱུང་བའི་ཆོས་སྐོར་ལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་། སྨིན་ཟིན་གྲོལ་བར་བྱེད་པ་འཁྲིད། ཐུན་མོང་ལ་འཇུག་པ་རྒྱབ་ཆོས། ཀུན་གྱི་བཅུད་ཕྱུང་བ་ཤིན་ཏུ་ཡང་ཟབ་སྙིང་ཁྲག་ལྟ་བུ། རིགས་ལྔའི་གསང་སྒྲུབ་སོགས་ཟབ་གནད། གདམས་སྐོར་ཁ་ལག་ཚང་ཕྱིར་གཞན་དོན་འཕྲིན་ལས། སྙིང་པོའི་བསྟན་པ་བསྲུང་བ་བཀའ་སྲུང་དང་བདུན། དང་པོ་ནི། དང་པོ་སྨིན་བྱེད་དབང་གི་གདམས་སྐོར་ལ། དབང་གི་སྔོན་འགྲོ་གཏེར་འབྱུང་ལོ་རྒྱུས་དང་། དམ་ཚིག་སྐོང་དང་མཁའ་འགྲོའི་བརྡ་དབང་དང་། །དབང་བཞིའི་རིམ་པ་བྱིན་རླབས་བླ་མའི་དབང་། །རིག་པའི་རྩལ་དབང་མཁའ་འགྲོའི་དོན་དབང་དང་། །གཞན་བཀའ་གཏད་རྒྱ་


GLG004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་བཀའ་བསྒོ་སྟེ། །མ་དགུ་བུ་བཞིས་རིན་ཅེན་དབང་འཕྲེང་འགྲུབ། །དེ་དག་རྣམས་ནི་ཟབ་ཅིང་རྒྱ་ཆེ་བས། །རིན་ཅེན་དཀར་ཤོག་ངོས་ལ་ལེགས་པར་མནན། །ཞེས་པ་ལྟར་ཁུངས་བཙུན་པར་བྱེད་པ་གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་རིན་ཅེན་སྒྲོན་མ། རིན་པོ་ཆེ་དབང་གི་འཕྲེང་བ་ཞེས་པར་ནང་གསེས་ཀྱི་སྣོད་ཁྱད་པར་ཅན་དུ་སྒྲུབ་ཅིང་སྡིག་སྒྲིབ་དག་བྱེད་སྐོར་གི་རིམ་པ་སྤྱི་ཁྲུས་ཆེན་མོ། བཅུད་ཁྱད་པར་ཅན་དུ་སྒྲུབ་པའི་དབང་བརྒྱད་ཀྱི་དང་པོ་བྱིན་རླབས་སྒོ་འབྱེད་དངོས་གྲུབ་ཀུན་འབྱུང་མཁའ་འགྲོའི་བརྡ་དབང་། གཉིས་པ་དབང་བཞིའི་ལུས་ཀྱི་སྒྲིབ་སྦྱོང་སྤྲུལ་སྐུར་གྲོལ་བྱེད་སྤྲོས་བཅས་བུམ་པའི་དབང་། ངག་སྒྲིབ་སྦྱོང་ཞིང་ལོངས་སྐུར་གྲོལ་བྱེད་གསང་བའི་དབང་། ཡིད་སྒྲིབ་སྦྱོང་ཞིང་བདེ་བ་ཆེན་པོར་གྲོལ་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒྲིབ་པ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ་ཚིག་གི་དབང་། གསུམ་པ་འཁོར་འདས་ཀུན་གྱི་བདེ་ལེགས་ཕུན་སུམ་ཚོགས་པ་འགྲུབ་བྱེད་བླ་མའི་དབང་། བཞི་པ་ཡེ་ཤེས་ཀྱི་སྒོ་འབྱེད་ཅིང་སྣང་སྲིད་ཆོས་སྐུར་འཆར་བ་རིགས་པའི་རྩལ་དབང་། ལྔ་པ་བྱིན་རླབས་མཐར་ཕྱིན་པར་བྱེད་པ་མཁའ་འགྲོའི་དོན་དབང་། དྲུག་པ་འགྲོ་དོན་ལ་གནང་བ་བྱིན་པ་གཞན་བཀའ། བདུན་པ་བསྟན་པ་ཡོངས་རྫོགས་སུ་གཏོད་པ་གཏད་རྒྱ། བརྒྱད་པ་སྐལ་ལྡན་ལ་བར་གཅོད་བསྲུང་ཕྱིར་བཀའ་སྲུང་ལ་བཀའ་བསྒོ་བའི་དབང་། དེ་ཡང་རྩལ་དབང་ཡན་ཆད་ཀུན་ལ་སྤེལ་ཞིང་ལྷག་མ་བཞི་པོ་བསྟན་པ་ཟིན་ངེས་ལ་དུས་གཅིག་ལ་ཆིག་བརྒྱུད་དུ་གནང་བའི་བཀའ་རྒྱ་ཅན་ནོ། །བུ་རྣམས་ཁ་བྱང་དུ་མི་གསལ་ཡང་ཐེམས་བྱང་ལས་བྱུང་བ་ལྟར་བདག་ཉིད་དབང་དང་སྡོམ་པ་དག་པར་བྱེད་པ་བདག་འཇུག་པདྨ་


GLG004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཡངས། ཚོགས་གཉིས་རྫོགས་པར་བྱེད་པ་ཚོགས་མཆོད་རྒྱ་མཚོའི་སྤྲིན་རྣམས། །གཉིས་པ་སྨིན་ཟིན་གྲོལ་བར་བྱེད་པ་འཁྲིད་ནི། སྨིན་ཅིང་གྲོལ་བར་བྱེད་པ་གདམས་པ་སྟེ། །དེ་ཡི་ལག་ལེན་མ་བུ་གྲངས་བསྟན་པ། །བླ་མར་གསོལ་འདེབས་དྲི་མེད་ཟླ་རྒྱས་དང་། །བདུད་རྩི་ཆུ་རྒྱུན་འཁྲིད་ཡིག་ནོར་བུ་ལུགས། །ཉི་ཟླ་གཟའ་སྐར་ཟབ་མོ་རབ་འབྱེད་དང་། །རིན་ཅེན་གསེར་འཕྲེང་མ་བུ་རྣམ་པ་དྲུག །ཡང་ཟབ་གནད་དེ་རབ་ཏུ་དཀོན་པས་ན། །རིན་ཅེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །ཅེས་པའི་གསོལ་འདེབས་དྲི་མེད་ཟླ་རྒྱས། གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། འཁྲིད་ཡིག་ནོར་བུ་ལུགས་སུ་བབས་ཚུལ་ཅིག་ཅར་དུ་འདུག་པ། འཁྲིད་ཚར་གཅིག་གིས་སྐལ་ལྡན་མཁའ་སྤྱོད་དུ་གྲོལ་བའི་འཁྲིད་ཡིག་ཉི་ཟླ་གཟའ་སྐར་ལུགས་སུ་གདབ་པ། དེ་དག་གི་རིམ་པ་མི་འགྱུར་བའི་གཟེར་མོ་རབ་འབྱེད་ཅེས་རྒྱ་ཆེ་བའི་དོན་རྣམས་བདེ་བླག་ཏུ་རྟོགས་པར་ནུས་པ། འཁྲིད་ཚུལ་རྒྱས་པར་སྟོན་པ་ཟབ་དོན་སྙིང་པོའི་ཡི་གེ་རིན་ཅེན་གསེར་འཕྲེང་། ཐེམས་བྱང་ལས་བསྟན་པ་དབང་འཁྲིད་ཀྱི་སྔོན་དུ་ཕལ་ཆེ་བ་ཀུན་ཏུ་བཟང་པོའི་རོལ་པས་རིག་པ་ཁྱད་པར་གྱི་ཚོགས་གསོག་རྣམས། །གསུམ་པ་ཐུན་མོང་ལ་འཇུག་པ་རྒྱབ་ཆོས་ནི། དེ་དག་རྣམས་ཀྱི་རྒྱབ་ཆོས་བསྟན་པ་ནི། །ཁྲིགས་ཆོད་ཐོད་རྒལ་ཟབ་མོ་སྣ་ཚོགས་གསུམ། །སོ་སོར་ཕྱེ་ནས་གོ་རིམ་ངེས་པའི་དོན། །དུམ་དང་མ་བུའི་གྲངས་ནི་འདི་དག་གོ །ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་སྐོར་གསུམ་ལ། །ནམ་མཁའ་རབ་འབྱམས་ལྟ་བ་བྱ་རྩོལ་མེད། །ནམ་མཁའ་གློང་ཡངས་སྒོམ་པ་བློ་ལས་འདས། །ནམ་མཁའ་དྲི་མེད་སྤྱོད་པ་བླང་དོར་མེད། །གདོད་མའི་ངང་དུ་གཉིས་མེད་ལ་ཟླའོ། །ཐོད་རྒལ་རྒྱབ་ཡིག་འོད་


GLG004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྐོར་གསུམ་ལ། །མན་ངག་རིན་ཅེན་གསེར་གྱི་སྒྲོམ་བུ་ཡིས། །ཟབ་མོའི་གནད་རྣམས་མདོར་བསྡུས་གཅིག་ཏུ་དྲིལ། །ཚིག་དོན་རིན་ཅེན་བང་མཛོད་བཟང་པོ་ཡིས། །དེ་དག་དོན་རྣམས་སོ་སོར་ཕྱེ་སྟེ་བཤད། །ཟབ་དོན་རྒྱ་མཚོའི་སྤྲིན་གྱི་སྙིང་པོ་ཡིས། །ཤིན་ཏུ་རྒྱ་ཆེའི་རྣམ་གྲངས་དཔག་མེད་བཀོད། །གཉིས་ཀའི་དོན་བསྡུ་བོགས་འབྱིན་གཅིག་དྲིལ་བ། །གསང་སྤྱོད་རྡོ་རྗེའི་ལམ་སྟོན་སྙིང་པོར་བསྟན། །དེ་དག་རྣམས་ནི་རིན་ཅེན་ཤོག་སྐྱར་བཀོད། །ཅེས་པ་སྟོང་པ་ཁྲེགས་ཆོད་ཆོས་སྐུ་ལམ་ཁྱེར་གསུམ་ན་ལྟ་བ་བྱ་རྩོལ་མེད་པ་ནམ་མཁའ་རབ་འབྱམས། སྒོམ་པ་བློ་ལས་འདས་པ་ནམ་མཁའ་གློང་ཡངས། སྤྱོད་པ་བླང་དོར་མེད་པ་ནམ་མཁའ་དྲི་མེད། སྣང་བ་ཐོད་རྒལ་གཟུགས་སྐུ་ལམ་ཁྱེར་བཞི་ནི་འོད་གསལ་གྱི་གནད་མདོར་དྲིལ་བ་མན་ངག་རིན་ཅེན་གསེར་གྱི་སྒྲོམ་བུ། དབྱེ་བ་རྒྱས་པར་བཤད་པ་ཚིག་དོན་རིན་པོ་ཆེའི་མཛོད། ཤིན་ཏུ་རྒྱ་ཆེ་བའི་རྣམ་གྲངས་རྫོགས་པར་སྟོན་པའི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། བོགས་འདོན་གནད་བསྡུས་ལྟ་སྒོམ་སྤྱོད་འབྲས་ཀྱི་མཐར་ཐུག་སྙིང་དང་འདྲ་བ་གསང་སྤྱོད་རྡོ་རྗེ་ལམ་བསྟན་རྣམས། བཞི་པ་ཀུན་གྱི་བཅུད་ཕྱུང་བ་ཤིན་ཏུ་ཡང་ཟབ་སྙིང་ཁྲག་ལྟ་བུ་ནི། ཟབ་དོན་སྣ་ཚོགས་གབ་པའི་བཅུད་ཕྱུང་པ། །བདུད་རྩིའི་ཐིགས་པ་སྙིང་གི་སྙིང་པོ་ནི། །གང་དང་མི་འདྲ་བསྟན་པར་འཕངས་ན་ཡང་། །ཕྱི་རབས་སྐལ་ལྡན་བརྩེ་བའི་སེམས་བཟུང་སྟེ། །སྙིང་ཕྱུང་ལག་ཏིག་དག་ཏུ་བཀོད་པ་འདི། །ཤིན་ཏུ་ཟབ་པའི་ཡང་ཟབ་ཤོག་སེར་ཅན། །སྙིང་དང་འདྲ་བས་མ་སྤེལ་སེམས་ལ་སྦོས། །དེ་ཡི་དུམ་དང་མ་བུའི་གྲངས་བསྟན་པ། །རིག་འཛིན་མཆོག་སྒྲུབ་ཚེ་གཅིག་རིག་འཛིན་འགྲུབ། །ཡང་གསང་མཁའ་འགྲོ་བདེ་ཆེན་རྒྱ་


GLG004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ། །བསྐྱེད་པའི་རིམ་པ་ཡིད་བཞིན་ནོར་བུ་དང་། །རྫོགས་པའི་རིམ་པ་ཡེ་ཤེས་འཁོར་ལོ་དང་། །རླུང་དྲུག་རྡོ་རྗེའི་ཆིངས་ཏེ་གསུམ་གྱིས་ཚང་། །དེ་ཡིས་དངོས་གྲུབ་གང་འདོད་ལྷུན་གྱིས་འགྲུབ། །རླུང་སྦྱོར་ཡེ་ཤེས་དྲ་བས་དེ་ཉིད་མཐོང་། །ཟབ་ལམ་བདེ་ཆེན་རྒྱ་མཚོས་ཏིང་འཛིན་འགྲུབ། །འོད་གསལ་འཁོར་ལོས་ཚེ་འདིར་འོད་ལུས་འགྲུབ། །གཞི་སྣང་ངོ་སྤྲོད་གྲོལ་གཞིའི་སྣང་བ་ཤེས། །འོད་གསལ་སྦུབས་འཇུག་མཚན་མོའི་འོད་གསལ་འགྲུབ། །སྒྲོན་མ་བཞི་སྐོར་ཡེ་ཤེས་རང་སྣང་ཤེས། །དེ་ལྟར་མ་བུ་རྣམ་གྲངས་རྣམ་དགུ་ཡང་། །ཆོས་སྡེའི་རང་བཞིན་རྣམ་བདུན་དག་ཏུ་བསྡུས། །དེ་དག་རྣམས་ནི་ཡང་ཟབ་བླ་ན་མེད། །མཁའ་འགྲོའི་ཞལ་གདམས་ཤོག་སེར་ངོས་ལ་བཀོད། །ཅེས་པ་ལས་མི་གསལ་ཡང་ཐེམས་ལས་བྱུང་བར་རབ་ཏུ་གསང་བའི་ཡི་གེ་དབང་ཁྲིད་གྲོལ་བ་དང་བཅས་དྲིལ་བའི་གནད་ངེས་དོན་སྙིང་པོ། དངོས་གྲུབ་ཐོབ་པར་བྱེད་པ་བྱིན་རླབས་སྔ་མའི་ཐུགས་སྒྲུབ་ཟབ་མོ། ཁ་བྱང་གིས་ཟིན་པ་ཚེ་གཅིག་ལ་རིག་འཛིན་ཐོབ་པར་བྱེད་པ་རིག་འཛིན་མཆོག་སྒྲུབ་གསང་བ། མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་སྐོར་གསུམ་ནི་བསྐྱེད་རིམ་ཡིད་བཞིན་ནོར་བུ། རྫོགས་རིམ་ཡེ་ཤེས་འཁོར་ལོ། རླུང་དྲུག་རྡོ་རྗེའི་ཆིངས་གསུམ། རླུང་ལ་བརྟེན་ནས་འོད་གསལ་སྒྲུབ་པ་རླུང་སྦྱོར་ཡེ་ཤེས་དྲ་བ། ཁམས་ཀྱིས་འཆི་བ་མེད་པའི་འོད་གསལ་སྒྲུབ་པར་བྱེད་པ་ཟབ་ལམ་བདེ་ཆེན་རྒྱ་མཚོ། གསང་བ་ཟབ་མོའི་རྫོགས་རིམ་མངོན་དུ་ཕྱུང་བ་འོད་གསལ་འཁོར་ལོ། གདོད་མའི་དབྱིངས་ཀྱི་རང་བཞིན་བསྟན་པ་གཞི་སྣང་སྟོང་ངོ་སྤྲོད། མངོན་སུམ་སྙིང་པོ་བཅུད་དྲིལ་བ་འོད་གསལ་སྦུབས་འཇུག་


GLG004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་མན་ངག་ཅེས་པ་ཉིན་མོ་འོད་གསལ་ཕྱིར་གཟུང་མཚན་མོ་སྦུབས་སུ་སྦ། བར་དུ་ཆོས་ཀུན་མཉམ་པར་གནས་པའི་ཉམས་ལེན་ཤེལ་དང་མར་མེ་ལ་བརྟེན་ནས་སྐུ་གསུམ་གཞོན་ནུ་བུམ་པར་ཐིམ་ཚུལ་རྒྱས་པར་བསྟན་པ། སྣང་རིག་ཡེ་ཤེས་མངོན་དུ་འབྱིན་པ་སྒྲོན་མ་བཞི་སྐོར་ཞེས་པ་གཞི་སྒྲོན་མ་བཞིར་ངོ་སྤྲད། ལམ་སྒྲོན་མ་བཞིར་ཉམས་སུ་བླངས། འབྲས་བུ་སྒྲོན་མ་བཞིར་གྲོལ་ཚུལ་བསྟན་པའི་གདམས་ངག་མིག་ལྟར་གསལ་བ། ཐེམས་བྱང་ནས་བྱུང་བ་ལ། འོད་གསལ་མདོར་གཅིག་པ་འཁྲུལ་སྣང་ཞི་གྲོལ། བག་ཆགས་མྱུར་དུ་འགོག་བྱེད་རྨི་ལམ་སྦུབས་འཇུག །དུས་གསུམ་གྱི་འཁྲུལ་སྣང་ཐམས་ཅད་ཡེ་ཤེས་ཆེན་པོར་རྩལ་སྦྱོང་བའི་མན་ངག་གསང་བ་མངོན་ཕྱུང་གདོད་མའི་དབྱིངས་སྣང་ངོ་སྤྲད་པ། གང་དང་མི་འདྲ་བའི་ཟབ་དོན་གནད་ཀྱི་ལྡེ་མིག་སྦུབས་གསུམ་སྐུ་གསུམ་གྱི་ཞིང་དུ་ངོ་ཤེས་པར་བྱེད་པ། མངོན་སུམ་མ་ནོར་བའི་ལམ་མཆོག་འོད་གསལ་སྤྲ་འཁྲིད་རིན་ཆེན་གསལ་བ་འདི་ཕྱི་བར་དོ་གསུམ་གྲོལ་བའི་གནད་ཡིག་གསང་བ། གསང་ལམ་རིན་པོ་ཆེའི་ངོ་སྤྲོད་གཞི་ལམ་འབྲས་གསུམ་གྱི་སྙིང་པོའི་མཐར་ཐུག་འཕྱུག་མེད་གནད་འགག་ཟབ་མོ་ཟབ་དོན་སྙིང་པོ་སྐུ་གསུམ་གྱི་ཞིང་སྣང་ངོ་བཟུང་ཞིང་ངོ་སྤྲད་ནས་ཉམས་སུ་བླང་བ། ཀུན་འདུས་རིན་པོ་ཆེ་གསང་བའི་ངོ་སྤྲོད་དཔེ་དོན་རྟགས་གསུམ་ལ་བརྟེན་ནས་བར་དོ་གཞི་ཐོག་ཏུ་གྲོལ་ཏེ་སེམས་དང་ཡེ་ཤེས་རྒྱབ་འགྱེས་ཚུལ། བར་དོ་སྦུབས་འཇུག་མན་ངག་གི་སྙིང་པོ་འོད་རྩ་གསུམ་ལ་བརྟེན་ནས་གདམས་པའི་མཚོན་ཚུལ་བསྟན་པ། བར་དོ་གནད་ཀྱི་སྒྲོན་མེ་ཞེས་པ་གཞི་མཚོན་དཔེ་བཤད་པ། ལམ་དམར་འཁྲིད་དུ་ངོ་སྤྲད་པ། འབྲས་བུ་གྲོལ་ཚུལ་


GLG004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟླ་བ་སྟེ་ཉམས་ལེན་གྱི་མཐར་ཐུག་པ། གཞི་དང་གཞི་སྣང་འཁྲུལ་ཚུལ་བཤད་པ་གནད་གསུམ་སྣང་བའི་སྒྲོན་མེ། ཐེམས་དང་ཁ་བྱང་གཉིས་ཀར་མེད། ངོ་མཚར་ཡིད་ཆེས་བསྐྱེད་པ་མཐོང་སྣང་རིན་ཆེན་འོད་ཀྱི་དྲ་བ་ཟབ་གཏེར་མངོན་དུ་བྱུང་བའི་ལོ་རྒྱུས། ཕྱི་རབས་ལ་སྙིང་གཏམ་དུ་གདམས་པ་ཞལ་ཆེམས་དྲི་མ་མེད་པའི་འོད། ཞལ་ཆེམས་གནད་ཀྱི་མེ་ལོང་མཐར་ཐུག་དོན་གྱི་སྙིང་པོ། ཐེམས་དང་ཁ་བྱང་དུ་མེད། མངོན་དུ་ཕྱུང་སྟེ་ཕྱི་རབས་ལ་གདམས་པ་རྣམས། ལྔ་པ་རིགས་ལྔའི་གསང་སྒྲུབ་སོགས་ཟབ་གནད་ནི། རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ལ། །ཕྱི་ནང་གསང་བ་ཡང་གསང་རྣམ་བཞིས་ཚང་། །དེ་ཡིས་གཙོ་བོར་རང་བཞིན་སྤྲུལ་སྐུ་ཐོབ། །རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ལ། །ས་ཡི་བཅུད་ལེན་བདུད་རྩིའི་ཡང་ཞུན་དང་། །ཆུ་ཡི་བཅུད་ལེན་བདེ་ཆེན་རྒྱ་མཚོ་དང་། །མེ་ཡི་བཅུད་ལེན་བདེ་དྲོད་རང་འབར་དང་། །རླུང་གི་བཅུད་ལེན་དཔག་བསམ་ཤིང་ཆེན་དང་། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་འཁོར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་འགྲུབ། །གེགས་སེལ་ནད་འདོན་བདུད་རྩིའི་སྤྲིན་ཕུང་ལ། །འཁོར་ལོ་ལྔ་སྟེ་ཕྱི་ནང་བར་གཅོད་སེལ། །འཆི་བ་བརྟག་བླུ་ཉི་ཟླ་གཟའ་གྲལ་ལ། །དུམ་བུ་གཉིས་ཏེ་རྣལ་འབྱོར་དོན་ཆེན་འགྲུབ། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཡིས། །དེ་ཉིད་དོན་ཤེས་རང་གཞན་ཕན་པ་འགྲུབ། །འདི་དག་རྣམས་ནི་རབ་ཏུ་ཟབ་པས་ན། །རིན་ཆེན་ཤོག་འདྲའི་ངོས་ལ་ཡི་གེར་བཀོད། །ཅེས་པའི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་ཡོངས་སུ་རྫོགས་པ་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན། རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ཞེས་པ་སའི་བཅུད་ལེན་བདུད་རྩིའི་


GLG004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞུན། ཆུའི་བཅུད་ལེན་བདེ་ཆེན་རྒྱ་མཚོ། མེའི་བཅུད་ལེན་བདེ་དྲོད་རང་འབར། རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤིང་། ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་སྐོར་ལྔ་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་བྱེད་པ། ནང་འཁོར་ལོ་ལྔར་འབྱུང་བའི་བྱེར་ཐུག་གི་ཁམས་འཁྲུགས་ཅིང་ནད་དུ་གྱུར་པ་རླུང་དམིགས་ཡི་གེའི་སྦྱོར་བས་འདོན་པ་གེགས་སེལ་བདུད་རྩིའི་སྤྲིན་ཕུང་། དོན་ཆེན་གྲུབ་ཐབས་འཆི་བ་བརྟག་སླུའི་མན་ངག་རིན་ཅེན་གསང་བའི་གཏེར་མཛོད་ཉི་ཟླ་གཟའ་གྲལ། སྐལ་ལྡན་གྱི་གང་ཟག་འབད་མེད་དུ་གྲོལ་བྱེད་བཏགས་གྲོལ་གྱི་མན་ངག་རིན་ཅེན་སྙིང་པོ་རྣམས། དྲུག་པ་གདམས་སྐོར་ཁ་ལག་ཚང་ཕྱིར་གཞན་དོན་འཕྲིན་ལས་ནི། སྲེག་སྦྱང་ཆོ་གའི་འོད་ཀྱི་ཉི་མ་ཡིས། །ཚེ་འདས་སྐུ་གསུང་བཞུ་བའི་རིམ་པ་བསྟན། །གཞན་ཕན་འོད་ཀྱི་འཁོར་ལོ་བཟང་པོ་ཡིས། །བར་དོའི་འགྲོ་བ་རྣམས་ལ་ཕན་གདགས་བཤད། །མཆོད་རྟེན་རབ་གནས་རིན་ཅེན་ར་བ་ཡིས། །སཱཙྪའི་སྒོ་ནས་ཚོགས་གསོག་སྒྲིབ་སྦྱོང་བསྟན། །རབ་གནས་ཆོ་ག་དྲི་མེད་ཡེ་ཤེས་ཀྱིས། །སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པར་བཤད། །མཐོང་སྣང་རིན་ཅེན་གསེར་གྱི་དྲ་བ་ཡིས། །ཕྱི་རབས་སྐལ་ལྡན་ངོ་མཚར་ཡིད་ཆེས་བསྟན། །འདི་དག་རྣམས་ཀྱང་ཟབ་ཅིང་རྒྱ་ཆེ་བས། །རིན་ཅེན་དཀར་ཤོག་བཟང་པོའི་ངོས་ལ་མནན། །ཞེས་རྩ་རྒྱུད་རྫོགས་པ་རང་བྱུང་ལས་ཇི་ལྟར་བཤད་པའི་ལས་རིམ་འཕྱུག་མེད་འགྲོ་བའི་སྒྲིབ་པའི་བུད་ཤིང་སྲེག་སྦྱང་གི་ཆོ་ག་འོད་ཀྱི་ཉི་མ། བར་དོའི་འགྲོ་བ་རྗེས་སུ་གཟུང་བའི་ཆོ་ག་གཞན་ཕན་འོད་ཀྱི་འཁོར་ལོ། ལག་ལེན་གནད་ཡིག་ཁ་སྐོང་བ་ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོ། སཱཙྪའི་སྒོ་ནས་ཚོགས་གསོག་སྒྲིབ་སྦྱོང་བསྟན་པ་


GLG004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་རབ་གནས་རིན་ཅེན་དྲ་བ། སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད། ཉམས་རྟོགས་ཆོས་ཀྱི་བབས་ཚུལ་ལ་ཡིད་ཆེས་བསྐྱེད་པ་མཐོང་སྣང་རིན་ཅེན་གསེར་གྱི་དྲ་མིག་རྣམས། བདུན་པ་སྙིང་པོའི་བསྟན་པ་བསྲུང་བ་བཀའ་སྲུང་ནི། དེ་ལྟར་ཟབ་ཆོས་བསྟན་པ་བསྲུང་བའི་ཕྱིར། །བཀའ་སྲུང་སྒྲུབ་སྡེ་རྒྱ་མཚོའི་སྙིང་པོ་ལས། །ཤིན་ཏུ་ཡང་ཟབ་རིན་ཅེན་རྣམ་གསུམ་ལ། །གཡུ་སྒྲོན་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཡིས། །ཅི་བསམ་འགྲུབ་ཅིང་རྐྱེན་ངན་བར་གཅོད་སེལ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་འདྲ། །གཟའ་བདུད་གསང་སྒྲུབ་དུག་གི་སྤུ་གྲི་ཡིས། །གནོད་བྱེད་སྲོག་རྩ་སྐད་ཅིག་གཅོད་པས་ན། །འཇིགས་པའི་གནམ་ལྕགས་འཁོར་ལོ་བསྐོར་བ་འདྲ། །སྲོག་སྒྲུབ་གསང་སྒྲུབ་དུག་མདའ་ནག་པོ་ཡིས། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག་པས་ན། །འཇིགས་པའི་སར་སྤྲིན་མེ་ལྟར་འབར་བ་འདྲ། །འདི་དག་མཁའ་འགྲོའི་སྙིང་ཏིག་རྣལ་འབྱོར་པ། །ཉམས་ལེན་གསང་བའི་རྒྱབ་རྟེན་ཡང་གསང་འདུ། །ཇི་ལྟར་གསུངས་བཞིན་བདག་གིས་ཤོག་འདྲར་བཀོད། །ཅེས་རྡོ་རྗེ་གཡུ་སྒྲོན་མ་ཕྱི་ལྟར་སྨན་བཙུན་ལྔ། ནང་ལྟར་ཡིད་འོང་ལྷ་མོ་ལྔ། གསང་བ་མཁའ་འགྲོ་ལྔར་གྲུབ་ཡིག་ཟླ་བ་འདོད་འཇོ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ། འཇིག་རྟེན་ཁམས་ཀྱི་མཐུ་རྩལ་མཆོག་གྱུར་རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲི་གནམ་ལྕགས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུ། བསྟོད་པ་ཁྱབ་འཇུག་ཆེན་པོ་མ་སྒྲུབ་པའི་གནས་དང་བཅས་པ། ཐེམས་ལས་བྱུང་བའི་གནོད་སྦྱིན་བཤན་པ་དམར་ནག་གཟའ་རྒོད་མིག་དམར་གྱི་སྒྲུབ་ཐབས་མེ་རླུང་འཁྱིལ་བ་སྣང་སྲིད་བསིལ་བུར་གཏོང་བའི་སྲུང་མ་གཉན་པོ།


GLG004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི་དང་སྐད་ཅིག་ཀྱང་མི་འབྲལ་བ་སྔགས་སྲུངས་ཁྲོས་པའི་རྣམ་འཕྲུལ་སྲོག་སྒྲུབ་ནག་མོ་བཤན་པ་མི་བསྲུན་མའི་སྒྲུབ་ཐབས་དུག་མདའ་ནག་པོ་འཇིགས་པའི་སེར་སྤྲིན་འདྲ་བ་རྣམས། དེ་ཡང་འདིར་ཐེམས་བྱང་བསྡུས་པ་ཁ་བྱང་ཡང་ཟེར། རིན་ཅེན་ལྗོན་ཤིང་ལ་གཞི་བཟུང་། དེར་མ་འདུས་པ་རྒྱས་པ་དཔག་བསམ་ལྗོན་ཤིང་ནས་ཁ་བསྐངས་ཏེ་ས་བཅད་བདུན་དུ་ཕྱེ་ནའང་སྙིང་པོར་དྲིལ་ན་ཟབ་ཅིང་རྒྱ་ཆེ་བ་ཤོག་སྐྱ། ཡང་ཟབ་ཤོག་འདྲ། ཤིན་ཏུ་ཡང་ཟབ་ཤོག་སེར་གྱི་སྐོར་གསུམ་དུ་འདུས་པར་མཛད་དོ། །དེ་ལྟར་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིངྷ། རང་བྱུང་པདྨ་ཐོད་འཕྲེང་། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། སྤྲུལ་སྐུ་རིན་ཅེན་ཚུལ་རྡོར། རྒྱལ་སྲས་ལེགས་ལྡན། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། རྗེ་སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ་བ། གུ་རུ་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། མཁས་གྲུབ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དཀར་ཆག་ཉི་ཟླ་གཟའ་སྐར་ལས། བཅུ་བདུན་རྒྱུད་དང་བཏགས་གྲོལ་རྒྱུད་གསུམ་དང་། །བརྒྱ་དང་བཅུ་བདུན་ཡང་ཟབ་པོ་ཏི་བཞི། མཁའ་འགྲོ་སྙིང་ཏིག་གསང་བའི་ཐེམས་དང་བཅས། །མ་ལུས་ཀུན་གྱི་སྙིང་པོའི་བཅུད་བསྡུས་ནས། །འདིར་གཅིག་ངེས་པས་ཡང་ཟབ་སྙིང་པོར་བཀོད། །ཅེས་པ་ལྟར་


GLG004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆེན་པོ་བྱར་མེད་གློང་ཡངས་ཀྱིས་རྒྱུད་བཅུ་བདུན། བཏགས་གྲོལ་རྒྱུད་གསུམ། མན་ངག་བརྒྱ་བཅུ་དགུ །ཟབ་པ་པོད་བཞི། མཁའ་འགྲོ་སྙིང་ཏིག་གསང་བའི་དེམས་དང་བཅས་པ་རྣམས་ཀྱི་ངེས་དོན་གནད་དུ་བསྡུས་ནས་མཛད་པ་ཟབ་མོ་ཡང་ཏིག་གི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་དངོས་གྲུབ་ཆུ་བོའི་སྟེང་ནས་སྤྲོས་བཅས་བུམ་པའི་དབང་ལ་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ལྔའི་གནས་ལུགས་རྟོགས་པར་བྱེད་པ་བུམ་པའི་དབང་། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་སྤྲོད་པ་གསང་བའི་དབང་། གཉུག་མ་དོན་གྱི་ཡེ་ཤེས་མཆོག་དབང་བདེ་བ་ཆེན་པོར་ངོ་སྤྲོད་པ་ཤེར་དབང་། འོད་གསལ་སྣང་བཞི་ཟད་སར་འཁྱོལ་བ་ཀ་དག་བཙན་ས་ཟིན་པར་ངོ་སྤྲོད་པ་ཚིག་དབང་། དབང་བཞིའི་ངེས་དོན་རྡོ་རྗེའི་གླུས་བསྐུལ་བ་མཇུག་གཟེངས་བསྟོད་དང་བཅས་པ། དབང་ཆོག་གློང་གསལ་ཆུ་བོའི་སྟེང་ནས་སྤྲོས་མེད་ཀྱི་དབང་ལ། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཡི་གེ་འཁོར་ལོའི་དབང་། ཆོས་ཉིད་དོན་གྱི་དབང་། མཇུག་གཟེངས་བསྟོད་དང་བཅས་པ། དབང་ཆོག་བྱིན་རླབས་ཆུ་བོའི་སྟེང་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལ་སྤྱོད་པ་དང་བཤགས་པ་སྔོན་དུ་འགྲོ་བའི་གསོལ་གདབ། མཎྜལ། ཕྱོགས་ཀྱི་ཞིང་ཁམས་སུ་འཇུག་པ། དངོས་དབང་བརྡ་སྤྲོད་པ། མཇུག་གཟེངས་བསྟོད་དང་བཅས་པ། དབང་ཆོག་བྱིན་རླབས་ཆུ་བོའི་སྟེང་ནས་རབ་ཏུ་སྤྲོས་པ་མེད་པའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་ངོ་སྤྲོད་པ། འཇུག་གཟེངས་བསྟོད་དང་བཅས་པ་རྣམས་སྨིན་རྒྱས་སུ་ནོས་ནས། རྒྱབ་རྟེན་ལུང་ལ། ཟབ་


GLG004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡང་ཏིག་གི་དཀར་ཆག་ཉི་ཟླ་གཟའ་སྐར། དེ་ལ་བསྟན་པའི་ཆོས་སྐོར་ལ། སྔོན་འགྲོ་ངེས་པའི་ཆོས་དྲུག །སྨིན་བྱེད་དབང་གི་ཆོས་བདུན། གྲོལ་བྱེད་གདམས་འཁྲིད་ངེས་པའི་ཆོས་བཞི། ཀུན་གྱི་རྒྱབ་ཆོས་ངེས་པའི་ཆོས་བཅོ་བརྒྱད་དང་བཞི། དང་པོ་ནི། དཀར་ཆག་ལས། གདམས་འཁྲིད་ཉམས་ལེན་བདུན་གྱི་སྔོན་འགྲོའི་ཆོས། །ཐོག་མར་ལོ་རྒྱུས་འོད་ཀྱི་འཕྲེང་བ་ཡིས། །ཟབ་མོའི་ཆོས་ལ་ངོ་མཚར་ཡིད་ཆེས་སྟོན། །བརྒྱུད་པའི་ཕྱག་འཚལ་ཡིད་བཞིན་ནོར་བུ་ཡིས། །རང་རྒྱུད་རྣམ་དག་སྣོད་དུ་རུང་བར་བྱེད། །གསོལ་འདེབས་རིམ་པ་བདུད་རྩི་ཆར་རྒྱུན་གྱིས། །བརྒྱུད་པའི་བྱིན་རླབས་དངོས་སུ་འཕོ་བར་བསྟན། །མཎྜལ་རིམ་པ་གླིང་བཞི་རྒྱན་གྱུར་གྱིས། །ཚོགས་ཆེན་རྫོགས་ཤིང་སྒྲིབ་གཉིས་བྱང་བར་བསྟན། པཎ་ཆེན་གུ་རུ་བི་མཱའི་སྒྲུབ་ཐབས་ཀྱིས། །ཟབ་མོའི་ཆོས་དང་བྱིན་རླབས་གསང་སྒོ་འབྱེད། །སྙིང་པོ་ཡེ་ཤེས་བླ་མའི་སྒྲུབ་པ་ཡིས། །སྨིན་གྲོལ་ཟབ་མོའི་དེ་ཉིད་མངོན་དུ་བྱེད། །དེ་ལྟར་སྔོན་འགྲོ་ངེས་པའི་ཆོས་དྲུག་གིས། །ཉམས་ལེན་མཐར་ཕྱིན་དངོས་གྲུབ་སྒྲུབ་པའི་གྲོགས། །མེད་དུ་མི་རུང་ཤིན་ཏུ་གཅེས་པར་བསྟན། །ཞེས་པ་ལྟར་ཡིད་ཆེས་ཤིང་ངོ་མཚར་བར་སྟོན་པ་ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་འཕྲེང་བ། རང་རྒྱུད་དག་པར་བྱེད་པ་བླ་མ་བརྒྱུད་པའི་ཕྱག་འཚལ་ཡིད་བཞིན་ནོར་བུ། བརྒྱུད་པའི་བྱིན་རླབས་དངོས་སུ་འཕོ་བ་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱོང་བར་བྱེད་པ་མཎྜལ་འབུལ་ཆོག་གླིང་བཞི་རྒྱན་གྱུར། ཆོས་དང་བྱིན་རླབས་ཀྱི་གསང་སྒོ་འབྱེད་པ་པཎ་ཆེན་གུ་རུ་བི་མཱ་ལའི་སྒྲུབ་ཐབས། སྨིན་གྲོལ་ཟབ་མོའི་དེ་ཉིད་མངོན་དུ་བྱེད་པ་སྙིང་པོ་ཡེ་ཤེས་བླ་མའི་སྒྲུབ་ཐབས་རྣམས།


GLG004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྨིན་བྱེད་དབང་གི་ཆོས་བདུན་ནི། སྨིན་པར་བྱེད་པ་དབང་གི་རིམ་པ་ལ། །སྤྲོས་བཅས་དབང་ཆོག་དངོས་གྲུབ་ཆུ་བོ་ཡིས། །རྡོས་བཅས་ལུས་སྦྱོང་རྡོ་རྗེའི་སྐུར་སྨིན་བྱེད། །དེ་ཡི་གནད་ཡིག་མིང་གི་རིམ་འབྱེད་ཀྱིས་སོ་སོའི་རིགས་ཆེན་གང་ཡིན་མངོན་དུ་བྱེད། །སྤྲོས་མེད་དབང་ཆོག་གློང་གསལ་ཆུ་བོ་ཡིས། འཁྲུལ་པའི་ངག་སྦྱོང་རྡོ་རྗེའི་གསུང་སྨིན་བྱེད། །དེ་ཡི་གནད་ཡིག་བུམ་པའི་བརྡ་དོན་གྱིས། དོན་གྱི་སྙིང་པོ་གདོད་མའི་གཞི་མཚོན་བྱེད། །ཤིན་ཏུ་སྤྲོས་མེད་ཡེ་ཤེས་ཆུ་བོ་ཡིས། །འཁྲུལ་རྟོག་སེམས་སྦྱོང་རྡོ་རྗེའི་ཐུགས་སྨིན་བྱེད། །རབ་ཏུ་སྤྲོས་མེད་བྱིན་རླབས་ཆུ་བོ་ཡིས། སྒྲུབ་ཀུན་རྣམ་དག་འོད་གསལ་མངོན་དུ་བྱེད། །དེ་དག་ཡན་ལག་དམ་ཚིག་གསུམ་བཀོད་ཀྱིས། །གསང་སྔགས་འདུལ་བ་སྤང་བླང་འཚམས་ཤེས་བྱེད། །དེ་ལྟར་སྨིན་བྱེད་དབང་གི་ཆོས་བདུན་གྱིས། །ལམ་གྱི་གཞི་འདིར་མ་སྨིན་སྨིན་བྱེད་པས། །གསང་མཆོག་རྒྱལ་པོར་མེད་པའི་ཐབས་མེད་པས། །དེ་ཡི་གནད་དུ་འདི་ཀུན་ཚང་བར་བསྟན། །ཞེས་པ་ལྟར་རྡོས་བཅས་ཀྱི་ལུས་སྦྱོང་བར་བྱེད་པ་སྤྲོས་བཅས་བུམ་པའི་དབང་དངོས་གྲུབ་ཀྱི་ཆུ་བོ། སོ་སོའི་རིགས་གང་ཡིན་མངོན་དུ་བྱེད་པ་དཀྱིལ་འཁོར་སྤྲོས་བཅས་མིང་གི་རིགས་འབྱེད་མཆོག་ཏུ་གསང་བ་ཡེ་ཤེས་བསྐྱེད་པའི་རིམ་པ་བྱིངས་དང་མཐུན་པ་འཁྲུལ་པའི་ངག་སྦྱོང་བར་བྱེད་པ་སྤྲོས་མེད་གསང་བའི་དབང་ཆོག་གློང་གསལ་ཆུ་བོ། དོན་གྱི་སྙིང་པོ་གདོད་མའི་གཞི་མཚོན་པར་བྱེད་པ་བུམ་པའི་བརྡ་དོན། འཁྲུལ་པའི་སེམས་རྟོག་སྦྱོང་བར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་ཡེ་ཤེས་ཆུ་བོ། སྒྲིབ་ཀུན་རྣམ་པར་དག་ནས་འོད་གསལ་མངོན་དུ་བྱེད་པ་


GLG004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་བྱིན་རླབས་ཆུ་བོ། སྔགས་ཀྱི་འདུལ་བའི་སྤང་བླང་ཤེས་པར་བྱེད་པ་དམ་ཚིག་གསུམ་བཀོད་རྣམས། གསུམ་པ་གྲོལ་བྱེད་གདམས་འཁྲིད་ངེས་པའི་ཆོས་བཞི་ནི། །གྲོལ་བྱེད་གདམས་འཁྲིད་ངེས་པའི་ཆོས་ཚན་ལ། །ཐུན་མོང་སྔོན་འགྲོ་རིན་ཅེན་སྤྲ་འཁྲིད་ཀྱིས། །ཟབ་མོའི་དོན་རྣམས་རིམ་གྱིས་འཇུག་པར་བསྟན། །དངོས་གཞིའི་དོན་འཁྲིད་སངས་རྒྱས་མཉམ་སྦྱོར་གྱིས། །གསང་ཆེན་ངེས་པའི་ལམ་གྱི་སྙིང་པོ་བསྟན། །གཞི་གནས་མ་བཅོས་དེ་བཞིན་ངོ་སྤྲོད་ཀྱིས། ཁྲེགས་ཆོད་དོན་འཁྲིད་ཀ་དག་ཆོས་ཟད་བསྟན། །ཨར་གཏད་མུན་འཁྲིད་འོད་གསལ་འཁོར་ལོ་ཡིས། །མཚན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་བསྟན། །དེ་ལྟར་གྲོལ་བྱེད་འཁྲིད་ཀྱི་ཆོས་བཞི་ཡིས། །རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་གནད། །མེད་དུ་མི་རུང་ཤིན་ཏུ་གཅེས་པས་ན། །ཞེས་པ་ལྟར་ཟབ་མོའི་དོན་ལ་རིམ་གྱིས་འཇུག་པར་སྟོན་པ་ཐུན་མོང་སྔོན་འགྲོ་རིན་ཅེན་སྤྲ་འཁྲིད། གསང་ཆེན་ངེས་པའི་ལམ་གྱི་སྙིང་པོ་སྟོན་པ་གསང་བ་བླ་ན་མེད་པའི་འཁྲིད་ཀྱི་ཡི་གེ་ཆེན་མོ་དངོས་གཞིའི་དོན་འཁྲིད་སངས་རྒྱས་མཉམ་སྦྱོར། ཁྲེགས་ཆོད་དོན་འཁྲིད་ཀ་དག་གི་ཟད་ས་སྟོན་པ་གཞི་མ་བཅོས་པ་ཇི་བཞིན་ཉིད་དུ་ངོ་སྤྲོད་པའི་རིམ་པ། མཚན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་བསྟན་པ་རྒྱ་མཚོ་ཨར་གཏད་ཀྱི་མུན་འཁྲིད་འོད་གསལ་འཁོར་ལོ་རྣམས། བཞི་པ་ཀུན་གྱི་རྒྱབ་ཆོས་ངེས་པའི་ཆོས་བཅོ་བརྒྱད་ནི། ཀུན་གྱི་རྒྱབ་ཆོས་ངེས་པའི་རྣམ་གྲངས་ལ། ཁྱུང་ཆེན་གཤོག་རྫོགས་དོན་གྱི་དགོངས་པ་བསྟན། །བླ་མེད་སྤྱི་བབས་གདམས་པའི་སྤྱི་ཆིངས་བསྟན། ། ཟབ་མོ་བཅུད་བསྡུས་དགོངས་པའི་ཡིན་ཚུལ་བསྟན། །འོད་གསལ་སྙིང་པོ་གདངས་


GLG004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉམས་ལེན་བསྟན། །ངེས་དོན་སྙིང་པོ་དགོངས་པའི་ལ་བཟླ་བསྟན། །དོན་གྱི་སྙིང་པོ་དགོངས་པའི་འཕྱོང་ཆེན་བསྟན། །གཞི་ལམ་འབྲས་བུས་གདམས་པའི་ཡིན་ཚུལ་བསྟན། །རྣལ་འབྱོར་བཞི་རིགས་ཉམས་ལེན་སྙིང་པོ་བསྟན། །ཟབ་མོ་སྤྲ་འཁྲིད་གདམས་པའི་གནད་འགག་བསྟན། །སྙིང་པོའི་ཡང་བཅུད་འཕྱུག་མེད་གཟེར་བུ་བསྟན། །བརྟུལ་ཞུགས་སྤྱོད་པ་རྩལ་སྦྱོང་བོགས་འབྱིན་བསྟན། །དུས་ཀྱི་གསལ་བྱེད་འཆི་བ་བརྟག་བསླུ་བསྟན། །འདའ་ཁ་དོན་གྱི་འཆི་དུས་འཁྱེར་སོ་བསྟན། །གཏགས་གྲོལ་སྙིང་པོ་མ་བསྒོམས་སངས་རྒྱས་བསྟན། །ཟབ་དོན་སྙིང་པོ་གདམས་པའི་ཡང་ཞུན་བསྟན། །ཚིག་དོན་སྙིང་པོ་མན་ངག་གནད་རྣམས་བསྟན། །གདམས་འཁྲིད་མདོ་ཆིངས་ཇི་ལྟར་གདམས་ཚུལ་བསྟན། །དེ་ལྟར་རྒྱབ་ཆོས་རྣམ་གྲངས་བཅོ་བརྒྱད་ཀྱིས། །ཉམས་ལེན་གནད་རྣམས་འཕྱུག་མེད་གཏན་ལ་ཕབ། །ཅེས་པ་ལྟར་དོན་གྱི་དགོངས་པ་སྟོན་པར་བྱེད་པ་ཁྱུང་ཆེན་གཤོག་རྫོགས། དེའི་བསྡུས་དོན། གདམས་པའི་སྤྱི་ཆིངས་སྟོན་པར་བྱེད་པ་བླ་མེད་ཐེག་པ་རིམ་དགུར་སོན་པའི་སྤྱི་བབས། དགོངས་པའི་ཡིན་ཚུལ་སྟོན་པར་བྱེད་པ་ཟབ་མོ་བཅུད་བསྡུས། ཐེག་པའི་མདོ་ཆིངས་སྟོན་པར་བྱེད་པ་སྙིང་པོའི་དོན་བསྡུས། གདངས་གསུམ་ཉམས་ལེན་སྟོན་པར་བྱེད་པ་འོད་གསལ་སྙིང་པོ། དགོངས་པའི་ལ་བཟླ་སྟོན་པ་ངེས་དོན་གྱི་སྙིང་པོ། དགོངས་པའི་འཕྱོང་ཆེན་སྟོན་པ་མཐར་ཐུག་དོན་གྱི་སྙིང་པོ། གདམས་པའི་ཡིན་ཚུལ་སྟོན་པ་གཞི་ལམ་འབྲས་བུའི་གནད་གསལ། ཉམས་ལེན་སྙིང་པོ་སྟོན་པ་རྣལ་འབྱོར་བཞི་རིམ། གདམས་པའི་གནད་འགག་སྟོན་པ་ཟབ་མོ་སྤྲ་འཁྲིད། འཕྱུག་པ་མེད་པའི་གཟེར་སྟོན་པ་སྙིང་


GLG004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡང་བཅུད། རྩལ་སྦྱོང་བོགས་འབྱིན་སྟོན་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། འཆི་བ་བརྟག་བླུའི་རིམ་པ་དུས་ཀྱི་གསལ་བྱེད། འཆི་དུས་ཀྱི་ལམ་འཁྱེར་སྟོན་པ་འདའ་ཁ་དོན་གྱི་མན་ངག །མ་བསྒོམས་སངས་རྒྱས་སྟོན་པ་གསེར་ཡིག་ཅན་གྱི་ཡང་སྙིང་བཏགས་གྲོལ་སྙིང་པོ། གདམས་པའི་ཡང་ཞུན་སྟོན་པ་ཟབ་དོན་སྙིང་པོ། མན་ངག་གི་གནད་སྟོན་པ་ཚིག་དོན་སྙིང་པོ། ཇི་ལྟར་གདམས་པའི་ཚུལ་སྟོན་པ་གདམས་འཁྲིད་དོན་གྱི་མདོ་ཆིངས་རྣམས་ཀྱི་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། རྒྱལ་བ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །གུ་རུ་རྒྱལ་བ་ཞང་སྟོན། མཁས་པ་ཉི་མ་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། མཁས་པ་ཀློང་ཆེན་རབ་འབྱམས། སྟག་མགོ་བྱ་བྲལ་ཆོས་རྗེ། གུ་རུ་གཞན་ཕན་རྡོ་རྗེ། དྲིན་ཅན་ནམ་མཁའི་མཚན་ཅན། མཚུངས་མེད་འོད་གསལ་ཀློང་ཡངས། རྫོགས་ཆེན་པ་བསོད་ནམས་རིན་ཅེན། བྱ་ཁྱུང་པ་ངག་དབང་པདྨ། རྫོགས་ཆེན་པ་བསོད་ནམས་དབང་པོ། བི་མཱའི་རྣམ་སྤྲུལ་ཀུན་བཟང་རྣམ་རྒྱལ། ཟབ་དོན་མངའ་བདག་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་དབང་རྐྱང་གི་བརྒྱུད་པ་ལུགས་གཅིག་ནི། ཀུན་མཁྱེན་ཀློང་ཆེན་པ་ནས། དྲིན་ཅན་མཁས་གྲུབ་


GLG004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། དྲུང་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། རྗེ་ནམ་མཁའ་ཀུན་དགའ་བཀྲ་ཤིས། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། མཚུངས་མེད་བསྟན་འཛིན་གྲགས་པ། བླ་མ་ཀོང་ཆེན་པ། གདུང་བརྒྱུད་པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་རྡོར། བོན་ལུང་གར་གྱི་དབང་པོ། རིག་འཛིན་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ལུང་ཁེ་རྐྱང་གི་བརྒྱུད་ལུགས་གཅིག་ནི། སྣ་ཚོགས་རང་གྲོལ་ནས། ཐུགས་སྲས་ཀུན་དགའ་གྲགས་པ། རྗེ་མདོ་སྔགས་བསྟན་འཛིན། རིག་འཛིན་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཀུན་མཁྱེན་ཆེན་པོས་སྙན་བརྒྱུད་ཐིག་ལེ་གསང་སྐོར་རྣམས་དཀར་ཆག་ཉི་ཟླ་གཟའ་སྐར་གྱི་ཁོངས་སུ་བསྟན་པའི་ཐོག་མར་པད་འདབ་ཀྱི་དཀྱིལ་འཁོར་དང་གཏོར་མ་ལ་བརྟེན་ནས། ལག་ལེན་གསལ་བའི་སྒྲོན་མེ་འཇུག་པ་སྔོན་དུ་འགྲོ་བའི་གཏོར་མ་ལ་བརྟེན་ནས་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་རྒྱལ་བུ་རྐང་འཁྱམས་ངོ་སྤྲོད་ཀྱི་རིག་པའི་རྩལ་དབང་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། སྔོན་འགྲོ་ཆོས་ཀྱི་འཇུག་སྒོ། བྱིན་རླབས་རང་བྱུང་གནས་ལུགས་རིག་པའི་དབང་། གྲོལ་བར་བྱེད་པ་གདམས་པའི་དམར་འཁྲིད། གནད་འགག་ཆིངས་སུ་གདམས་པ་རྒྱབ་ཆོས། སྙན་བརྒྱུད་བསྟན་པ་བསྲུང་བ་ཆོས་སྐྱོང་དང་ལྔ། དང་པོ་ནི། སྙན་བརྒྱུད་སྙིང་པོ་དོན་གྱི་མན་ངག་ལ། །སྔོན་འགྲོ་དབང་འཁྲིད་རྒྱབ་ཆོས་རྣམ་བཞི་ལས། །ཐོག་མར་སྔོན་འགྲོ་ངེས་པའི་ཆོས་ཚན་ལ། །གནད་ཀྱི་མདོ་ཆིངས་གདམས་པའི་འདེབས་ཚུལ་བསྟན། །བྱིན་རླབས་སྤྲིན་ཕུང་བརྒྱུད་པའི་ཕྱག་འཚལ་བསྟན། །དངོས་གྲུབ་ཆར་


GLG004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་བརྒྱུད་པའི་གསོལ་འདེབས་བསྟན། །དེ་ཕྱིར་སྔོན་འགྲོ་ངེས་པའི་ཆོས་གསུམ་གྱིས། །གདམས་ཚུལ་བྱིན་རླབས་སྣོད་དུ་རུང་བ་བསྟན། །ཉམས་ལེན་གྲོགས་སུ་ཤིན་ཏུ་གཅེས་པས་ན། །ཞེས་པ་ལྟར་གདམས་པའི་འདེབས་ཚུལ་བསྟན་པ་གནད་ཀྱི་མདོ་ཆིངས། གསང་སྐོར་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་། བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཀུན་འབྱུང་། བརྒྱུད་པའི་གསོལ་འདེབས་མི་འགྱུར་ལྷུན་གྲུབ། ཐེམས་མེད། དགོངས་བརྒྱུད་གསོལ་འདེབས་གནས་ཉི་མ་རྣམས། གཉིས་པ་བྱིན་རླབས་རང་བྱུང་གནས་ལུགས་རིག་པའི་དབང་ནི། སྨིན་པར་བྱེད་པ་དབང་གི་རིམ་པ་ནི། རིན་ཅེན་གསལ་བའི་སྒྲོན་མེས་གཏན་ལ་ཕབ། །བྱིན་རླབས་རང་བྱུང་གནས་ལུགས་རིག་པའི་དབང་། །ཀུན་ལས་མཆོག་གྱུར་ངོ་མཚར་ཨེ་མ་ཧོ། །ཞེས་པ་ལྟར་མ་སྨིན་པ་སྨིན་པར་བྱེད་པ་སྙན་བརྒྱུད་ཀྱི་སྒོ་འབྱེད་དབང་གི་ལག་ལེན་གསལ་བའི་སྒྲོན་མེ། གསུམ་པ་གྲོལ་བར་བྱེད་པ་གདམས་པའི་དམར་འཁྲིད་ནི། གྲོལ་བྱེད་འཁྲིད་ཀྱི་རིམ་པ་བསྟན་པ་ནི། །མཆོག་ཏུ་གསང་བའི་ལམ་འཁྲིད་ཆེན་མོ་སྟེ། །དེ་ཕྱིར་གྲོལ་བའི་གདམས་འཁྲིད་རྨད་དུ་བྱུང་། །ཞེས་པ་ལྟར་གདམས་པའི་ལག་འཁྲིད་རྨད་དུ་བྱུང་བ་མཆོག་ཏུ་གསང་བའི་ལམ་འཁྲིད་ཆེན་མོ། །བཞི་པ་གནད་འགག་ཆིངས་སུ་གདམས་པ་རྒྱབ་ཆོས་ནི། དེ་དག་ཀུན་གྱི་རྒྱབ་ཆོས་རིམ་པ་ལ། །ཡེ་གྲོལ་སོར་བཞག་མཐར་ཕྱིན་དགོངས་པ་བསྟན། །ཆོས་ཟབ་བློ་འདས་མཁའ་ལྟར་དག་པ་ཡིན། །ཐུགས་ཀྱི་མེ་ལོང་ད་ལྟའི་ཉམས་ལེན་བསྟན། །དགོངས་པ་རང་གནས་ཐེ་ཚོམ་བྲལ་བ་ཡིན། །དོན་གྱི་མེ་ལོང་བར་དོའི་རང་གནད་བསྟན། །རང་སྣང་རང་གྲོལ་མངོན་པར་སངས་རྒྱས་ཡིན། །ལག་འཁྲིད་སྙིང་པོ་ཡང་


GLG004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཉམས་ལེན་བསྟན། །ཆོས་ཉིད་འོད་གསལ་ཚེ་འདིར་མཐོང་བ་ཡིན། །གནད་ཀྱི་མེ་ལོང་རྒྱབ་ཆོས་ཆེན་མོ་བསྟན། །ཟབ་ཅིང་རྒྱ་ཆེ་དགོངས་དོན་གསལ་བ་ཡིན། །དེ་ལྟར་རྒྱབ་ཆོས་དོན་གྱི་གནད་ལྔ་ཡིས། །སྙན་བརྒྱུད་གནད་རྣམས་འགྱུར་མེད་གཏན་ལ་ཕབ། །ཅེས་པ་ལྟར་ཆོས་ཟབ་བློ་འདས་མཁའ་ལྟར་དག་ཞིང་མཐར་ཕྱིན་གྱི་དགོངས་པ་བསྟན་པ་ཡེ་གྲོལ་སོར་བཞག །དགོངས་པ་རང་གནས་ཐེ་ཚོམ་བྲལ་བ་ད་ལྟའི་ཉམས་ལེན་བསྟན་པ་སྙན་བརྒྱུད་ཐུགས་ཀྱི་མེ་ལོང་། རང་སྣང་རང་གྲོལ་མངོན་འཚང་རྒྱ་བ་བར་དོའི་རང་གནད་བསྟན་པ་སྙན་བརྒྱུད་དོན་གྱི་མེ་ལོང་། ཆོས་ཉིད་འོད་གསལ་ཚེ་འདིར་མཐོང་བ་དབང་པོ་རབ་ཀྱི་ཉམས་ལེན་ལག་འཁྲིད་འདིའི་རྗེས་སུ་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་དཔེ་རྒྱུན་འདུས་ཀྱང་ལུང་བར་སྐབས་ཤིག་ནས་ཆད་དོ། །སྙིང་པོ་རྣམས། ལྔ་པ་སྙན་བརྒྱུད་བསྟན་པ་བསྲུང་བ་ཆོས་སྐྱོང་ནི། དེ་དག་ཀུན་གྱི་ཟབ་ཆོས་སྲུང་མ་ལ། །དྲག་པོ་གསུམ་དྲིལ་སྒྲུབ་པའི་ཟབ་རྒྱ་བསྟན། །དེ་ཡི་ཆ་ལག་དངོས་གྲུབ་ཆར་འབེབས་བཀོད། །བར་ཆད་སེལ་ཞིང་འདོད་དགུ་ཀུན་བསྒྲུབ་པས། །ཞེས་པ་ལྟར་མཐུ་རྩལ་མཆོག་ཏུ་གྱུར་པ་མ་གཟའ་རྡོར་གསུམ་གྱི་སྒྲུབ་ཐབས་དྲག་པོ་གསུམ་དྲིལ། དྲག་པོ་གསུམ་དྲིལ་གྱི་བཀང་གསོ་དངོས་གྲུབ་ཆར་འབེབས་དང་བཅས་པ་རྣམས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་རིན་ཅེན་འབར། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །གུ་རུ་ཤངས་པ་རས་པ། བླ་མ་ཟབ་དོན་ཆོས་འབར། དམ་པ་གྱེར་སྟོན་ཡབ་སྲས། གཉན་སྟོན་ཤེས་རབ་རྩེ་མོ།
ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། རྒྱ་སྨན་མིག་བཞི་པ་ནམ་མཁའ་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། མཁས་གྲུབ་བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། བྱང་སེམས་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ། ཤངས་པ་རས་ཆེན་ནམ་མཁའ་གཞོན་ནུ། རྗེ་མཁའ་ཀློང་ཡངས་པ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། རྒྱལ་སྲས་ཤེས་རབ་རྒྱལ་མཚན། གངས་རི་བླ་མ་རྫོགས་ཆེན་པ་ཚུལ་ཁྲིམས་སངས་རྒྱས། གུ་གེ་ཆུ་རོང་བ་འོད་གསལ་མཆོག་དབྱངས། གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཀློང་ཆེན་པ་ནས། མདོ་ཁམས་པ་ཆོས་ཀྱི་གྲགས་པ། བསོད་ནམས་དཔལ་ལྡན། མཁའ་གློང་ཡངས་པ་མན་འདྲ། དེ་ལྟར་སྙན་བརྒྱུད་གསང་སྐོར་རྣམས་ལུགས་འདིའི་བརྒྱུད་འཛིན་ཚོར་ཆད་ནས་ཡུན་རིང་མོ་སོང་བ་རྗེ་འཕྲིན་ལས་ལྷུན་གྲུབ་གྱིས་འབད་པ་ཆེན་པོས་རྒྱུན་རྙེད་པ་ནི་བསྟན་པའི་སྲོག་འཐུད་པ་ལྟ་བུའོ། །


previousགཏེར་སྟོན་དྲི་མེད་འོད་ཟེར་རམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།next