Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
collapse section
གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གར་དབང་འགྱུར་མེད་རྩལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
  
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གར་དབང་འགྱུར་མེད་རྩལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གར་དབང་འགྱུར་མེད་རྩལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཐང་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་ལུང་བསྟན་དུས་བབས་ཀྱི་རིག་འཛིན་ཆེན་པོ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ནི། རང་གཏེར་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མ་ལས། ཁྱད་པར་གཡོ་རུ་གྲ་ཞེས་བྱ་བའི་ཕུར༔ ད་ལྟའི་ལོ་ཙཱ་བཻ་རོ་ཙ་ན་ཁྱོད༔ སྐུ་ཡི་སྤྲུལ་པ་ལས་ལྡན་སྙིང་གི་བུ༔ བོངས་སྙོམས་གནས་ལྔར་རིགས་ལྔའི་རྟགས་རྒྱས་སྤྲས༔ གསང་བའི་མིང་ནི་འགྲོ་འདུལ་གཏེར་བདག་གླིང་༔ གསང་སྔགས་སྣོད་ལྡན་ང་ཡི་ཆོས་ལ་མོས༔ བཅོ་བརྒྱད་ལོ་ལ་སྦས་པའི་གཏེར་སྒོ་འབྱེད༔ ཅེས་ལོ་ཆེན་བཻ་རོ་ཙ་ནའི་སྐུའི་སྤྲུལ་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་སྟག་ལོ་ལྷོ་བྲག་ཆག་གི་འབྲོག་རིན་ཅེན་བརྩེགས་པའི་འདབ་ཞོལ་ནས་གདན་དྲངས་པའི་ཁ་བྱང་ལྡེ་མིག་ལས། སྤུར་རྒྱལ་བོད་ཡུལ་བྲག་དམར་གཡའ་མ་ལུང་༔ རང་བྱུང་གསང་ཕུག་གཡས་ཕྱོགས་སྟག་ཉལ་འདྲའི༔ ཕ་བོང་ལོགས་ལ་གཏེར་མཚན་གཡུང་དྲུང་གི༔ རྒྱས་བཏབ་ལྷོ་ཕྱོགས་མཐོ་གང་བཅལ་བའི་ནང་༔ རྩ་གསུམ་ཡོངས་གྲུབ་རིག་འཛིན་ཐུགས་ཏིག་ཡོད༔ ཡོས་བུའི་ལོ་ལ་སྲུང་མའི་བསྐུལ་བྱང་ཡོད༔ དེ་ཚེ་གཏེར་བདག་གསེར་སྐྱེམས་གཏོར་མས་མཆོད༔ བདེན་པ་བདར་ཞིང་ཐེ་ཚོམ་མེད་པར་ལོང་༔ ཞེས་པ་ལྟར་སྤ་གོར་བཻ་རོ་ཙ་ནས་དམོད་པ་དྲག་སྔགས་བསྒྲུབས་པའི་


GLG004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྲག་དམར་གཡའ་མ་ལུང་གི་གསང་ཕུག་གཡས་ཕྱོགས་སྟག་མོ་ཉལ་འདྲའི་བྲག་ལོགས་ནས་ཆོས་རྒྱལ་གཏེར་བདག་གླིང་པས་གདན་དྲངས་པའི་རྩ་གསུམ་ཡོངས་སྒྲུབ་ཟབ་ཆོས་རིག་འཛིན་ཐུགས་ཏིག་གི་སྐོར་ལ། ལས་བྱང་དང་དབང་ཆོག་བདུད་རྩིའི་བུམ་བཟང་གི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ལྔ་རྫོགས་བུམ་དབང་། བཟླས་ལུང་། བདུད་རྩིས་གསང་དབང་། སིནྡྷུ་ར། རིག་མ། དྲིལ་བུ་རྣམས་ཀྱིས་ཤེར་དབང་། མན་ཤེལ་དང་བླ་མའི་སྐུ་འབག་གིས་ཚིག་དབང་། རྨ་བྱའི་མདོངས་དང་ཤེལ་གྱི་བརྡ་དབང་། ཡོན་ཏན་གཏོར་མའི་དབང་། རིགས་ལྔའི་ཕྱག་རྒྱ། ཕུར་བུ། བཟའ་བཅའ་སོགས་ཀྱིས་རབ་འབྱམས་དབང་བསྐུར། མཐའ་རྟེན་དམ་ཚིག་བསྒྲག་པ་དང་བཅས་པ་རིག་འཛིན་ཐུགས་ཏིག་རྩ་བའི་དབང་། གཏོར་མ། བདུད་རྩི། ཚེ་རིལ། མདའ་དར་གྱིས་འཆི་མེད་ཚེའི་དབང་། གཏོར་མར་བརྟེན་ནས་བཀའ་སྲུངས་མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུས་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། བཀའ་གཏད་བསྒྲལ་དབང་དང་བཅས་པ། རྫོགས་རིམ་ངེས་དོན་སྙིང་པོའི་ལམ་ཐུན་མོང་བའི་རྒྱུད་སྦྱང་། ཐུན་མོང་དང་ཐུན་མོང་མིན་པའི་སྔོན་འགྲོ། ཀ་དག་ལྷུན་གྲུབ་དང་བཅས་པ་ཉམས་འཁྲིད་དུ་ནོས་ནས། ལུང་ལ། ཡིད་ཆེས་སྐྱེད་པ་ཁ་བྱང་ལུང་བསྟན་སྐོར། ཐུགས་ཏིག་ཕྱི་ནང་གསང་གསུམ་སྨིན་གྲོལ་སྐོར། སྒྲུབ་པ་བྱེ་བྲག་གི་སྐོར། ཐུན་མོང་ཁ་སྐོང་སྐོར། ཕན་གནོད་ལས་ཕྲན་གྱི་སྐོར། ངོ་མཚར་དམ་རྫས་དཀར་ཆག་སྐོར། བསྟན་སྲུང་གི་སྐོར་དང་བདུན། དང་པོ་ལ། གཏེར་སྟོན་གྱིས་མཛད་པའི་གཏེར་འབྱུང་༼༽ལོ་རྒྱུས་ངོ་མཚར་རྣ་བའི་བཅུད་ལེན། ལྷོ་བྲག་ཆག་གི་


GLG004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོག་རི་རིན་ཅེན་བརྩེགས་པའི་འདབ་ཞོལ་ནས་སྤྱན་དྲངས་པའི་གཡའ་མ་ལུང་གི་གཏེར་གྱི་ཁ་བྱང་། སློབ་དཔོན་ཆེན་པོ་ལ་བསམ་ཡས་བར་ཁང་དུ་དག་པའི་འཁོར་ལྔས་ཞུས་པའི་ལོ་རྒྱུས་མ་འོངས་ལུང་བསྟན་རབ་གསལ་མེ་ལོང་ཞེས་པ་ངན་པ་བཟློག་ཐབས། གཏེར་སྟོན་ཆོས་བདག་དང་བདུད་སྤྲུལ་འབྱུང་ཚུལ་སོགས་སྟོན་པ་གུ་རུའི་གསུང་བཞིན་ལོ་ཙཱ་བས་ཡི་གེར་བཀོད་ནས་གཏེར་དུ་སྦས་པ། དབུ་རྩེའི་བར་ཁང་དུ་རྗེ་འབངས་རྣམས་ཀྱིས་ཞུས་པའི་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མ་༼༽ཞེས་པ་ཆོས་བདག་ངོས་འཛིན་རྒྱས་པ། རིག་མ། སློབ་མ། གཏེར་སྟོན་གྱིས་སྐུ་ཚེའི་ཚད་འཕྲང་། ཞལ་ཆེམས་དང་བཅས་བསྟན་པ། བོད་ཁམས་བདེ་ཐབས་ཀྱི་ལུང་བསྟན་པ་༼༽མ་བཅོས་གསང་བའི་གདམས་པ། གབ་བརྒྱའི་ལུང་༼༽བྱང་གཉིས་རྣམས། གཉིས་པ་ཐུགས་ཏིག་ཕྱི་ནང་གསང་གསུམ་སྨིན་གྲོལ་སྐོར་ལ། ཨོ་རྒྱན་ཐུགས་ཀྱི་ཁྲག་རླུང་འཕྲིན་ལས་ཆོ་གའི་རིམ་པ་དོན་གཉིས་ལྷུན་གྲུབ་སློབ་དཔོན་གསུང་བཞིན་ལོ་ཙཱ་བས་ཡི་གེར་བཀོད་ནས་སྦས་པ། ཕྱི་སྒྲུབ་གུ་རུ་ཟ་ཧོར་མ་འཚོ་རྒྱལ་ཡུམ་དང་སྦྱོར་བ། ནང་སྒྲུབ་བླ་མ་རྡོ་རྗེ་འཆང་དབྱིངས་ཕྱུག་མ་དང་སྦྱོར་བ། གསང་སྒྲུབ་ཁྲག་འཐུང་བླ་མ་དྲག་པོ་རྩལ་ཡུམ་ཀྲོ་ཏི་དམར་མོ་དང་སྦྱོར་བ་རྣམས་གུ་རུའི་གསུང་བཞིན་ལོ་ཙཱ་བས་ཡི་གེར་བྲིས་ནས་སྦས་པ། དབང་གི་ཆོ་ག་སྨིན་གྲོལ་བདུད་རྩིའི་བུམ་བཟང་གཏེར་སྟོན་གྱིས་མཛད་པའི་འཁྲིད་ཀྱི་སྔོན་འགྲོ་ཕན་བདེའི་ཆར་ཟིལ། ཀ་དག་ལྷུན་གྲུབ་ཀྱི་འཁྲིད་ཡིག་རྫོགས་རིམ་ངེས་དོན་སྙིང་པོ་པདྨའི་ཐུགས་ཁྲག་རྣམས། གསུམ་པ་སྒྲུབ་པ་བྱེ་བྲག་སྐོར་ལ། ཐུགས་རྗེ་ཆེན་པོ་འཁོར་བ་ཡོངས་སྒྲོལ་གྱི་སྒྲུབ་ཐབས་ངན་


GLG004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རང་གྲོལ་སྐུ་གསུམ་སྙིང་ཏིག་ལོ་ཆེན་གྱི་གསང་བའི་ཉམས་ལེན་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ལ་ནང་གསེས་ཀྱི་ལོ་རྒྱུས། སྒྲུབ་ཐབས། མཐའ་རྟེན་དབང་བླང་བའི་རྗེས་གནང་ཟབ་མོ། ཚེའི་འཁོར་ལོ་བཅའ་ཐབས། ཚེ་དང་དཔལ་འབྱོར་སྤེལ་བའི་བཅུད་ལེན་གྱི་གདམས་པ། ཚེ་བསྲིངས་བའི་ཟ་ཡིག་དང་བཅས་པ་སློབ་དཔོན་གསུང་བཞིན་ལོ་ཙཱ་བས་ཡི་གེར་བཀོད་ནས་སྦས་པ། ཨོ་རྒྱན་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་བསྒྲུབ་པ་ཡང་གསང་སྙིང་ཁྲག་དངས་མ་བདུད་རྩིའི་སྙིང་པོ་གུ་རུའི་གསུང་བཞིན་ལོ་ཙཱ་བས་བྲིས་ནས་སྦས་པ། གུ་རུ་དྲག་སྒྲུབ་དྲེགས་པ་ཚར་གཅོད་ལ་ནང་གསེས་ཀྱི་བསྐྱེད་རིམ། རྟེན་ལུས་ལ་བཅང་བ། ལས་སྦྱོར་གྱི་སྔགས་བསྟན་པ། མཆོད་བསྟོད། བཟླས་པ། བསྲུང་འཁོར་བྲི་ཐབས། རྟེན་འབྲེལ་རྫས་ཀྱི་སྦྱོར་བ་དང་བཅས་པ་སློབ་དཔོན་གསུང་བཞིན་ལོ་ཙཱ་བས་གཏེར་དུ་སྦས་པ། ཡང་གསང་ཐུགས་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་ཧཱུཾ་སྒྲུབ་ཟབ་མོ་གུ་རུའི་གསུང་བཞིན་བཻ་རོ་ཙ་ནས་ཡི་གེར་བཀོད་ནས་སྦས་པ། ཐུགས་ཏིག་དྲག་པོའི་མན་ངག་རྡོ་རྗེ་ཕུར་པའི་གཏོར་ཆོག་དུག་ཟེར་རེག་ཕུང་ལོ་ཙཱ་བ་ལ་བརྩེ་བས་བཤད་པ་རྣམས། བཞི་པ་ཐུན་མོང་ཁ་སྐོང་སྐོར་ལ། བྱིན་འབེབས་ཀྱི་རིམ་པ་དངོས་གྲུབ་ཆར་འབེབས་སློབ་དཔོན་གསུང་བཞིན་ལོ་ཙཱ་བས་བྲིས་པས་སྦས་པ། ཉམས་ཆགས་སྡིག་སྒྲིབ་སྦྱོང་བ་རྩ་གསུམ་བསྐང་བཤགས་བཻ་རོ་ཙཱ་ནས་ཨོ་རྒྱན་བཀའ་བཞིན་གཏེར་དུ་སྦས་པ། ཡང་ཟབ་འཕོ་བའི་གདམས་པ་སྐྱེ་མེད་མྱུར་གྲུབ་གུ་རུའི་གསུང་བཞིན་ལོ་ཙཱ་བས་ཡི་གེར་བཀོད་ནས་སྦས་པ། ཟག་མེད་མྱོང་གྲོལ་སྐྱེ་བདུན་སྦྱོར་ཐབས་ངོ་མཚར་རྨད་


GLG004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རྫས་ཆོག །འཕྲིན་ལས་རྣམ་བཞི་སྒྲུབ་པའི་མྱུར་ལམ་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་ཀུན་གྲུབ་སློབ་དཔོན་གསུང་བཞིན་བཻ་རོས་བྲིས་ནས་སྦས་པ་རྣམས། ལྔ་པ་ཕན་གནོད་ལས་ཕྲན་སྐོར་ལས་ཚོགས་འདོད་དགུའི་བང་མཛོད་ལ་ནང་གསེས་ཀྱི་བཛྲ་གུ་རུས་ཞི་བ། རཏྣ་གུ་རུས་རྒྱས་པ། པདྨ་གུ་རུས་དབང་། ཀརྨ་གུ་རུས་དྲག་པོའི་ལས། འགོ་ནད་ཡམས་རིམ། དུག་སྦྱོར། གཟའ་ནད་རྒྱལ་གདོན། གག་ལྷོག །ཐོག་རྣམས་བསྲུང་ཐབས། ཕྱག་རྒྱ་འགུགས་པ། ཞོ་ཆང་བསྲུང་བ། ཆར་འབེབས། སེར་བ་འབེབས་དང་བསྲུང་བ། དགྲ་ཇག་ཆོམ་རྐུན་འཆིང་བ། ཤོ་དང་རྒྱན་རྒྱལ་བ་རྣམས། དྲུག་པ་ངོ་མཚར་དམ་རྫས་དཀར་ཆག་སྐོར་ལ། གུ་རུའི་སྐུ་ཚབ་མཐོང་གྲོལ་གཉིས་ཀྱི་དཀར་ཆག་༼༽ངོ་མཚར་མེ་ལོང་། པད་དཀར། དྲི་མེད་སྙིང་པོ། དུང་རྣ་པྲ་ཏི་ཀོ་ས་ལི་སོགས་བྲམ་ཟེའི་ཤ་རིལ་ཨ་རྒྱ་ཅན། མ་ར་ཏི་ཀར་བསྒྲུབས་པའི་རིལ་བུ་རཱ་གའི་མདངས་ལྡན་ཧྲཱིཿརྒྱ་ཅན། དགྱེས་པ་རྡོ་རྗེའི་ཐུགས་མདངས་དཀར་གསལ་ཨ་རྒྱའི་རིལ་བུ་རྣམས་ཀྱི་དཀར་ཆག་ཕན་ཡོན་རྣམས། བདུན་པ་བསྟན་སྲུང་སྐོར་ལ། བཀའ་སྲུང་དྲེགས་པ་ཀུན་འདུལ་གྱི་ལོ་རྒྱུས། སྒྲུབ་ཐབས། ལས་སྦྱོར། མནན་པ། གཟེར་གྱིས་འབེབས་པ། མཛེས་འཆི་བ། མིག་ལོང་བ། སྡིག་པའི་གསོན་གཏད། བཀའ་སྲུང་གི་བྱིན་རླབས་སྲོག་གཏད་གཏོར་དབང་འཕྲིན་ལས་འབྱུང་གནས། ལས་བྱང་བདུད་དཔུང་ཀུན་འཇོམས་ལོ་ཙཱ་བས་ཡི་གེར་བཏབ་སྟེ་སྦས་པ་གཏེར་སྲུང་བདུད་མགོན་གྱི་སྒྲུབ་ཐབས་ལོག་འདྲེན་ཚར་གཅོད་དང་བཅས་པ་རྣམས་ཀྱི་དབང་འཁྲིད་ལུང་previous hit གསུམ་རྫོགས་པར་ཐོབ་པའི་སྤྱི་དང་བྱེ་བྲག་གི་བརྒྱུད next hit་པ་གཉིས་ལས། སྤྱིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་


GLG004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གཏེར་སྟོན་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ཟ་ཧོ་བནྡེ་ལ་སྩལ་བའི་བཀའ་དྲིན་ནི་བྱང་ཆུབ་ཀྱི་བར་དུའང་གཞལ་བ་དཀའ་བ་ཡིན་ནོ། །གཡུང་དྲུང་གི་རྟགས་མེད་པའི་ལུང་རྣམས་དང་དབང་གི་བརྒྱུད་པ་ལུགས་གཅིག་ནི། གཏེར་སྟོན་ནས་ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །བྱེ་བྲག་རྫོགས་ཆེན་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་ཆེན་པོ་མན་གོང་ལྟར། ཚེ་དཔག་མེད་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་ཐོད་འཕྲེང་མན་སྔར་བཞིན་ནོ། །ཕུར་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། ཕྱག་ན་རྡོ་རྗེ། པྲ་བྷ་ཧསྟི། ཨོ་རྒྱན་ཆེན་པོ་མན་སྔར་བཞིན་ནོ། །རང་གཏེར་ལས། ཁྱད་པར་ལོ་ཙཱ་བཻ་རོ་ཙ་ན་ལ༔ སྙིང་པོ་བཅུད་མཆོག་གཤིན་རྗེའི་གདམས་པ་བསྟན༔ སྤེལ་བར་མི་བྱ་སྙིང་ལ་གབ་བྱས་ནས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔ འདི་ནི་ཐུགས་ཀྱི་བརྣག་པ་མིན་རི་སྐན༔ ཞེས་དཔལ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བརྣག་པ་མཐར་ཐུག་པ་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་སྐོར་ནི༔ དེ་ཕྱིར་ཚིག་ཉུང་དོན་འདྲིལ་གདམས་པ་འདི༔ འདི་ནས་ཤར་ལྷོ་དཔལ་ཆེན་སྒྲུབ་པའི་གནས༔ གསང་བའི་ཤེལ་ཕུག་བྱང་འདབས་རྒྱལ་མཚན་འདྲའི༔ བྲག་ལ་མི་འགྱུར་རྟགས་ཐོབ་སྦོས་ཤིག་གསུངས༔ ཞེས་པ་ལྟར་སློབ་དཔོན་ཆེན་པོའི་བདུད་རྩི་ཡོན་ཏན་གྱི་


GLG004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཨོ་རྒྱན་མཁའ་འགྲོའི་གླིང་དང་མཚུངས་ཤིང་བོད་འབངས་དགའ་དང་སྤྲོ་བར་འགྱུར་བའི་ཡར་ཀླུངས་ཤེལ་གྱི་བྲག་དཔལ་ཆེན་ཕུག་གི་བྱང་རྒྱལ་མཚན་འདྲ་བའི་བྲག་མེ་ལོང་ལྟ་བུའི་ངོས་ནས་མེ་མོ་ལུག་གི་ལོ་ལ། ཇི་སྐད་དུ། མ་འོངས་གཡོ་རུ་གྲ་ཞེས་བྱ་བའི་ཕུ་ལུང་པ་བྱང་བལྟ་དོར་མ་བརྐྱངས་འདྲའི་སར༔ ཕ་མ་ཚེ་དང་འཛིན་གྱིས་བསྐྱེད་པའི་བུ༔ སྔགས་སྐྱེས་རྣལ་འབྱོར་བྱའམ་ཁྱི་ཡི་ལོ༔ ལུས་སྒེག་རིན་ཅེན་རིགས་ཀྱི་སྟག་འཆང་བ༔ གསང་བའི་མཚན་རྟགས་ཕྱག་རྒྱ་རྣམ་ལྔས་སྤྲས༔ པདྨའི་མིང་ཅན་ཨོ་རྒྱན་བདག་ལ་མོས༔ ཞེས་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་སྤྱན་དྲངས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པའི་རྡོ་རྗེའི་ལུས་འགྲུབ་པ། ལྷ་དབང་གིས་དཀྱིལ་འཁོར་ཡོངས་རྫོགས་སྐུའི་དབང་། གསུང་བཟླས་ལུང་། ཐུགས་ཕྱག་མཚན། བདུད་རྩིས་གསུང་རྡོ་རྗེ། སིནྡྷུ་རས་ཐུགས་རྡོ་རྗེ། མན་ཤེལ་གྱིས་ཡེ་ཤེས་འགྲུབ་པ། གཏོར་མས་རྡོ་རྗེ་གསུམ་དབང་། དྲག་པོའི་སྒྲོལ་དབང་རྣམས། གཏོར་མ། བཟླས་ལུང་། ཕྱག་མཚན། བཀའ་གཏད། དམ་བསྲེ་ལ་བརྟེན་པའི་ལས་གཤིན་གྱི་དབང་དང་བཅས་པ་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་ལུང་བསྟན་སྐོར། སྒྲུབ་འཕྲིན་སྨིན་བྱེད་སྐོར། ཕན་གནོད་ལས་ཚོགས་སྐོར། བཀའ་སྲུང་གཏེར་བདག་གི་སྐོར་དང་བཞི། དང་པོ་ལ། ཤེལ་རི་དཔལ་ཆེན་སྒྲུབ་ཕུག་གི་བྱང་རྒྱལ་མཚན་འདྲ་བའི་གཏེར་གནས་ཀྱི་ཁ་བྱང་གསང་བའི་ལྡེ་མིག །སློབ་དཔོན་ཆེན་པོས་ཤིནྟཾ་གརྦྷ་ལ་གདམས་པ་འདི་ཉིད་ཞུས་ཤིང་བོད་དུ་ལྷ་བཙད་པོས་སྤྱན་དྲངས་ཏེ་དག་པའི་འཁོར་གཉིས་ལ་གནང་བ་ཆེ་


GLG004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དང་ཉམས་སུ་ལེན་ཚུལ་སོགས་བསྟན་པ་གཞུང་དོན་གསལ་བྱེད་ལོ་རྒྱུས། གཏེར་གནས་དུས་རྟགས་གཏེར་སྟོན་ཆོས་བདག་སོགས་ཀྱི་ལུང་བསྟན་དམ་ཅན་སྐྱེས་བུ་ཐིག་ལེ་རྩལ་ལ་གཉེར་དུ་གཏད་པ་རྣམས། གཉིས་པ་སྒྲུབ་འཕྲིན་སྨིན་བྱེད་སྐོར་ལ། ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པ་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་བར་བསྙེན་པའི་མན་ངག །ཁྲོ་བོ་རྩ་བའི་སྒྲུབ་པ་བསྐྱེད་རྫོགས་ལམ་གྱི་རིམ་པ་གསང་སྔགས་ཀུན་གྱི་གདམས་པའི་སྙིང་པོ། འཇམ་དཔལ་སྒྲུབ་པའི་ལས་གཞུང་བདུད་ལས་རྣམ་པར་རྒྱལ་བ་འཇིག་རྟེན་གསུམ་ན་དཀོན་པ། ཡང་ཟབ་ཐུགས་ཀྱི་བརྣག་པའི་སྨིན་བྱེད་དབང་གི་ཆོ་ག་རྣམས། གསུམ་པ་ཕན་གནོད་ལས་ཚོགས་སྐོར་ལ། ཡང་གསང་ཟབ་འདྲིལ་གདམས་པའི་ཏིང་འཛིན་བསྲུང་བའི་མན་ངག །བྱད་དང་རྦོད་གཏོང་བསྟན་དགྲ་སྒྲོལ་བའི་བཟློག་པ་སྲེད་མེད་བུའི་སྟོབས་འཇོམས་པ། དགྲ་བགེགས་བྱད་མ་གསོད་པ་རྣོ་གསུམ་མཚོན་ལ་ངར་བཏགས་པ་འདྲ་བ། བསྙེན་སྒྲུབ་རྟགས་མཐོང་གི་རྣལ་འབྱོར་པས་མཐའ་སྡུད་དགྲ་བོ་མནན་པའི་ལས་མཐའ། ཕུང་བྱེད་དམ་སྲི་སྤུན་དགུ་གནོན་པའི་ལས་འདིས་འཇོམས་པར་འགྱུར་བར་ཐེ་ཚོམ་མེད་པ། སྲེག་བྱེད་མེའི་ལས་མཐའ་དགྲ་བོ་མྱུར་དུ་བརླག་པར་ཐེ་ཚོམ་མེད་པ། བསྙེན་སྒྲུབ་ཐེངས་པའི་རྣལ་འབྱོར་གྱིས་འཕང་བ་ཟོར་གྱི་ལས་མཐའ། ཡང་ཟབ་བཟློག་པའི་བསྐུལ་རང་བཞིན་རྣམ་དག་མ་དང་བཟློག་གཞུང་ཆོས་དབྱིངས་དྲག་པོ་མ། གཟུ་དབང་། བསྐྱེད་དགུག །དབྱེ་ཐུན། ཕུར་མཚོན། གཏུན་བསྟབ་རྣམས་ཀྱི་སྒོ་ནས་གདབ་ལས་བདུད་སྡེ་བྱེ་བ་འབུམ་ཡང་སྐད་ཅིག་
ལ་རླག་པར་བྱེད་པ། གོང་གི་ལས་སྦྱོར་རྣམས་ཀྱི་ཙཀྟའི་མན་ངག་འདི་ཁོ་ན་ཞེས་པའི་འཁོར་ལོ་ལིང་གའི་གཞུང་རྣམས། བཞི་པ་བཀའ་སྲུང་གཏེར་བདག་གི་སྐོར་ལ། ལས་བྱེད་བཀའ་སྲུང་གཤིན་རྗེ་གཤེད་པོའི་འཕྲིན་ལས་ཀྱི་ཆོ་ག་སངས་རྒྱས་བསྟན་པ་བསྲུང་བའི་ལྕགས་རི། བརྒྱུད་འཛིན་བུ་གཅིག་ལས་གཞན་ལ་མི་སྤེལ་བར་སྙིང་ལ་གབ་ཅེས་ལས་གཤིན་གྱི་རྗེས་གནང་། གཏེར་སྲུང་དམ་ཅན་སྐྱེས་བུ་ཐིག་ལེ་རྩལ་གྱི་གསོལ་ཁ་པདྨ་ཐོད་འཕྲེང་མ་དང་བཅས་པ་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །གུ་རུ་ཁྲག་འཐུང་ནག་པོ། ཕུང་བྱེད་ཤིནྟཾ་གརྦྷ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། སློབ་དཔོན་བཻ་རོ་ཙཱ་ན། སྤྲུལ་པའི་གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །

དེ་དག་གི་རྩ་བར་གྱུར་པ་ཐུབ་པ་ཆེན་པོའི་བཀའ་འགྱུར་རོ་ཅོག་གི་སྐོར།


GLG004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ས་བཅད་གསུམ་པ་དེ་དག་གྱི་རྩ་བར་གྱུར་པ་ཐུབ་པ་ཆེན་པོའི་བཀའ་འགྱུར་རོ་ཅོག་གི་སྐོར་ནི། གསེར་འོད་ལས། བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་ཡུལ་སྐྱོང་ཞིང་རྟག་པ་བདེ་བའི་ལོངས་སྤྱོད་མྱོང་བར་འཚལ་བ་དང་། སྐྱེ་བོ་མང་པོ་རྣམས་བདེ་བ་ལ་དགོད་པར་འཚལ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཀུམས་ནས་རང་གི་ཡུལ་ཁམས་གཏན་དུ་རྒྱས་ཤིང་དར་བར་འཚལ་བ་དང་། ཡང་དག་པའི་བསྟན་པ་འཇིག་རྟེན་དུ་གནས་ནས་སྡུག་བསྔལ་གྱིས་གནོད་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཉེ་བར་ཞི་བར་འཚལ་ན་བཅོམ་ལྡན་འདས་ཡུལ་གྱི་བདག་པོ་དེ་དག་གིས་གདོན་མི་འཚལ་བར་མདོ་སྡེའི་རྒྱལ་པོ་དམ་


GLG004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་མཉན་ནས་ཡོངས་སུ་བཟུང་བར་བགྱི་ཞིང་མདོ་སྡེ་འདི་ཀློག་པ་དང་། གདོན་པ་དང་། ལེན་པ་དང་། འཛིན་པ་དག་ལའང་བསྙེན་བཀུར་བ་དང་། རིམ་གྲོ་དང་མཆོད་པར་བགྱིད་ན་བདག་ཅག་དུས་ཚད་མ་མཆིས་པའི་ལྷའི་འཁོར་གཞན་རྣམས་ཆོས་མཉན་པའི་དགེ་བའི་བྱིན་རླབས་ཀྱི་མཐུས་བླ་ན་མ་མཆིས་པའི་བདུད་རྩིའི་ཆོས་ཀྱི་རོ་མྱོང་བར་འགྱུར་བས། བདག་ཅག་འཁོར་དང་བཅས་པ་སྨན་པར་འགྱུར་ཞིང་ལྷ་གཞན་རྣམས་ཀྱང་སྨན་ཡོན་མཆོག་ཐོབ་པ་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མིའི་རྒྱལ་པོ་དེས་སེམས་རྩེ་གཅིག་ཏུ་མདོ་སྡེ་འདི་མཉན་ནས་ཡོངས་སུ་འདུད་པའི་སླད་དུའོ། །ཞེས་དང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་འདོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་འཆད་པར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པ་འགྱུར་རོ། །ཞེས་པ་ལྟར་སྟོན་པ་ཐུགས་རྗེའི་བདག་ཉིད་ཅན་གྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་ལ། དེ་ལྟ་བུའི་གསུང་རབ་ནི་ལྷ་ཀླུ་མི་དང་དྲི་ཟ་ལ་སོགས་རིས་མེད་པའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་བ་ལ་བརྟེན་ནས་དབང་པོར་འཚམ་པའི་དྲང་ངེས་ཀྱི་ཆོས་སོ་སོའི་སྐད་དང་མཐུན་པར་


GLG004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་བའི་ཚད་ནི་ནམ་མཁའི་ཕ་མཐའ་བཞིན་རྟོགས་པར་དཀའ་བས་ཉན་རང་གི་སློབ་མི་སློབ་ཀྱི་འཕགས་པ་རྣམས་དང་སྲིད་པ་རྒྱུན་གྱི་མཐའ་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འདི་ཙམ་མོ་ཞེས་གསུངས་བར་མ་ནུས་ན་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལྟ་ག་ལ་ཞིག །འོན་ཏེ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་ཡུལ་དབུས་འགྱུར་འཆང་སོགས་སུ་འཕགས་པ་དགྲ་བཅོམ་རྣམས་ཀྱི་བཀའ་བསྡུ་བ་རིམ་པ་གསུམ་དང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། མངོན་པར་རྟོགས་པའི་ས་ལམ་མཐོན་པོར་གཤེགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་སྐྱེས་ཆེན་དུ་མས་འཐོར་བ་སྡུད་པ་དང་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་ཐོས་བསམ་སྒོམ་པའི་ཆུ་བོ་གཅིག་ཏུ་འཁྱིལ་བའི་མ་དྲོས་པའི་མཚོ་ཆེན་པོ་ལས་བྱང་ཕྱོགས་གངས་རིའི་ར་བས་བསྐོར་བའི་སྨན་ལྗོངས་འདིར་མདོ་རྒྱུད་ཆུ་ཀླུང་ཉེ་བར་བབས་པའི་ཐོག་མ་ཕོ་བྲང་ཡོམ་བུ་གླ་སྒང་གི་ཡང་ཐོག་ཏུ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལྷ་ཐོ་ཐོ་རི་བཞུགས་པའི་ཕྱག་ཏུ་ཉི་ཟེར་དང་ལྷན་ཅིག་པར་གསེར་ཤོག་ལ་བཻཌཱུཪྻས་བྲིས་པའི་དཔང་སྐོང་ཕྱག་རྒྱ་པ། མདོ་སྡེ་ཟ་མ་ཏོག་བབས་པས་བསྟན་པའི་དབུ་བརྙེས། ལག་ན་པདྨ་མའི་གཟུགས་ཅན་སྲོང་བཙན་སྒམ་པོའི་དུས་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཐུ་མི་སཾ་བྷོ་ཊས་རིན་པོ་ཆེ་ཏོག་གི་གཟུངས། ཤེར་ཕྱིན་འབུམ་པ། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བསྒྱུར་བ་སོགས་བསྟན་པའི་སྲོལ་བཏོད། འཇམ་དཔལ་རྡོ་རྗེའི་སྤྲུལ་པ་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་སློབ་གཉིས་དང་བཻ་རོ་ཙཱ་ན་སོགས་ལོ་པཎ་མང་པོ་དབུའི་བླ་མཆོད་དུ་བཀུར་ཏེ་ཐེག་པ་ཆེ་ཆུང་གི་བཀའ་དགོངས་འགྲེལ་མཐའ་ཀླས་པ་བསྒྱུར་


GLG004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟན་པ་དར་རྒྱས་སུ་མཛད། སད་ན་ལེགས་མཇིང་ཡོན་གྱི་དུས་བནྡེ་དཔལ་བརྩེགས། ཆོས་ཀྱི་སྙིང་པོ། དེ་ཝནྡྷེ། དཔལ་གྱི་ལྷུན་པོ་སོགས་ཀྱིས་ཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ་ཤློ་ཀ་བམ་གྲངས་ཐེམས་བྱང་བཀོད་པར་དཀར་ཆག་ཕང་ཐང་མ་ཞེས་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་ཞིང་། དེ་རྗེས་བནྡེ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོ་སྲུངས་སོགས་ཀྱིས་སྟོང་ཐང་ལྡན་དཀར་ན་བཞུགས་པའི་གསུང་རབ་རྣམས་བསྒྲིགས་ནས་དཀར་ཆག་ལྡན་དཀར་མ་མཛད། སྔོན་ལྷ་སྲས་ཡབ་མེས་ཀྱི་རིང་ལ་ལོ་པཎ་རྣམས་ཀྱིས་ཆོས་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་འགའ་ཞིག་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་རྣམས་བཙན་པོ་ཁྲི་ལྡེ་སྲོང་བཙན་འོན་ལྗང་རྡོ་ན་བཞུགས་པའི་དུས་ཉི་འོག་གི་མཁན་པོ་ཨཱ་ཙཪྻ་ཛི་ན་མི་ཏྲ། སུ་རེནྡྲ་བོདྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ། དྷརྨ་ཏཱ་ཤཱི་ལ། ལོ་ཙཱ་བ་ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲཱི་ཝརྨ། ནཱ་ལེནྡ་རཏྣེནྡྲ་ཤཾ་ལ་སོགས་ལོ་པཎ་རྣམས་ལ་རྒྱལ་པོས་དཔྱད་པ་གྱིས་ཤིག་པར་བཀའ་གནང་སྟེ་འགྱུར་རྙིང་མིང་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་གཞན་པའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་བ་སུ་བནྡྷྱ་སོགས་ཀྱིས་ཇི་ལྟར་བཤད་པ་དང་བྱཱ་ཀ་ར་ཎའི་ལུགས་དང་ཡང་བསྟུན་ཏེ་འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་


GLG004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་པ་བཤད་མི་འཚལ་བ་སྒྲ་ཇི་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས་ལོ་པཎ་རྣམས་ཀྱིས་རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་སྐད་གསར་བཅད་ཆེ་འབྲིང་ཆུང་གསུམ་གྱིས་གཏན་ལ་ལེགས་པར་ཕབ། སྔར་མ་འགྱུར་བ་མང་པོ་གསར་དུ་བསྒྱུར། བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཇོ་བོ་ཆེན་པོ་མར་མེ་མཛད། ཁ་ཆེ་པཎ་ཆེན་བསོད་ནམས་པ་ཤཱཀྱ་ཤྲཱི་སོགས་འཕགས་ཡུལ་གྱི་པཎྜི་ཏ་དུ་མ་དང་། ལོ་ཆེན་རིན་བཟང་དང་འབྲོག་མི་སོགས་འཇིག་རྟེན་གྱི་མིག་གཅིག་པུ་མང་དུ་བྱོན་ཏེ་མདོ་རྒྱུད་ཀྱི་བཀའ་བསྟན་བཅོས་མཐའ་ཀླས་པ་བསྒྱུར་ཞིང་། བཅོམ་ལྡན་རལ་གྲིའི་སློབ་མ་འཇམ་དགག་པ་ཤིས་རྒྱ་ནག་ནས་བཀའ་འགྱུར་རོ་ཅོག་བཞེངས་པའི་ཆ་རྐྱེན་དུ་དངོས་པོ་མང་དུ་བསྐུར་བ་ལ་བརྟེན་ནས་འདུལ་བ་ལུང་གི་མ་དཔེ་སྔོན་མཆིམས་ནམ་མཁའ་གྲགས་ཀྱིས་བཞེངས་པ་དང་། མདོ་སྡེའི་སྐོར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཐུགས་དམ་ལྷ་མིའི་རྒྱན་མཆོག །གཙང་ཆུ་མིག་རིང་མོའི་མདོ་མང་འདར་ཕྱར་བས། གྲུ་སྤངས་རྩའི་ཐུགས་དམ་འཛམ་གླིང་རྒྱན། ཞ་ལུ་གསེར་ཁང་གི་མདོ་མང་མཆིམས་ཀྱི་ཐུགས་དམ་གསེར་གཞུང་མ། ཕྱུགས་རྒྱལ་མ། དགོན་གསར་མ་ལེ་ཚན། སྤུན་གསུམ་གཙུག་ལག་ཁང་ན་བཞུགས་པའི་མདོ་མང་སོགས་གུང་བསྒྲིགས། ཤེར་ཕྱོགས་རྒྱུད་འབུམ་དང་བཅས་པ་དབུས་པ་བློ་གསལ་སངས་རྒྱས་འབུམ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་མཁས་པ་མང་པོས་སྒོ་བསྟུན་ཏེ་གོ་


GLG004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་འཁྲུལ་པ་མེད་པར་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས། མཁས་པ་ཆེན་པོ་བཅོམ་ལྡན་རལ་གྲི་དཀར་ཆག་ཉི་མའི་འོད་ཟེར་མཛད། མ་ཕྱི་དེ་ཉིད་ལས་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་སི་ཏུ་ཐམས་ཅད་མཁྱེན་པར་གྲགས་པས་ཐམས་ཅད་མཁྱེན་པ་བུ་སྟོན་ཚལ་དུ་བཀའ་འགྱུར་གྱི་རབ་གནས་ལ་གདན་དྲངས་དུས་ཚལ་པ་དབོན་པོའི་ཁ་ཡ་བྱེད་དགོས་ཡོད་ཅེས་དཔེ་མང་པོ་བསྣམས་ནས་ལམ་དུ་གཟིགས་སྐད་དོ། །ཀྱིས་སྐྱིད་ཤོད་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞེངས་པས་ཚལ་བ་བཀའ་འགྱུར་ཞེས་གྲགས་ཆེ། བཀའ་འགྱུར་སྔོན་མ་རྣམས་ཀྱི་རྒྱུད་འབུམ་དུ་གསང་འདུས་གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་པ་སོགས་རྒྱུད་བརྫུས་མ་ཁ་ཡར་དང་། མདོ་མང་ནས་ཀྱང་དོགས་པའི་གནས་སུ་གྱུར་པ་རྣམས་ཕྱིར་དབྱུང་། གསང་སྔགས་སྔ་འགྱུར་གྱི་རྒྱུད་རྣམས་སླར་ཞུས་དག་ཅིག་མཛད་བཞེས་ཀྱིས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ་ཤིན་ཏུ་ཁ་གཙང་བ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་དཀར་ཆག་ཏུ་བཏབ་ནས་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས། དེ་ནས་རིམ་གྱིས་མཆེད་པ་རྣམས་ལ་ཐེམ་སྤང་མར་གྲགས་པ། དམ་པ་རྣམས་ཀྱིས་བསྟན་པ་ལ་བྱ་བ་ལེགས་པར་མཛད་པའི་ཕྱག་གི་རི་མོ་ལུས་ཅན་བསོད་ནམས་ཀྱི་མེ་ལོང་དུ་ཤར་བའི་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སུ་བཀའ་འགྱུར་རོ་ཅོག་གི་གླེགས་བམ་མང་པོར་འཕེལ་བ། དེའང་ཤེར་ཕྱིན་དང་མདོ་སྡེ་རིན་པོ་ཆེ་དུ་མ་ལས། དམ་པའི་ཆོས་ཀྱི་ཚུལ་འདི་ཉིད་གཟུང་བར་བྱ། བཅང་བར་བྱ། ལུང་འབོགས་པར་བྱ། ལུང་ནོད་པར་བྱ། ཁ་ཏོན་དུ་བྱ། ཀུན་ཏུ་ཆུབ་པར་བྱ་ཞེས་ལན་གྲངས་མང་པོར་རྒྱ་ཆེར་བཀའ་སྩལ་བ་ལྟར་རི་མོར་འདྲི་བ་ལས་ཀྱང་ཐོས་བསམ་སྒོམ་གསུམ་


GLG004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་ནི་མཆོག་ཏུ་བསྔགས་ཤིང་། དེ་ལ་དགོངས་ནས་སྔོན་བྱོན་དམ་པ་དུ་མས་འབད་པ་ཆེན་པོས་ཉེ་བར་བཙལ་བའི་ལུང་གི་རྒྱུན་རྒྱུད་སྐོར་ཙམ་མ་གཏོགས་རིམ་གྱིས་ཇེ་ཕྲར་གྱུར་པའི་ཚེ་མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔའ་བཟང་པོས་རིན་པོ་ཆེ་བཀའ་འགྱུར་བ་ལ་གསན་ནས་འབུམ་རམ་པ་ཁུ་དབོན་སོགས་ལ་གནང་བའི་རྒྱུན་བཟང་པོ་ལས་མདོ་མང་ཤེར་ཕྱོགས་གཞན་དུ་ཆེར་མ་འཕེལ་བའི་དགས་བརྒྱུད་ཕྱོགས་ཀྱི་བླ་མ་འགའ་ཞིག་ལ་བརྒྱུད་དགོས་ཟེར་བ་ཐོས་པས་ཕྱོགས་དེར་དབང་ལུང་མཐའ་དག་ལ་ཐུགས་རྟོག་ཤིན་ཏུ་རྩིང་ཞིང་བཀླགས་ལུང་མཐར་ཆགས་སུ་མི་ལྕོགས་པར་གླེགས་བམ་གྱི་སྟོད་སྨད་བར་གསུམ་ཤོག་བུ་རེ་ཙམ་སྒྲོགས་ཏེ་ཐོག་མཐའ་བར་གསུམ་མ། ཤོག་བུ་སུམ་ཅུ་བཞི་བཅུ་ཇི་ལྟར་འོས་པ་བསྒྱུར་མཚམས་ནས་ཤོག་བུ་རེ་ཙམ་ཀློག་པའི་འཐོར་ཀློག་དང་། ཤོག་ལོགས་རེ་རེ་བཞིན་གྱི་དཀྱིལ་ནས་འཕྲེང་རེ་བསྒྲགས་པའི་དབའ་བཤུར་མ་དང་། སྟོད་སྨད་ཀྱི་འཕྲེང་རེ་ཙམ་ཀློག་པའི་ལྕགས་རི་མ་སོགས་མཛད་རྒྱུན་རྣམ་གྲངས་མང་བའི་སྟེང་ཀོང་པོ་གཏེར་སྟོན་འཇའ་ཚོན་སྙིང་པོ་དང་སྒམ་པོ་སྤྲུལ་སྐུ་ནོར་བུ་རྒྱན་པ་གཉིས་ཀྱིས་སྲོལ་གསར་དུ་བཏོད་པའི་ཐོབ་ཡིག་གི་ལུང་གནང་བས་དེར་གསལ་གྱི་དབང་ལུང་མཐའ་དག་ཐོབ་པ་དང་། དཔེ་ཁང་དུ་ཁྲིད་ནས་སྨོན་ལམ་མཛད་པས་དེར་བཞུགས་སོ་ཅོག་གི་ལུང་ཐོབ་པ་དང་། དཔོན་སློབ་ངོས་ཀྱིས་མ་མཇལ་བར་དགོངས་པ་གཏད་པ་ལས་བྱུང་བའི་དབང་ལུང་དགོངས་གཏད་མ་སོགས་ལའང་དགས་བརྒྱུད་རྣམས་བཞེས་པ་ཆེ་བའི་སྟབས་བར་སྐབས་སུ་ལུང་རྒྱུན་ཚད་ལྡན་རང་ཞིག་མེད་འདྲ་བས་ངོར་ནས་བརྒྱུད་པའི་རྒྱུད་འབུམ་དང་གོང་
དཀར་ནས་བརྒྱུད་པའི་འདུལ་བ་ལུང་ཙམ་ཞུ་འདུན་ལས་གཞན་རྣམས་ཉན་ཡང་ཆོས་ཀྱི་སྒྲ་རྣ་བར་ཐོས་པའི་ཕན་ཡོན་ཙམ་ལས་དགོས་པ་ལྷག་པོ་མེད་ཅིང་ཕན་ཚུན་ཐམས་ཅད་ངལ་བའི་འབྲས་བུར་ཟད་དམ་སྙམ་བཏང་སྙོམས་དུ་འཇོག་པར་གཞོལ་བའི་ཚེ་ལྷོ་བྲག་སྤྲུལ་སྐུ་ཆོས་རྒྱལ་དོན་གྲུབ། ཞྭ་དམར་དཀོན་ཅོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ་གསུམ་ཐུགས་སྒམ་ཞིང་ལུང་རྣམས་ཀྱང་མཐར་ཆགས་སུ་ངེས་པར་མཛད་པའི་ངེས་ཤེས་ཀྱི་ལོ་རྒྱུས་ཐོས་པས་རྒྱལ་ཚབ་གྲགས་དོན་པར་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ་ཀྱིས་ཞུས་ངེས་དང་། དེ་དག་དྷཱི་ཚ་སྤྲུལ་སྐུ་གཉིས་ཀྱིས་ཤེར་ཕྱོགས་དང་མདོ་མང་སྐོར་མཁས་གྲུབ་ལོ་མཆོག་རྡོ་རྗེ་ལ་ཚིག་ཙམ་ཡང་མ་ལུས་པར་གནང་བ་ནས་ལུང་རྒྱུན་མཚན་ཉིད་པ་ཡོད་པར་ངེས་པ་རྙེད་པས་ཡིད་དྲངས་ཏེ་འདིར་སྣང་གི་རྣམ་གཡེང་བན་བུན་རྣམས་ཀྱི་རྗེས་སུ་མ་འབྲངས་པར་འབད་པ་ཆེན་པོས་ཞུས་པ་ལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་བྱུང་བ་འདུལ་བ་ལུང་། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས། མཐའ་མ་ལེགས་པར་ཕྱེ་བའི་འཁོར་ལས་བྱུང་བ་དཀོན་བརྩེགས་དང་ཕལ་ཆེན། འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་སྒྲིགས་པ་མདོ་མང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་སོན་པ་རྒྱུད་འབུམ་དང་ལྔ།


previousགཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གར་དབང་འགྱུར་མེད་རྩལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next