Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནང་ཚན་ཆོས་མངོན་པའི་རྣམ་བཞག་དང་འདུལ་བ་ལུང་སྡེ་བཞིའི་སྐོར།
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousབཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནང་ཚན་ཆོས་མངོན་པའི་རྣམ་བཞག་དང་འདུལ་བ་ལུང་སྡེ་བཞིའི་སྐོར།next

བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནང་ཚན་ཆོས་མངོན་པའི་རྣམ་བཞག་དང་འདུལ་བ་ལུང་སྡེ་བཞིའི་སྐོར།


GLG004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ཟེར་བའི་ལོ་རྒྱུས་དང་མཚུངས་པ་ལུང་ཞུ་བའི་འགྲེལ་པར་བྲམ་ཟེའི་རྒྱལ་པོ་རྒྱལ་ཤེས་ཀྱིས་མཆོད་རྟེན་བཤིག །དགེ་འདུན་གྱི་ཀུན་དགའ་ར་བ་དག་མེ་ལ་བསྲེགས། དགེ་སློང་མང་དུ་བསད། གླེགས་བམ་རྣམས་ཀྱང་ཞུགས་ཀྱི་ཕུང་པོར་སྦྱངས་པས་བསྟན་


GLG004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཕེལ་འགྲིབ་བྱུང་བར་བརྟེན། དགེ་སློང་རྣམས་ཀྱིས་ཡུལ་གཞན་དག་ནས་འདུལ་བའི་སྡེ་སྣོད་ཀྱི་གླེགས་བམ་མང་དུ་བསྡུས་ཀྱང་གཞུང་བླ་མའི་གླེགས་བམ་མ་རྙེད་པས་ནམ་ཞིག་ན་ཁ་ཆེའི་དགེ་སློང་ཞིག་གི་བློ་ནས་འདོན་པ་ཐོས་ཏེ་རྩད་བཅད་པས་དགེ་སློང་དེས་ཅུང་ཟད་གཅིག་ནི་དྲན་ཅུང་ཟད་གཅིག་ནི་མི་དྲན་ནོ་ཞེས་སྨྲས་པ་ན་དྲན་པ་བཞིན་དུ་འདོན་དུ་བཅུག་ནས་དགེ་སློང་རྣམས་ཀྱིས་གཞུང་བླ་མ་ཡི་གེར་བཀོད། སླར་རྣམ་པ་དཔྱད་པར་བྱའོ་སྙམ་པའི་ངང་ནས་གཡེང་བས་ལུས་པ་ཡུལ་མང་པོར་འཕེལ་ཞིང་། དེ་ལ་མ་ཚང་བ་དང་མ་དག་པ་བྱུང་བས་བྲམ་ཟེའི་བཙུན་པ་ཡོན་ཏན་འོད་ཀྱི་འདུལ་བའི་རྣམ་བཤད་ཀྱི་ཞུ་བ་ལས་འདི་སྐད་བྱུང་ངོ་ཞེས་དོགས་གནས་སུ་ཡང་ཡང་བཀོད་ཅིང་། དེའི་ཕྱིར་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པས་ཁ་ཆེ་བ་ཞེས་བྱ་སྟེ་ཞེས་འབྱུང་བས་ཞི་བ་རྫོགས་པ་དང་བཅས་པའི་གཞུང་དམ་པ་ནི་ཡང་དག་པར་བསྡུས་པའི་བཞི་པོ་ཉམས་པས་མ་དག་ཅིང་། སྔར་གསུང་རབ་རྣམས་མེར་བསྲེགས་པའི་དུས་ཐལ་བའི་ཁྲོད་ནས་རྙེད་པར་གྲགས་པའི་དང་པོའི་གཞུང་མ་ཉམས་པ་ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བ་འཕགས་པའི་གནས་བརྟན་ཆེན་པོ་རྣམས་དང་སྡེ་སྣོད་འཛིན་པའི་མཁས་པ་མང་པོས་དབུས་འགྱུར་འཆང་དུ་གཏོགས་པའི་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བསྡུས་པའི་ལུང་ཞུ་བ་མ་རྫོགས་པ་འདི་དག་པ་ཡིན་ལ། དེའང་གངས་རིའི་ལྗོངས་སུ་འགྱུར་རོ་ཅོག་གི་ལུང་སྡེ་བཞིའི་བཞུགས་ཚུལ་ལ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་དག་གིས་ཕའི་སོ་ཐར་མདོའི་ཚིག་གི་འགྲེལ་བ་ཕའི་རྣམ་འབྱེད་ཡིན་པས་དང་པོར་ཕའི་སོ་ཐར་དང་རྣམ་འབྱེད། དེ་


GLG004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མའི་སོ་ཐར་དང་རྣམ་འབྱེད། དེ་ནས་སོ་ཐར་མདོའི་དོན་གྱི་འགྲེལ་པ་ལུང་གཞི། དེ་གཉིས་ཀྱི་ཁ་སྐོང་བ་ཕྲན་ཚེགས། དེ་དག་གི་དོན་ཞུས་ལན་གྱིས་གཏན་ལ་འབེབས་པ་ལུང་ཞུ་བའམ་གཞུང་བླ་མར་མཛད་ནས་རྒྱལ་རྩེ་ཐེམ་སྤངས་མ་སོགས་གོ་རིམ་དེ་ལྟར་ཡོད། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ཏུ་རྩ་བའི་ལུང་དགེ་སློང་ཕ་མའི་སོ་ཐར་གཉིས། དེ་ནས་ལུང་སྡེ་བཞིའི་དང་པོ་ལུང་གཞི། གཉིས་པ་ལུང་རྣམ་འབྱེད། གསུམ་པ་བླ་མ་འམ་དམ་པ། བཞི་པ་ཕྲན་ཚེགས་ཀྱི་གོ་རིམ་དུ་མཛད། ཚལ་པའི་བཀའ་འགྱུར་དུ་སྔོན་གྱི་སྐ་ཅོག་སོགས་ཀྱི་བཞེད་པ་དཀར་ཆག་ཕང་ཐང་མ་སོགས་ལས་བྱུང་བ་ལྟར་དང་པོ་ལུང་གཞི། གཉིས་པ་སོ་ཐར་གྱི་མདོ་དང་རྣམ་འབྱེད། གསུམ་པ་ཕྲན་ཚེགས། བཞི་པ་གཞུང་བླ་མའམ་ཞུ་བར་མཛད་པའི་ལུགས་གསུམ་ག་ཁུངས་ཤིན་ཏུ་བཙུན་པར་འདུག་པས་གང་གི་རྗེས་སུ་འབྲངས་ཀྱང་ཁྱད་པར་མི་འདུག་ནའང་། ཚལ་པ་བཀའ་འགྱུར་གྱི་སྟེང་ནས་ལུང་ནོས་པ་དང་མཁས་གྲུབ་སྨན་ལུང་པའི་གསན་ཡིག་ཀྱང་དེ་ཁོ་ན་ལྟར་མཛད་པ་ནས་དེའི་རྗེས་སུ་འབྲངས་ཏེ་བཀོད་པ་ལ། འདུལ་བ་གཞི་ཤློ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བམ་པོ་བརྒྱ་དང་དགུ་བཞུགས་པའི་གླེགས་བམ་ཀ་པ་ལ་རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གནས་ཀྱི་གཞི། ཀོ་ལྤགས་ཀྱི་གཞིའི་སྟོད་རྣམས། ཁ་པ་ལ་ཀོ་ལྤགས་ཀྱི་གཞིའི་སྨད་ཆ་དང་སྨན་གྱི་གཞིའི་སྟོད་ཆ། ག་པ་ལ་སྨན་གྱི་གཞིའི་སྨད་ཆ། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤམྦྷིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་


GLG004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི། དབྱེན་གྱི་གཞིའི་སྟོད་ཆ་དང་བཅས་པ་རྣམས། ང་པ་ལ་དབྱེན་གྱི་གཞིའི་འཇུག་སྟེ་གཞི་བཅུ་བདུན་རྣམས་པཎྜི་ཏ་སརྦ་ཛྙཱ་དེ་ཝ། པོ་ཏིའི་ནང་དུ་འགྱུར་བྱང་མི་འདུག་ཀྱང་ཆོས་འབྱུང་དང་གསན་ཡིག་མཐུན་པར་བྱུང་ཞེས་རྡོ་རྗེ་གདན་པའི་གསན་ཡིག་ན་སྣང་བ་ཕྱག་དཔེ་དེ་གར་མེད་འདྲ་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་ནའང་འདུག །བིདྱཱ་ཀ་ར་པྲ་བྷ། དྷརྨྨ་ཀ་ར། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ་རྣམས་ཀྱི་བསྒྱུར་ཅིང་། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཅ་པ་ལ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ཏེ་སྟོན་པ་ཕའི་སོ་སོ་ཐར་པའི་མདོ་ཤློ་ཀ་བདུན་བརྒྱ་བམ་པོ་གཉིས་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་རྒྱ་ཆེར་སྟོན་པ་ཕའི་རྣམ་འབྱེད་ཤློ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་གོང་དཀར་བའི་གསན་ཡིག་ན་འདི་ལྟར་སྣང་ཞིང་དཔེ་ལ་ལར་ཉི་ཁྲི་ལྔ་སྟོང་ཞེས་འདུག་པ་དཔྱད། པ་ལས་མི་གཙང་སྤྱོད་སོགས་ཕམ་པ་བཞི། ཁུ་བ་འབྱིན་པ་སོགས་ལྷག་མ་བཅུ་གསུམ་གྱི་བཅུ་པ་དབྱེན་བྱེད་པའི་སྟོད་ཆ་ཡན། ཆ་པ་ལ་བཅུ་པའི་སྨད་ཆ་མན། མ་ངེས་པའི་ཆོས་གཉིས། འཆང་པའི་སྤང་ལྟུང་སོགས་སྤང་ལྟུང་སུམ་ཅུ། རྫུན་བྱེད་པའི་ལྟུང་བྱེད་སོགས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་བཅུ་གཅིག་པ་སྐྱེ་བ་འཇིག་པ་ཡན། ཇ་པ་ལ་བཅུ་གཉིས་པ་འཆའ་བའི་ལྟུང་བྱེད་ནས་བདུན་ཅུ་རྩ་གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་ཡན། ཉ་པ་ལ་བདུན་ཅུ་རྩ་གསུམ་པ་ས་བརྐོ་བའི་ལྟུང་བྱེད་མན་སོ་སོར་བཤགས་པར་བྱ་བ་བཞི། ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པ་ནས་བཟུང་ཤིང་ལ་མི་གང་ཙམ་ལས་མཐོ་


GLG004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འཛེག་པར་བསླབ་པའི་བསླབ་པའི་ཆོས་མང་པོ་རྣམས་དང་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་རྣམས་སྒྱུར་བྱེད་ཀྱི་ལོ་པཎ་གོང་དང་འདྲ་བ། ཏ་པ་ལ་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་སོ་སོ་ཐར་པ་ཤློ་ཀ་བརྒྱད་ཚལ་པ་བཀའ་འགྱུར་དཀར་ཆག་ན་ཤློ་ཀ་ཉིས་བརྒྱ་ཞེས་སྣང་བ་བརྟག །བརྒྱ་བམ་པོ་གཉིས་པ་སྒྱུར་བྱེད་ཀྱི་ལོ་པཎ་གོང་དང་འདྲ་བ། དེ་རྒྱས་པར་སྟོན་པ་མའི་རྣལ་འབྱེད་ཤློ་ཀ་བརྒྱད་རྡོ་རྗེ་གདན་པའི་གསན་ཡིག་ན་བམ་པོ་དྲུག་ཡན་བཞུགས་གསུང་པ་བརྒྱུད་པ་དེ་ལ་དྲུག་མན་གྱི་ལུང་མ་བྱུང་བ་འདྲ་ཞིང་བག་སྟོན་པ་དང་དམར་སྟོན་པའི་བརྒྱུད་ལུགས་འདི་ལ་ཉི་ཤུ་རྩ་བརྒྱད་ཚང་མར་ལུང་མཛད་སྲོལ་ཡོད་པར་བརྟེན་རིན་པོ་ཆེ་སྨན་ལུང་ནས་ཀྱི་གསན་ཡིག་ཏུའང་ཉེར་བརྒྱད་རང་ཡོད་དོ། །སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ་པཎྜི་ཏ་སརྦ་ཛྙཱ་དེ་ཝ། དྷརྨྨ་ཀ་ར། བིདྱཱ་ཀ་ར་པྲ་བྷ། ལོ་ཙཱ་བ་དཔལ་གྱི་ལྷུན་པོ་རྣམས་ཀྱིས་བསྒྱུར་ཅིང་སླད་ཀྱི་བིདྱཱ་ཀ་ར་དང་དཔག་བརྩེགས་ཀྱིས་གཏན་ལ་ཕབ་པ། ཐ་པ་ལ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ་ཤློ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་བམ་པོ་ལྔ་བཅུ་རྩ་དགུའི་བམ་པོ་ཉེར་བདུན་པ་ཡན། ད་པ་ལ་བམ་པོ་ཉེར་བརྒྱད་ནས་ལྔ་བཅུ་རྩ་དགུའི་བར་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ། དྷརྨྨ་ཤྲཱི་པྲ་བྷ། ལོ་ཙཱ་བ་བནྡེ་དཔལ་འབྱོར་གྱིས་བསྒྱུར་པ། ན་པ་ལ་གཞུང་བླ་མའི་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་བམ་པོ་བཅུ་གཉིས། ཞུ་བ་རྫོགས་པ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་བམ་པོ་ལྔ་བཅུ་རྩ་གསུམ་གྱི་ཉི་ཤུ་རྩ་གཉིས་པ་ཡན། པ་པ་ལ་དེའི་འཕྲོས་བམ་པོ་ཉེར་གསུམ་ནས་ལྔ་བཅུ་རྩ་གསུམ་པའི་བར། ཞུ་བ་གཉིས་པོ་འདི་ལ་ཚལ་པ་བཀའ་འགྱུར་དུ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་བསྒྱུར་མོད་ཀྱི་ཞེས་པ་ཙམ་ལ་སྒྱུར་བྱེད་ཀྱི་ལོཔཎ་གསལ་བ་མ་བྱུང་། བླ་མ་གཉིས་


GLG004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པར་ཤློ་ཀ་ཆིག་ཁྲི་དགུ་སྟོང་ལྔ་བརྒྱ། སོ་ཐར་གཉིས། བླ་མ་མ་ཚང་བ་གསུམ་མ་གཏོགས་ཀུན་དྲིལ་བར་ཤློ་ཀ་དགུ་ཁྲི་དགུ་སྟོང་བདུན་བརྒྱ། རྣམ་འབྱེད་ཡན་ཆད་ཤློ་ཀ་ཕྱེད་དང་བཞི་བརྒྱ་དང་རྣམ་འབྱེད་ནས་བཟུང་བཞི་བརྒྱ་རེ་ལ་བམ་པོར་མཛད་དོ། །གཞུང་བླ་མ་མ་རྫོགས་པ་མ་གཏོགས་པའི་ཁྱོན་བསྡོམས་ཤློ་ཀ་ཆིག་འབུམ་ཆིག་སྟོང་ཉིས་བརྒྱ། བླ་མ་མ་རྫོགས་པའང་བསྣན་པར་བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་བམ་པོ་གཅིག་གི་སུམ་ཆ་གཅིག་ཤློ་ཀ་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱའི་ཚད་དུ་ཡོད་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སཾམྱཀྶཾ་བུདྡྷཿ ཡང་དག་པ་རྫོགས་པའི་སངས་རྒྱས། མ་ཧཱ་ཀཱ་ཤེཿ འོད་སྲུངས་ཆེན་པོ། དགྲ་བཅོམ་པ་བདུན་ནི། ཨཱ་ནནྡཿ ཀུན་དགའ་བོ། ཤ་ན་བསྟྲཾ་བཾ། ཤ་ནའི་གོས་ཅན། ཨུ་པ་གུཔྟ། ཉེར་སྦས། བྷ་ཝཱ་ནནྡཿ སྲིད་དགའ། རྡོ་རྗེ་གདན་པའི་གསན་ཡིག་ན་དྷི་དྷི་ཀ་ཞེས་མཆན་སྣང་ཞིང་བྷ་ཤཱ་ཟེར་བ་འདུག་གོ །མེ་ཙ་ཀཿ ནག་པོ་པ། པཱུརྞཿ གང་པོ། ཨཱ་ཙཪྻ་ཨ་ཤྭ་གྷོ་ཥཿ སློབ་དཔོན་རྟ་དབྱངས། རྒྱ་གར་དབུས་ཀྱི་པཎྜི་ཏ་བདུན་ནི། ཀུ་མཱ་ར་ལ་ལཱི་ཏཿ གཞོན་ནུ་རོལ་པ། ཤྲཱི་མ་ཏིཿ ཆོས་རྗེ་དཔའ་བོའི་གསན་ཡིག་ན་ཤྲཱི་ལ་ལཱི་ཏ་ཞེས་སྣང་བ་འདྲའོ། །བློ་གྲོས་དཔལ། ཧ་རི་བྷ་དྲ། འཕྲོག་བྱེད་བཟང་པོ། སེང་གེ་བཟང་པོར་དོན་གྱིས་བསྒྱུར་ཀྱང་རུང་། ཤུ་ར་བཿ དཔའ་བོ། བ་སུ་མི་ཏྲཿ ནོར་བཤེས། དབྱིག་གཉེན་ཞེས་དོན་བསྒྱུར་ཀྱང་རུང་། བ་སུ་ལིཿ དབྱིག་ལེན། སཾ་གྷ་བྷ་དྲཿ དགེ་འདུན་བཟང་པོ། ཁ་ཆེའི་པཎྜི་ཏ་བརྒྱད་ནི། ཨཱི་ཤྭ་རཿ དབང་ཕྱུག །སྐནྡྷ་ལིཿ ཕུང་པོ་ལེན། སཾ་གྷ་བ་སུཿ དགེ་འདུན་ནོར། པཱུརྞ་མི་ཏྲཿ གང་བའི་བཤེས་གཉེན། དྷརྨྨ་དཏྟཿ ཆོས་སྦྱིན། བུདྡྷ་དེ་ཝཿ སངས་རྒྱས་ལྷ། དྷ་ར་དཏྟཿ འཛིན་སྦྱིན། པུཎྱ་སེ་ནཿ བསོད་ནམས་སྡེ། སཾ་གྷ་སེ་ནཿ དགེ་འདུན་སྡེ། པུ་ཎྱ་ནནྟཿ བསོད་ནམས་དགའ་བ། ཛྙཱ་ན་ཙནྡྲཿ ཡེ་ཤེས་ཟླ་བ། ཛྙཱ་ན་སོ་མཿ ཡེ་ཤེས་ཟླ་བ། ཨ་ཤོ་རཀྵི་ཏཿ མྱ་ངན་མེད་འཚོ། སརྦ་རཀྵི་ཏཿ ཐམས་ཅད་བསྲུངས།


GLG004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཀོ་ཥཿ ཆོས་ཀྱི་མཛོད། དྷརྨ་རཀྵི་ཏཿ ཡུ་གུར་གྱི་སློབ་དཔོན་ཉི་ཤུ་ནི། ཆོས་འཚོ། ཀ་ལྱཱ་ཎ་རཀྵི་ཏཿ དགེ་བ་འཚོ། པྲཛྙཱ་རཀྵི་ཏཿ ཤེས་རབ་འཚོ། ཤྲཱི་མརྒྒོ་པ་དེ་ཤཿ ལམ་ཉེ་བར་སྟོན་པའི་དཔལ། མོཀྵ་རཀྵི་ཏཿ ཐར་པ་འཚོ། ཀ་ལྱཱ་ཎ་རཀྵི་ཏཿ དགེ་ལེགས་འཚོ། གོང་དཀར་བའི་གསན་ཡིག་ན་འདི་ལྟར་བྱུང་ཞིང་དཔའ་བོའི་གསན་ཡིག་ན་ཀ་ལྱཱ་བྷ་དྲ་ཞེས་སྣང་བ་བརྟག །བི་ཛི་པྲ་བྷ་ཝཿ རྣམ་པར་རྒྱས་པའི་འོད། ཨ་མྲྀ་ཏ་ཝརྨཿ འཆི་མེད་གོ་ཆ། པྲ་བྷཱ་ཀ་ར་སེ་ནཿ འོད་ཀྱི་འབྱུང་གནས་སྡེ། ཁུ་པེན་གྱི་སློབ་དཔོན་བརྒྱད་ནི། དཔའ་བོའི་གསན་ཡིག་ན་བྷ་ཐུང་བྱས་ཏེ་འོད་བྱེད་དུ་བསྒྱུར་འདུག་གོ །ཨ་དིདྱ་སེ་ནཿ ཉི་མའི་སྡེ། མརྒྒོ་པ་དེ་ཤཿ ལམ་ཉེ་བར་སྟོན་པ། སཾ་གྷ་སེ་ནཿ དགེ་འདུན་སྡེ། ཤཱི་ལ་དཱ་སཿ ཚུལ་ཁྲིམས་འབངས། ཡ་ཤ་དཱ་སཿ སྙན་གྲགས་འབངས། བུདྡྷ་དཱ་སཿ སངས་རྒྱས་འབངས། ཤིཀྵ་བྷ་དྲཿ བསླབ་པ་བཟང་པོ། གུ་ཎ་སོ་མཿ ཡོན་ཏན་ཟླ་བ། ཨ་ཤོ་ཀ་མི་ཏྲཿ མྱ་ངན་མེད་པའི་བཤེས་གཉེན། ཤུཀླ་མི་ཏྲཿ དཀར་པོའི་བཤེས་གཉེན། ཤཱཀྱ་མི་ཏྲཿ ཤཱཀྱ་བཤེས་གཉེན། ཤཱི་ལ་མི་ཏྲཿ ཚུལ་ཁྲིམས་བཤེས་གཉེན། ཀ་ཡོལ་གྱི་སློབ་དཔོན་ཡིན། གཉེན་དབུས་པ་བློ་གསལ་སངས་རྒྱས་འབུམ། ས་གསུམ་གྱི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ཏུ་དབུས་པ་བློ་གསལ་ལ་འཕགས་པ་རིན་པོ་ཆེ་གསན་པའི་ཕྱག་ཕྱིར་དབུས་ཀྱི་དགའ་ལྡན་བདེ་བ་ཅན་པ་བཀྲ་ཤིས་དཔལ་གྱིས་གསན་ཚུལ་དང་འབྲི་གུང་དུ་བཞུགས་པའི་བཀའ་འགྱུར་དཀར་ཆག་བཤེས་གཉེན་རྒྱལ་མཚན་གྱིས་མཛད་པར་ལོ་རྒྱུས་དེ་ལྟར་གྲགས་པའི་བཀྲ་ཤིས་དཔལ་ལ་རིན་ཅེན་འོད་ཟེར་གྱིས་གསན་ཟེར་བ་སྣང་ཡང་བརྒྱུད་པ་གཞན་ན་འཕགས་པ་རིན་པོ་ཆེར་བཀྲ་ཤིས་དཔལ་གྱིས་གསན་ཟེར་བའང་འདུག་གོ །བླ་མ་རིན་ཅེན་འོད་ཟེར། མཁན་ཆེན་བཟོད་པ་དཔལ། དགའ་གཟུགས་པ། རྗེ་བསོད་ནམས་ཚུལ་ཁྲིམས། བྲ་བར་མཁན་ཆེན་ཤེས་རབ་


GLG004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། མཁན་ཆེན་བློ་གསལ་བ། དམར་སྟོན་དཔལ་ལྡན་རིན་ཅེན། དམར་སྟོན་རྒྱ་མཚོ་རིན་ཅེན། རྗེ་བསོད་ནམས་རིན་ཅེན། མཁན་ཆེན་འགྲོ་བཟང་སྙིང་པོ། འདུལ་འཛིན་དཔལ་ལྡན་རྒྱལ་མཚན། འབུམ་རམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །དཔའ་བོ་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། དྲུང་པ་གྲགས་པ་དོན་གྲུབ། སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ། སྔ་བཙུན་གྲུབ་པའི་རྡོ་རྗེ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་འདུལ་ལུང་སྔར་ནས་གསན་གྲུབ་པ་དང་བཅས་མདོ་མང་ཤེར་ཕྱོགས་ཀྱི་ལུང་འཚོལ་བར་རྗེ་སྨན་ལུང་པས་བྱོན་སྐབས་མ་གསན་འདུག་ཀྱང་རྗེས་སུ་སྡོམ་བརྩོན་བསོད་སྙོམས་པ་འདི་ལ་རོང་གི་ལུང་སྦུག་ཏུ་ཆེད་གཉེར་གྱིས་གསན་པར་སྣང་ངོ་། །མཁས་བཙུན་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་དབུས་པ་སངས་རྒྱས་འབུམ་ནས། ནེའུ་པཎ་ཆེན། བྲག་ཚབ་མཁན་པོ་གཞོན་ནུ་བསོད་ནམས། བྲག་ཚབ་སློབ་དཔོན་བསོད་ནམས་རྡོ་རྗེ། དམར་སྟོན་དཔལ་ལྡན་རིན་ཅེན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། བདེ་བ་ཅན་པ་བཀྲ་ཤིས་དཔལ། སྐྱོར་ལུང་མངོན་པ་བ་རིན་ཅེན་འོད་ཟེར། འདུལ་འཛིན་བསོད་ནམས་ཡེ་ཤེས། འདུལ་འཛིན་བསོད་ནམས་བཟང་པོ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས་དཔལ་བཟང་། རྗེ་འཇིགས་མེད་གྲགས་པ། བླ་མ་ནམ་མཁའ་རྒྱལ་མཚོ། མང་ཐོས་རྒྱལ་མཚན་བཟང་པོ། དྭགས་རམ་པ་ཆོས་རྒྱལ་བསྟན་པ། དཔའ་བོ་ཆོས་རྒྱལ་དོན་གྲུབ་མན་འདྲ། ཡང་ན་མངོན་པ་བ་རིན་ཅེན་འོད་ཟེར་ནས། སྐྱོར་ལུང་པ་འཕགས་པ་རྒྱལ་མཚན། ཉང་རོ་བ་དཀོན་ཅོག་སེང་གེ །བསོད་ནམས་ཡེ་ཤེས་མན་
གོང་བཞིན་ནོ། །གཞུང་བླ་མ་དང་སོ་ཐར་གྱི་མདོ་གཉིས་ཀྱི་བརྒྱུད་ལུགས་གཅིག་ནི། འདུལ་འཛིན་བསོད་ནམས་བཟང་པོ་ནས། བླ་མ་དཀོན་ཅོག་སེང་གེ །རྗེ་བསོད་ནམས་ཡེ་ཤེས། དེ་ལ་དཀའ་བཞི་པ་གྲགས་གཞོན་དང་བྱང་སེམས་པ་གཉིས་ཀས་གསན། གཉིས་ཀ་ལ་མཁན་བསོད་ནམས་བཟང་པོ། སློབ་དཔོན་དཔལ་ལྡན་བཟང་པོ། མཁན་ནམ་མཁའ་རྒྱལ་མཚན། སློབ་དཔོན་བསོད་ནམས་རིན་ཅེན། རྗེ་ནམ་མཁའ་རྒྱ་མཚོ། དྭགས་རམ་པ་ཆོས་རྒྱལ་བསྟན་པ་མན་འདྲ། །


previousབཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནང་ཚན་ཆོས་མངོན་པའི་རྣམ་བཞག་དང་འདུལ་བ་ལུང་སྡེ་བཞིའི་སྐོར།next